ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐ་སྙད་ཀྱི་རོལ་རྩེད། | 2013/7/18 15:40:00

                            

                     ཐ་སྙད་ཀྱི་རོལ་རྩེད།   ཁ༽

 

                                         ཐ་སྙད་ཀྱི་བྱུང་བ་ནི་ཆེས་སྔ་མོ་ཞིག་ནས་བྱུང་ཡོད་པ་ན། མི་རྣམས་ཀྱི་ལོ་རྒྱུས་བཤད་ཚེ་དཔྲ་སྤྲེལ་སོགས་ཀྱི་སྲོག་ཆགས་རྣམས་རིམ་བཞིན་མི་རུ་གྱུར་བར་བཤད་མོད། འདི་ནི་ཆོས་ལུགས་པ་བདག་ལྟ་བུའི་ཁས་ལེན་ཀྱི་མེད། འོན་ཏེ་འདུས་བྱས་ཀྱི་གཤིས་ཀ་གྱུར་བའི་བོན་དུ་གནས་ཕྱིར། སྐད་རིགས་ནི་རིམ་བཞིན་འགྱུར་འགྲོ་བ་སྟེ། ཐ་སྙད་གསར་རྙིང་གི་གོ་རིམ་རེ་རེ་མཐོང་ཚེ་ད་གཟོད་ཤེས་ཐུབ་པ་ཡིན། བོད་སྐད་ལ་མཚོན་ནའང་དེ་བཞིན་འགྱུར་སོང་བའི་གནས་ལུགས་དེ་ང་ཚོའི་དཔེ་ཆ་ཀློག་པའི་བོད་སྐད་ཙམ་དང་། བོད་ཡིག་ཀློག་པ་ཙམ་ཤེས་པའི་གང་ཟག་ཞིག་ལ་འཕྲིན་ཡིག་འབུལ་བའི་སྐབས་སུ་ཤེས་ངེས་རེད། བོད་སྐད་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་ཡིག་གི་ཟོལ་ཡང་སྣ་ཚོགས་པར་འགྱུར་བ་ཐེབ་ཡོད་པ་ནི་རྒྱལ་བློན་གྱི་མགུར་གླུ་དང་། རྒྱལ་བློན་སྔ་ཕྱིའི་ལོ་རྒྱུས་འཁོད་པའི་ཡིག་རྙིང་སོགས་སུ་དེའི་འགྱུར་འགྲོས་མངོན་གསལ་དོད་པོ་ཞིག་ནི་བརྡ་རྙིང་གི་ཤས་ཆེ་ཆུང་སྣ་ཚོགས་པ་འདིས་ཀྱང་ཤོད་ངེས་ཡིན། དེ་ལྟར་ན་བོད་ཡིག་གི་སྐོར་འདིའང་སྲོང་བཙན་ཡར་སྔོན་ནས་བྱུང་ཡོད་པའི་སྐོར་དེའང་ཁོ་བོའི་སེམས་སུ་འཐད་ཀྱིན་འདུག །འོན་ཏེ་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་པའི་བསམ་འཆར་རྣམས་ཕལ་ཆེ་བས་ཨམ་མདོའི་འབྲོག་སྐད་ནི་བོད་སྐད་བཟང་ཤོས་སམ་རྣམ་དག་ཅིག་ཡིན་ཞིང་། གཞན་གྱི་སྐད་ནི་ཐ་ཆད་དུ་སྨྲ་བར་བྱེད་མོད། དེ་ལྟར་བསམ་ན་གཞན་གྱི་སྐད་ཆ་ཐ་ཆད་དུ་ཤོད་བཞིན་གཞན་སྐད་དེ་དག་ཅི་འདྲ་ཞིག་བྱེད་ནས་སྨྲ་བ་དང་། ཡིག་གཟུགས་གང་ཞིག་ལ་སྒྲ་གདངས་ཅི་འདྲ་འབོད་བཞིན་པ་ཤེས་ཚོད་མི་འདུག