༄༅།།གཤེན་གྱི་རབས།
ད་ལོ་ནི་༧སྟོན་པ་གཤེན་རབ་འཁྲུངས་ནས་མི་ལོ་གཅིག་ཁྲི་བརྒྱད་སྟོན་ཉི་ཤུ་རྩ་བརྒྱད་འཁོར་བའི་ལོ་ཞིག་རེད། འདི་ནས་ཡར་རྩིས་པའི་ལོ་གཅིག་ཁྲི་བརྒྱད་སྟོང་གི་གོང་དེར། བོད་ཀྱི་བྱང་ནུབ་ཕྱོགས་སུ་རྒྱལ་ཁབ་ཧ་ཅང་གི་རྒྱ་ཆེ་བ་ཞིག་ཡོད། གནའ་སྔ་མོ་བོད་པ་རྣམས་ཀྱིས་བོད་ཀྱི་བྱང་ནུབ་ཀྱི་ཡུལ་གྲུ་དག་ལ་སྟག་གཟིག་ནོར་གྱི་ས་ཆ་ཞེས་ཟེར། སྟག་ཟིག་གི་ཡུལ་དུ་ཆེས་གྲགས་ཆེ་བའི་རྒྱལ་པོ་ཞིག་ཡོད་པ་ནི་དམུ་གཤེན་ཞེས་བྱ། གཤེན་གྱི་རྒྱལ་རྒྱུད་འགའ་ཞིག་སོང་བའི་རྗེས་སུ་རྒྱལ་བུ་ཞིག་ཡོད་པ་དེར་མཚན་རྒྱལ་བོན་ཐོད་དཀར་ཟེར། རྒྱལ་བོན་ཐོད་དཀར་དེ་ཉིད་གཉེན་སྒྲིག་བྱེད་པར་ཉེ་བའི་སྐབས་སུ། རང་གི་མངའ་འོག་ཡུལ་སྡེ་ཀུན་ལ་རྒྱལ་མོ་འཚོལ་བའི་བརྡ་ཆ་གཏོང་། ཉིན་ཞིག་སྒོར་ཁར་རྒད་པོ་མིག་གཡས་ཞར་བ་ཞིག་དང་། ཕོ་སར་རྐང་གཡོན་འཐེང་བ་གཉིས་ཀྱིས་རྒྱལ་པོ་མཇལ་དགོས་ཞེས་འཁོར་འབངས་ཚོར་འབོད་བརྡ་གཏོང་། འཁོར་གྱིས་རྒྱལ་པོ་ལ་ཞུས་པ་ལྟར་རྒྱལ་པོ་དང་གསང་ཁང་ཞིག་ཏུ་མཇལ། ཕ་བུའུ་གཉིས་ཀྱིས་རྒྱལ་པོ་ལགས་ཁྱེད་ཀྱི་རྗེ་མོ་འོས་པ་ཞིག་ངེད་ཚང་དུ་ཡོད་དོ་ཞུས་པས། རྒྱལ་པོས་ཕ་བུ་གཉིས་ཀྱི་ངོ་རུ་གཟིགས་ནས་ཧ་ལས་སྟེ། ཕ་ནི་གཡས་ཞར། བུ་ནི་གཡོན་འཐེང་། ཁྱེད་ཀྱི་སར་ངའི་རྗེ་མོ་འོས་པ་ཞིག་མེད་ངེས་པས། གཏམ་དེ་དག་གཞན་དུ་ཤོད་ན་ངོ་རེ་ཚ། རྒྱལ་ཁྲིམས་ལ་གཏུག་འོས་ཞེས་དཀའ་སྐྱོན་ཚ་ཐག་ཆོད་ཅིག་གནང་ནས་སྒོ་ཕྱིར་བཀར། ཉིན་དགའི་རྗེས་སུ་བུ་རྒྱལ་བོན་ཐོད་དཀར་གྱིས་ཡབ་རྒྱལ་པོ་ལ་གོང་གི་ཚུལ་དེ་ཞུས་ཏེ་དེ་ལྟ་བུ་རིགས་ངན་དེ་ལ་རྒྱལ་མོ་འོས་པ་ཡོད་སྲིད་དམ། དེ་ལྟས་ངན་ཞིག་མ་ལགས་སམ་ཞེས་ཞུས་པས། ཡབ་རྒྱལ་པོ་རྒོད་བཞིན་དེ་ལྟརའང་མི་སྲིད་པ་མ་ལགས་ཏེ་སྲིད་དོ་ཞེས་གསུངས། དེ་ནས་བུ་མོ་འབུལ་བའི་ཕ་བུ་གཉིས་སྐྱོ་ཉམས་དང་བཅས་རང་ཁྱིམ་དུ་འབྱོར་བ་ན། མ་རྒན་ཧོན་འཐོར་ནས་རྒྱལ་པོས་ངེད་ཚང་གི་བུ་མོ་མ་བཞེས་སམ་ཞེས་དྲིས། སྐད་ཅ་ཇི་བཞིན་གླེང་རྗེས་སུ་མ་རྒན་ཡིད་ཕམ་བཞིན་ཡོད་ནའང་། བོ་མོ་ནི་དེ་ལས་ལྡོག་སྟེ་རྒོད་བཞིན་འདུག།
༢ དབྱར་གྱི་འགོ་ཚེས་པ་ན་རྒྱལ་པོ་ནི་རང་གི་རྒྱན་ཕྲན་ས་ལའི་མངའ་ཁྱོན་གྱི་ཁྲུས་ཀྱི་རྫིང་བུར་ཁྲུས་བྱེད་དུ་སོང་། རྒྱལ་ཕྲན་ས་ལའི་གྲོང་ཁྱེར་ལང་ལིང་བརྒྱུད་ནས་འབྱོན་སྐབས་སུ། གྲོང་ཁྱེར་གྱི་རྒྱལ་ཁང་ཡང་ཐོག་ན་མཛེས་དཔལ་གྱིས་ཆོག་པའི་བོ་མོ་ཞིག་གིས་མགྲོན་པོ་དེ་དག་ལ་ལྟད་མོ་བལྟས་ནས་འདུག་པ་དེ་རྒྱལ་པོ་ཐོད་དཀར་གྱིས་མཐོང་བས། ཡིད་སེམས་རབ་ཏུ་ཤོར་བས་དབང་མེད་དུ་རྒོད་གཅིག་ཤོར་རོ། །ཕྱིས་སུ་བུ་མོ་དེར་རྒྱལ་བཞེད་ཅེས་ཟེར། དེ་ནས་སྐུ་འཁོར་རྣམས་འགྲོ་མཚམས་བཞག་སྟེ་རྒྱལ་པོས་སྐུ་འཁོར་བྲམ་ཟེར་གོང་གི་བུ་མོའི་ལོ་རྒྱུས་རྩད་གཅོད་དུ་གཏོང་། བྲམ་ཟེ་ཕོ་བྲང་གི་སྒོ་ཁར་འབྱོར་ནས་སྦྲན་གཏོང་བ་ན། སྒྲས་པོ་མིག་གཡས་ཞར་བ་ཞིག་གིས་སྒོ་ཁྲོག་གིས་ཕྱེས་ནས། ཁྱེད་ལ་དོན་ཅི་ཡོད་ཅེས་ཟེར། དེ་ནས་གོང་གི་ལོ་རྒྱས་རྣམས་བྲམ་ཟེས་སྨྲས་པ་ན། རྒད་པོ་དེ་ཁྲེལ་རྒོད་ཅིག་བྱས་ཏེ། ང་ཚོའི་བུ་མོ་ནི་རྒྱལ་པོའི་ཐུགས་ལ་མ་བབ་པ་མ་ཚད་ངེད་ཚང་ལའང་མཚང་ཡང་མང་དུ་བརྗོད་བྱུང་ཞེས་ཟེར། དེ་ནས་མ་རྒན་གྱིས་བུ་མོ་སྦྱིན་པའི་རྣམ་འབྱོར་བསྟན་ཡང་ཕ་བུ་གཉིས་ཀྱིས་ངོས་ལེན་མ་ཞུས་སོ། །བྲམ་ཟེས་ཉ་ཕྱི་མར་ཐག་ཆོད་པར་གྱིས་ཞེས་བཀའ་བསྒོས་ནས་ཕྱིན་སོང་། དེ་ནས་ཁྱིམ་ཚང་དེས་རྩོད་གླེང་མང་དུ་བྱས་མཐར་ཡུལ་གྲོང་ཀུན་གྱིས་བུ་མོ་དམུ་རིགས་རྒྱལ་པོ་ལ་སྦྱིན་རྒྱུའི་གྲོས་འཆམས་བྱུང་། དེ་ནས་བྲམ་ཟེས་གང་གི་གནས་ཚུལ་རྣམས་ཞུས་རྗེས་རྒྱལ་པོ་ཐུགས་རབ་ཏུ་དགྱེས་ཏེ། རྒྱལ་སར་ལ་མོར་བང་ཆེན་མངགས་ནས། གཉེན་སྟོན་གྱི་གྲ་སྒྲིག་ལེགས་པར་བགྱིས། གཟའ་སྐར་ཕུན་སུམ་ཚོགས་པའི་ནང་མོར་བུ་མོར་ཡུལ་མི་དེ་དག་གིས་སྐྲ་རེར་གཡུ་རེ་དང་། གཡུ་རེར་མིང་རེ་བཏགས་ནས་བུ་མོ་གཉའ་བོ་དང་བཅས་ཏེ་ཡུལ་འོལ་མོ་ལུང་རིང་མཁར་བར་པོ་སོ་བརྒྱད་དུ་ཕེབས་སོ། །དེ་ནས་གཡང་བོན་དང་། སྣ་བོན། ཕྱྭ་བོན་སོགས་ཀྱིས་ཕྱྭ་གཡང་ལེགས་པར་བགྱིས་ཏེ་བུ་མོ་གཡུ་ཁྲིད་བཀོད་ཅིང་རྒྱལ་པོ་ཐོད་དཀར་གསེར་ཁྲིར་བཞུགས་སོ།།
༣
ཉིན་ལྟར་རྒྱལ་མོ་རྒྱལ་བཞེད་མ་ཉིད་གསས་མཁར་ཤམ་པོ་ལྷ་རྩེར་སྐོར་བ་བྱེད་པར་འབྱོན་གྱིན་ཡོད། ཆུ་ཕག་ལོའི་ཟླ་བ་དགུ་པའི་ཚེས་དྲུག་ཉིན་སྐོར་བར་འབྱོན་པའི་ལམ་དུ་གཡུ་བྱ་ཁུ་བྱུག་ཅིག་གིས་གསུང་ལྷང་ལྷང་སྙན་པར་གྲག་པ་ཐོས་པས། སྔ་ན་མེད་པའི་སྤྲོ་སྣང་ཞིག་དང་བདེ་སྣང་ཞིག་སྐྱེས། དེའི་ནུབ་རྨི་ལྟས་བཟང་པོ་མང་དུ་བྱུང་བས་ཀུན་ལ་གསང་། དེ་ནས་ཟླ་དགུ་ཞག་བཅུར་སོང་ལ་ཉེ་བ་ན། རྒྱལ་བཞད་མས་སོང་ཉིན་ཀར་འོ་ཅག་གི་རྒྱལ་བུ་འབྱོན་དུ་འོང་བས། འོལ་མོ་ལུང་རིང་གི་མི་རྣམས་ཀྱིས་བསུ་བའི་ཚུལ་གྱིས་ཞེས་བཀའ་ཆ་ཕྱོགས་ཀུན་ཏུ་བསྒྲགས། མི་རྣམས་ཀྱིས་འོ་ཅག་ལ་རྒྱལ་བུ་ཡོད་པ་མ་ཐོས་པས་གང་ནས་བྱོན་ནམ་སྙམ་བཞིན་ཡོད་པ་ལ། བྲམ་ཟེ་རྒད་པོ་ན་རེ། རྒྱལ་བུ་འབྱོན་འོང་པ་ནི་གཞན་ནས་འབྱོན་པ་མ་ཡིན་ཏེ། ཡུམ་རྒྱལ་བཞད་མ་ཉིད་ལས་སྐུ་སྲས་འཁྲུངས་བའོ་ཞེས་ཟེར། ཀུན་གྱིས་བྲམ་ཟེས་ཟེར་བར་དེ་བཞིན་བདེན་ཁ་བྱིན་ནས། ཕྱི་ཉིན་འོལ་མོ་ལུང་རིང་གི་མཁར་བར་པོ་སོ་བརྒྱད་དུ་འཚོགས་སོ། །རྒྱལ་བུ་གཤེན་སྲས་དེ་ཉིད་ཟླ་དགུ་ངོ་བཅུའི་རིང་འབྱུང་ལྔའི་ལྷ་མོས་བསྐྱེད་བསྲིང་ལས་མཚན་དཔེའི་དཀྱིལ་འཁོར་དེ་ཉིད་ལོའི་རྒྱལ་པོ་ཤིང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ་སྟེ་ད་ལྟའི་ཧོར་ཟླ་བཅུ་གཉིས་པ་དང་། ཞག་གི་སྙིང་པོ་ཚེས་པ་བཅོ་ལྔ་སྟེ། ད་ལྟའི་ཧོར་ཟླ་བཅུ་གཉིས་པའི་ཚེས་པ་བཅོ་ལྔ་སྐར་མ་རྒྱལ་གྱི་རུ་གོང་དེར་ཡུམ་རྒྱལ་བཞད་མའི་གློ་གཡས་ལས་འཁྲུངས་སོ། །འཁྲུངས་པའི་ལྟས་བཟང་པོ་མཁའ་ལ་ཉི་ཟླ་སྐར་གསུམ་འཛོམས་པ། སྒྲ་སྙན་པ་གྲག་པ། འོད་གསལ་བ་ཤར་བ་སོགས་བྱུང་ཤིང་། རྒྱལ་བུ་བཙས་མ་ཐག་ལྷ་མི་ལས་སོགས་འཇིག་རྟེན་མངའ་བོ་ཆེ་རྣམས་ཀྱིས། སྐུ་འཁྲུས་ནི་གསོལ། ཚེ་ཡི་ལན་ཕྲན་ནི་བསླས། དབང་གི་རྩུག་ཕུད་ནི་བཅིང་། ལྟེ་བ་ནི་བྱས། དེ་ནས་རྒྱལ་བུ་དེ་ཉིད་ཀྱིས་གོམ་བདུན་བོར་བའི་སར་མེ་ཏོག་ཁྲ་ལམ་ལམ་དུ་སྐྱེས་སོ། །དེ་ནས་གཡེན་ཁམས་གྱི་ལྷ་མིན་རྣམས་ཀྱང་འོལ་མོའི་གླིང་གང་བ་ཙམ་དུ་འཚོགས་སོ། །དེ་དག་གིས་རྒྱལ་བུ་ཞལ་མཇལ་དགོས་པའི་འུར་ཆེན་པོ་རྒྱབ་པས། ཡུམ་རྒྱལ་བཞད་མ་ཐུགས་མ་བདེ་བས། དེ་དག་ཀུན་ལ་ཁྱེད་ཅག་གིས་མཇལ་འདོད་པའི་རྒྱལ་བུ་དེ་འདྲ་ཕྱོགས་འདིར་མ་མཆིས་པས་གཞན་དུ་ནོར་རོ་གསུངས་ནས་བསྲུང་བ་དྲག་ཏུ་བགྱིས། དེ་ནས་ཞག་གསུམ་སོང་བའི་ཉིན་པར་མཁར་བར་པོ་སོ་བརྒྱད་ཀྱི་ཡང་ཐོག་ཏུ་གྲ་ལེགས་པར་བསྒྲིགས་ནས་རྒྱལ་བུ་དེ་ཉིད་ཀུན་ལ་མཇལ་ཁ་གནང་བ་དང་། མཚན་གསོལ་བའི་སྐབས་སུ་གཡས་ཡབ་རྒྱལ་བོན་ཐོད་དཀར། གཡོན་དུ་ཡུམ་ཡོ་ཕྱི་རྒྱལ་བཞད་ན། དཀྱིལ་དུ་སྲས་རྒྱལ་བུ་དེ་ཉིད་བཞུགས་སུ་གསོལ། དེར་མཚན་འདོགས་མཁན་བྲམ་ཟེ་བློ་གསལ་ཞེས་པ་དེས། རྒྱལ་བུ་མཐོང་མ་ཐག་ཏུ་ངུས་ངུས་ནས་དབང་ཧོ་ཤོར། དེས་ནས་ཡབ་ཡུམ་སོགས་ཀུན་སྲག་སྣང་བསྐྱེས་སོ། །དེ་ནས་བྲམ་ཟེ་དབང་པོ་སོས་པ་ན། རྒྱལ་བུ་དང་ཡབ་ཡུམ་གྱིས་དབུ་ཡར་བསྟེགས་ནས། མཚན་མཁན་ལགས་། ཁྱེད་དེ་ལྟར་ངུ་ཞིང་བརྒྱལ་བས། རྒྱལ་བུ་འདིར་ལྟས་ངན་པ་ཅིག་འདུག་གམ། ཡང་ན་ཚེ་ཟད་པ་ཅིག་ལགས་སམ། ཡང་ན་བདུད་ཀྱིས་སྤྲུལ་པ་ལགས་སམ་ཞེས་ཞུས་པས། མཚན་མཁན་གྱིས་གསོལ་པ་དེ་ལྟར་བུའི་ལྟས་ངན་པ་ནི་མ་མཐོང་། འོན་ཀྱང་སྤྲུལ་པའི་སྐུ་འདི་ལྟ་བུ་ཞིག་འཇིག་རྟེན་དུ་བྱོན་པར་ང་རང་རྒས་པས་སྐྱོ་ཞིང་ངུ་བ་ལགས། ཞེས་ཟེར། དེ་ནས་རྒྱལ་བུས་མི་ཚེ་མཐའ་རུ་ཕྱིན་པའི་བསོད་ནམས་ལ། སྔ་མ་ལ་ཡང་སྲོག་གི་ལན་ཆགས་བྲལ། ཁྱེད་མཚན་ངས་ཀྱང་རྟོགས་ལ། ངའི་མཚན་ཁྱོད་ཀྱིས་རྟོགས་གསུངས། དེ་ནས་མཚན་མཁན་གྱིས་རྒྱལ་བུའི་ལྟས་བཟང་པོ་མཚན་བཟང་དཔེ་བྱད་རྒྱས་པར་བརྟགས་ཤིང་། ཕྱག་ཏུ་མདའ་དར་གཅིག་བཟུངས་ནས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །དེ་རིང་གནམ་ལ་ཉི་ཟླ་སྐར་གསུམ་བཟང་། ས་ལ་དུས་ཚོད་ཚེས་གྲངས་བཟང་བར་དུ་ཡབ་ཡུམ་སྲས་གསུམ་བཟང་། བཟང་གསུམ་འཛོམས་པའི་ཉི་མོ་འདིར་ངེད་ཀྱི་རྒྱལ་བུའི་མིང་དང་མཚན་ནི་དགྲ་བཅོས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་འདོགས་པས། སྟེང་གི་ལྷ། འོག་གི་ཀླུ། བར་གྱི་མི། རིགས་དྲུག་ཁམས་གསུམ་སེམས་ཅན་ཀུན་གྱིས་མ་བརྗེད་པར་ཡིད་ལ་ཟུངས་ཤིག་ཅེས་བཀའ་བསྩལ་ཏོ།། bababab རང་གཉེར་གཏེར་ཆུ་ལུ་མའི་བཞུར་སྒྲ་ཞེས་པའི་ཚགས་པར་ལས་བཤུས།
- ཟིན་ཐོ་གོང་མ།སེམས་ཀྱི་སྡུག་བསྔལ།།
- ཟིན་ཐོ་འོག་མ།སྟེང་ཆེན་གྱི་དྲྭ་ཁང་།