དཔེར་མཚོན་ན་གངས་རྒྱན་མེ་ཏོག་སྤྱིའི་དེབ་གྲངས་༨༡པ་༢༠༡༠ལོའི་དེབ་གཉིས་པའི་ནང་གི། ང་ཚོར་ད་དུང་མ་འོངས་པ་ཡོད་ཅེས་པ་འཇུ་སྐལ་བཟང་གི་རྩོམ་ཡིག་ཏུ། ང་ག་འོ་ཧ་མི་གོ་དུ། འཁུང་པ། པུ་མོ། ལྟ་བུའི་ཁམས་སྐད་རེ་འགའ་བྲིས་ཡོད་ཀྱང་ཁམས་པ་ཞིག་གིས་ཀླག་ཚེ་ཅི་འདྲ་ཞིག་བྲིས་འདུག་སྙམ་པའམ། ཡང་ན་མགོ་ལོག་སོགས་ཀྱི་སྐད་ཡིན་ནམ་སྙམ་པའི་ཚོར་བ་སྐྱེ་བར་བྱེད་ཅིང་། རྩོམ་ཡིག་དེའི་སྒྲ་གདངས་རྩོམ་པ་པོ་ཁོང་གིས་ཀློག་ན་ཁམས་སྐད་ཀྱི་སྒྲ་ཅུང་ཐོན་ཡོད་ཀྱང་། ཁམས་པ་བ་ཞིག་གིས་བཀླག་ཚེ་དེ་ལས་ཀྱང་ཁམས་སྐད་ཐོན་མེད། དེས་འདི་ལྟར་གོང་གི་ཚིག་དེ་དག་འདི་ལྟར་བྱེད་ནས་འབྲི་དགོས་ཏེ། ང་ག་ལ་འོད་ཅེས་པ་དང་། འཁོང་པ་ཞེས་འབྲི་དགོས་པ་དང་། བུ་མོ་འམ་བོ་མོ་ཞེས་འབྲི་དགོས་པ་ཡིན། དེ་མིན་གོང་གི་པུ་མོ་ལྟ་བུ་ཁམས་སྐད་ཀྱི་སྒྲ་ཡིན་ཚོད་མི་འདུག་སྙམ་ཞིང་། འོན་ཏེ་བུ་པུ་གཉིས་ཀྱི་ཐད་དུ་ཁམས་པ་བ་ཞིག་ལ་མཚོན་ན་སྒྲ་གདངས་མི་འདྲ་བའི་སྙམ་བྱེད་ཅིག་ཡོད་ཀྱང་། ཁམས་སྐད་བུ་པུ་གཉིས་ཨམ་མདོ་བ་ཞིག་གིས་ཐོས་ཚེ་སོ་སོ་བའི་སྙམ་བྱེད་མི་ཐོས་པར་གཅིག་པར་གོ་བ་ཡིན་མོད། ངས་བསམ་པར་ཡི་གེ་ཀློག་པ་ལ་ནི་ཐུན་མིན་གྱི་སྙམ་བྱེད་གལ་ཆེན་ཞིག་ཡོད་པ་ཡིན། ཁོ་བོས་ཁོམ་སྐབས་སུ་ཨམ་མདོ་དང་ཤར་པ་ཉག་རོང་བཅས་ཀྱི་གྲོགས་པོ་ཚོར་སྐད་ཡིག་གི་བགྲོ་གླེང་ཡང་ཡང་བྱེད་མྱོང་། ཀ་དང་ག་ལྟ་བུ་ཀློག་ཚུལ་མི་འདྲ་བ་འདི་ལྟར་ཡིན་ཞེས་བཀླག་ཚེ་ཁོ་ཚོས་ཨོ་ལེ་གཅིག་པ་རེད་མོག་ཟེར་བའམ། དེ་རུ་ཁ་གཅིག་པར་འདུག་ཅེས་ཟེར་བ་དང་། སླར་ཡང་ཁོ་ཚོའི་ཁྱུ་དང་ཆུ་ཞེས་བཀླག་བཞིན་མི་འདྲ་བ་འདི་ཡིན་ཞེས་བཀླག་ཚེ་ངའི་སེམས་སུ་ཡང་དེ་བཞིན་གཅིག་པའི་ཚོར་སྣང་ངམ་དབྱེར་མི་ཕྱེད་པའི་གནས་སུ་གྱུར་བཞིན་ཡོད། དེས་ནི་སྐད་དེའི་འབོད་སྟངས་མཐའ་སྡོམ་བྱེད་ཕོད་པར་ད་གཟོད་སྐད་དེ་ཡང་དག་པར་གོ་བའི་མི་ཚད་པར་ཀློག་ཤེས་པའམ་རྒྱག་ཤེས་དགོས། དེས་ཨམ་མདོའི་འབྲོག་སྐད་མཆོག་སྨྲ་བའི་སྐྱེ་བོ་ནི་སྐད་གཞན་གོ་ལ་མི་གོ་བ་ཙམ་ལམ་དེ་ལྟ་བུའི་སྒྲོས་གཙང་མི་ཤེས་མཁན་ལས་ཕལ་ཆེར་འདས་མེད། འདི་ལྟར་བསམ་གཞིགས་བྱས་ཚེ་ད་གཟོད་མདོ་དབུས་ཁམས་གསུམ་གྱི་སྐད་ལ་བཟང་ཆའི་ཕྱོགས་ནས་བཤད་ནའང་སྒྲ་གདངས་ཐ་དད་པ་གཅིག་ལས་གཅིག་ལྷག་མང་ལ། ཞན་ཆའི་ཕྱོགས་ནས་ཞུས་ནའང་སྒྲ་གདངས་འདྲེས་པ་གཅིག་ལས་གཅིག་དམན་པའང་དེ་བཞིན་ཡོད། ང་ཚོའི་འདི་ལྟར་ཡི་གེ་ཀླག་སྟངས་སྐད་གདངས་མི་འདྲ་བ་དེ་དག་ཕྱོགས་བསྡུས་བྱས་ནས་སྐད་གཅིག་བཟོ་ཐུབ་ཚེ་བོད་སྐད་ནི་སྐད་ཀྱི་མཆོག་ཏུ་འགྱུར་པ་ཞིག་གྲུབ་ངེས་ཡིན་སྙམ། སྐད་དེ་དག་ལས་འཕྲོས་པའི་ཡི་གེ་འབྲི་སྟང་དུ་མ་ཞིག་འཇུ་སྐལ་ལྟར་འགྱུར་ཡོད་པའང་མང་དུ་ཡོད་དེ། འཕྱང་འཕྲུལ་ཞེས་པའི་ཨམ་སྐད་དེ་ཁམས་སྐད་འགར་འཆང་འཕྲུལ། འོ་རྒྱལ་ཞེས་པའི་ཁམས་སྐད་དེ་ཨམ་སྐད་འགར་ཨོ་རྒྱལ། བོད་ཅེས་པའི་ཨམ་སྐད་དེ་འོད་ཅེས་སོགས་བྱུང་ཡོད་པར་འདུག །གལ་ཏེ་ཁྱོད་ཀྱི་ཁམས་སྐད་ཀྱི་ཞན་ཆ་ཤོད་ཤེས་དགོས་ན་ཁམས་སྐད་ཡང་དག་པར་རྒྱག་ཤེས་དགོས་པ་ཡིན་པས་དེ་ལྟར་ཁམས་སྐད་ག་གོ་ཙམ་གྱིས་ནི་ཞན་ཆ་མི་ཤེས་པ་འདི་བཞིན་སྐད་རིགས་གཞན་ལའང་དེ་ལྟར་ཤེས་པར་བྱ་བ་ཡིན། ད་ནི་དོན་གཞན་ཞིག་ཞུ་བ་ལ། གཤེན་རབ་ཅེས་པའི་རབ་འདི་ལ་ཡང་འཇུག་ས་ཡོད་མེད་སྣ་ཚོགས་ཤིག་ཡོད་ཅིང་། སྤྱིར་ན་ས་ཡང་འཇུག་མེད་པ་ནི་རབ་འབྲིང་ཐ་མའི་ཟླས་ཕྱེ་བའི་རབ་དང་། ཡང་འཇུགས་ཅན་ནི་རྒྱུད་སྔ་ཕྱིའི་མི་རབས་ལྟ་བུའི་རབས་ལ་གོ་བ་བཅས་ཡིན། གཤེན་རབ་ཅེས་པའི་ཐ་སྙད་འདོགས་ཡུལ་ནི་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་གཉིས་ཀར་སྤྱོད་པའི་ཐ་སྙད་ཅིག་ཡིན་ཞིང་། དེ་ནི་གཤེན་པོ་ཀུན་ལས་མཆོག་ཏུ་གྱུར་པ་ཞིག་ལ་འདོད་པ་ཡིན་ལ། གཤེན་པོ་ཞེས་པ་ནི་མ་མཐའ་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་རྣམ་དག་དང་ལག་ལེན་རྣམ་དག་བྱེད་མཁས་ཞིག་དགོས་པ་ཡིན། སྟོན་པ་གཤེན་རབ་ཅེས་པ་ནི་གཤེན་ལས་རབ་ཏུ་གྱུར་པར་འགྲེལ་ཆེ་བས་ན་རབ་ལ་ས་ཡང་འཇུག་མེད་པ་དེ་ཤུགས་ཆེ་ཡང་། གཤེན་གྱི་རབས་ཡིན་པར་འདོད་ནས་ས་འབྲི་བ་ཡང་སྲིད་པ་རེད། སྔོན་ཏེ་གཤེན་རབ་རྣམ་བཅས་པ་དང་རྣམ་མེད་པ་སོགས་ལ་ནི་ས་ཡང་འཇུག་བྲིས་ཚེ་ད་གཟོད་གོ་བ་ཡང་དག་པ་གཏན་ནས་མེད་པར་སྙམ། དེ་ཡང་མདོ་གཟེར་མིག་ལས། དེ་ལ་སྲས་ཀྱང་ངོ་མཚར་སྐྱེས་ནས་ཡབ་ལ་ཞུས་པ། འོ་ན་ཡབ་ཉིད་ཀྱི་མཚན་སྟོན་པ་གཤེན་རབ་མི་བོར་འདོགས་པ་ཅིའི་ཕྱིར་ན་བཏགས་པ་ལགས། དེ་སྐད་ཅེས་ཡབ་ལ་ཞུས་སམ་གསོལ་བས། དེ་ཡབ་ཀྱིས་བཀའ་བསྩལ་པ། སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་སྟོན། སྐྱེ་འགྲོ་སེམས་ཅན་བུ་ལྟར་གསོ་བས་པ། བོན་ཉིད་དབྱིངས་ནས་སེམས་ཉིད་བདལ་པས་གཤེན། འགྲོ་བའི་དོན་ལ་སྤྲུལ་ནས་བྱོན་པས་རབ། སྐུ་མདོག་ཕྱག་མཚན་མི་རུ་བསྟན་པས་མི། གཏོ་རྒྱུད་དཔྱད་རྒྱུད་བདུད་རྩི་བོ་བས་བོ། །དེ་ཡི་ཕྱིར་ན་སྟོན་པ་གཤེན་རབ་མི་བོ་ཡིན་ཞེས་གསུངས་པ་གཞིར་བྱས་ནས། སྟོན་པ་གཤེན་རབ་ཀྱི་མཚན་ཟུར་གྱི་རབ་ནི་བོན་ཉིད་ཀྱི་དབྱིངས་སུ་ཞི་བ་ཕྱོགས་གཅིག་ལ་མ་བཞུགས་པར་འགྲོ་བའི་དོན་དུ་བྱོན་པས་རབ་བམ་མཆོག་ཡིན་ཞེས་པའི་དོན་དུ་གསུངས་ཤིང་། མི་བོ་ཞེས་པའི་བོ་ཡང་མི་ཆེན་པོ་ལྟ་བུ་མིན་པར་འབོ་དང་དབོ་ཞེས་པའི་བྱ་ཚིག་དང་མཚུངས་པའི་ལས་ཚིག་བོ་ཞེས་པ་དེར་གོ་ཞིང་། བདུད་རྩི་ཕྱི་རོལ་དུ་བོ་ཞེས་པ་རུ་འགྲེལ་བ་གོང་ལྟར་ལ། འོན་ཏེ་སྟོན་པ་གཤེན་རབ་ཀྱི་མཚན་ཟུར་གྱི་རབ་ཅེས་པར་རབས་འདི་ལྟ་བུ་རེ་འགའ་ཡོད་དེ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་ཀླད་དོན་ལས། འགྲོ་མགོན། གཤེན་ནི། བོན་ཉིད་དབྱིངས་སུ་སེམས་ཉིད་བདལ་པས་ཏེ། རབས་ནི། འཁོར་འདས་གནས་ལུགས་ཀྱི་ཆོ་རབས་ཐོན་པས་རབས་ཞེས་གསུངས་སོ་ཞེས་གསུངས། དེ་ལྟར་ན་གཤེན་རབས་ཀྱི་རབས་ལ་ནི་གཤེན་གྱི་རྒྱུད་སྔ་འཕྱིའི་རབས་ཞེས་པ་མིན་པར་འཁོར་འདས་ཀྱི་ཆོ་རབས་ཐོན་པའམ་གསལ་བར་བཤད་པས་རབས་ཞེས་པ་ཡིན་ཞིང་། འཁོར་འདས་ཀྱི་ཆོ་རབས་ཞེས་པ་ནི་འཁོར་འདས་གྲུབ་ཚུལ་གྱི་རབས་ཕྱི་མ་ཕྱི་མ་དང་། སྔ་མ་སྔ་སྟོན་པས་ཆོ་རབས་པ་ལྟ་བུ་ཡིན་འདུག སྤྱིར་རབ་འདི་བྲི་བ་ཤས་ཆེ་བ་ཡིན། གང་ཞུས་ལྟར་གཤེན་རབ་ཅེས་པའི་དོན་ནི་མཁྱེན་བརྩེའི་ཡོན་ཏན་དང་ལྡན་པའི་དོན་ཡིན་པར་ཀླུ་འབུམ་སོགས་གཞུང་མང་པོར་གསལ་བས་འདིར་ཚིག་ཟིན་མ་བྲིས། དེས་ན་མངོན་པར་རྫོགས་པའི་སངས་རྒྱས་དང་། ལམ་ཞུགས་ཀྱི་སེམས་དཔའ། ལམ་མ་ཞུགས་ཀྱང་བོན་སྒོར་ཞུགས་པའི་གང་ཟག་སོགས་ལ་ནི་བོན་ལུགས་སུ་གཤེན་རབ་ཅེས་འབོད་པ་ཡིན་ནོ།།   

ཡང་ཅིག་ལ། བསྭོ་ཞེས་པའི་ཚིག་འདི་ཉིད་བོན་གྱི་ཆོ་གའི་ནང་རབ་ཏུ་མང་ཞིང་བོད་ཀྱི་སྙན་ཚིག་འབྲི་སྐབས་སུ་འདི་ལྟར་བྲིས་པ་མི་འདུག་མོད། བོད་སྐད་ཀྱི་གླུ་གཞས་ཀྱི་དབྱངས་རྟ་སྙན་པར་བྱེད་པ་ལ་བསྭོ་ཞེས་པའི་ཚིག་ཡང་ནས་ཡང་དུ་བྱུང་ཡོད་པ་ནི་གླུ་གཞས་དེ་དག་ཉོན་དང་ཤེས་ཤིང་། བསྭོ་ཞེས་པ་འདི་ལ་ཝ་ཟུར་ཡོད་མེད་ཅི་རིག་འབྲི་བར་འདུག སྤྱིར་ཝ་ཟུར་ནི་སྒྲ་གདངས་མི་འདྲ་བ་བསྒྱུར་བྱེད་དུ་འགྲོ་མིན་མི་ཤེས་ཀྱང་། དཔེར་ན་དྭགས་ཞེས་པ་དགས་ལྟ་བུའི་ད་སྔོན་འཇུག་ལ་མི་ནོར་བ་སོགས་ཀྱིས་ད་ལ་ཝ་ཟུར་དེ་བཏགས་པར་བཤད། དེ་ལྟར་ན་གླུ་གཞས་ཀྱི་ཚིག་ཟུར་དུ་ཡོད་པའི་བསྭོ་ལ་ཝ་ཟུར་མེད་ཀྱང་སྒྲ་ཉམས་པའི་སྐྱོན་མི་འབྱུང་སྙམ་ཞིང་། ཆོ་གའི་སྙིང་པོའི་མགོ་འདྲེན་གྱི་སྐབས་སུ་བསྭོ་ལ་ཝ་ཟུར་ཡོད་མེད་ནི་སྙིང་པོས་མཚོན་དོན་ལ་གཞིགས་དགོས་པ་ཡིན་ཏེ། ཚེ་སྒྲུབ་ལས། བསྭོ་ནི་སྐུ་གསུང་ཐུགས་ཀྱི་སྙིང་ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་པར་གསུངས་ཤིང་། ཕུར་འགྲེལ་ལྟར་ན། བ་སྐུའི་སྙིང་པོ། ས་གསུང་གི་སྙིང་པོ། འ་ཐུགས་ཀྱི་སྙིང་པོ། ན་རོ་སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད་དུ་གསུངས་པས་དེ་བཞི་ཀ་དགོས་པར་གསུངས། ཡང་འབྱུང་བ་ལྔ་དང་སྦྱར་ན། འ་རླུང་། ན་རོ་མེ། བ་ཆུ། ས་ས་དང་། བ་ས་ན་རོ་བཅས་ཀྱི་བར་གྱི་སྟོང་ཆ་ནམ་མཁའ་ཡིན་ཞེས་གསུངས་པ་དང་། དེ་བཞིན་ཕུང་པོ་ལྔས་མཚོན་པ་སོགས་དུ་མར་གསུངས་པས་སྙིང་པོའི་བསྭོ་ལ་ཡིག་འབྲུ་བཞི་ཚང་དགོས་པར་སྣང་། འདིར་འ་ཞེས་གསུངས་པ་ནི་ཝ་ཟུར་ཞེས་པ་དེ་ཡིན་ཞིང་། དོན་དུ་འ་ཟུར་ཟེར་དགོས་སམ་ཝ་ཟེར་དགོས་ཅི་ཤེས། བརྡ་སྤྲོད་སྲིད་སྒྲོན་ལས་ཝ་ཟུར་ཞེས་དང་། ཕུར་འགྲེལ་ལས་འ་ཞེས་སོ། །ཡང་ཅིག་ལ། ཨ་ཨཱོྃ་ཧཱུྃ་ཞེས་པ་ལ། དེ་གསུམ་རིམ་པ་བཞིན་ཨ་སྐུའི་དོན་དང་། ཨཱོྃ་གསུང་གི་དོན་དང་། ཧཱུྃ་ཐུགས་ཀྱི་དོན་ཡིན་ཞེས་གསུངས། དེས་ན་ཨཱོྃ་ཡེ་ཤེས་ལྔའི་མཚོན་དོན་དང་མཚུངས་པར་ཧཱུྃ་ལའང་ཡིག་གེ་རྣམ་པ་ལྔ་ཚང་དགོས་པར་འདུག རེ་འགར་ཨཱོྃ་སྐུ་ལྔ་ཡིན་པས་ཡི་གེ་ལྔ་དང་། ཧཱུྃ་ཡེ་ཤེས་ལྔ་ཡིན་པས་ཡི་གེ་ལྔའང་སྣང་། གཞན་མཁའ་འགྲོའི་གཞུང་རྣམས་སུ་ཧཱུྃ་རིགས་ལྔའི་མཁའ་འགྲོ་ལྔའི་སྙིང་པོ་ཡིན་པས་ཡི་གེ་ལྔ་ཚང་དགོས་པ་ལྟ་བུར་སྣང་ངོ་། །རོལ་རྩེད་སྐོར་གཉིས་པའོ།།                                      

                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                 

                                                                                                                                                                                                                                                                                                                                                                                                                                                                                                                                                                                                             

Re:ཐ་སྙད་ཀྱི་རོལ་རྩེད། | 2013/7/19 20:36:55
སྐུ་མགྲོན་wBRe7I(སྐུ་མགྲོན)བཀྲ་ཤིས་བདེ་ལེགས། མི་མཐུན་ཡོད་ལགས།
རྩོམ་པ་པོ།:སྐུ་མགྲོན་wBRe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐ་སྙད་ཀྱི་རོལ་རྩེད། | 2013/7/20 6:37:20
སྐུ་མགྲོན་tx5Brf(སྐུ་མགྲོན)ཕེབས་པར་དགའ་བསུ་ཞུ་དགའ་བསུ། ཁྱུང་ནས
རྩོམ་པ་པོ།:སྐུ་མགྲོན་tx5Brf(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐ་སྙད་ཀྱི་རོལ་རྩེད། | 2013/7/20 17:51:09
སྐུ་མགྲོན་I4DPg6(སྐུ་མགྲོན)ཧཱུྃ་ལའང་ཡིག་གེ་རྣམ་པ་ལྔ་ཚང་དགོས་པར་འདུག རེ་འགར་ཨཱོྃ་སྐུ་ལྔ་ཡིན་པས་ཡི་གེ་ལྔ་དང་། ཧཱུྃ་ཡེ་ཤེས་ལྔ་ཡིན་པས་ཡི་གེ་ལྔའང་སྣང་། གཞན་མཁའ་འགྲོའི་གཞུང་རྣམས་སུ་ཧཱུྃ་རིགས་ལྔའི་མཁའ་འགྲོ་ལྔའི་སྙིང་པོ་ཡིན་པས་ཡི་གེ་ལྔ་ཚང་དགོས་པ་ལྟ་བུར་སྣང་ངོ་། གསུངས་པའི་རྒྱུ་མཚན་གསུངས་རོགས།
རྩོམ་པ་པོ།:སྐུ་མགྲོན་I4DPg6(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐ་སྙད་ཀྱི་རོལ་རྩེད། | 2013/7/22 22:01:56
སྐུ་མགྲོན་J5Fq27(སྐུ་མགྲོན)རྒྱུ་མཚན། ཧཱུྃ་ཡེ་ཤེས་ལྔ་ཡིན་པས་ཡི་གེ་ལྔ་དང་། ཧཱུྃ་རིགས་ལྔའི་མཁའ་འགྲོ་ལྔའི་སྙིང་པོ་ཡིན་པས་ཡི་གེ་ལྔ་ཚང་དགོས་པ་ལྟ་བུ་ཡིན། ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་J5Fq27(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.