ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡས་རུའི་ཨ་ཁྲིད་ཆེན་མོའི་ལོ་རྒྱུས། | 2013/6/24 14:55:00

      འཕྲུལ་ངག་བདེན་པའི་ཡང་སྙིང་གཡས་རུའི་ཨ་ཁྲིད་

                  ཆེན་མོའི་ལོ་རྒྱུས་ཉུང་བསྡུས།

 

 དེ་ཡང་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཉིང་བཅུད་མན་ངག་ཟབ་མོའི་བོན་སྡེ་རྣམས་བཀའ་བརྒྱུད་བཤད་པའི་སྡེ་དང་། སྒོམ་བརྒྱུད་ཉམས་མྱོང་གི་སྡེ་གཉིས་སུ་གྱེས་པ་ལས། ཉམས་བརྒྱུད་ཀྱི་ཚུལ་དུ་བྱུང་བའི་གཞུང་ལུགས་འདིའི་བྱུང་བ་བརྗོད་པ་ལས། འདྲེན་མཆོག་ཟླ་དང་བྲལ་བ་རྗེ་བོན་བརྒྱ་བའི་ཞལ་སྔ་ནས་ཀྱང་། གཡས་རིའི་ཨ་ཁྲིད་ཅེས་མན་ངག་གི་གཞུང་སྡེ་འདི་ཉིད་གང་ཟག་ཅིག་ཚངས་རྒྱ་བའི་ཆ་རྐྱེན་དུ། གེག་སེལ་འཕོ་བ་དང་བཅས་པ་ཀུན་ཚང་བ་ཡིན་ལ། སེམས་སྦྱོང་གི་སྐོར་ནས་བཀའ་ལུང་རྒྱ་མཚོ་སོགས་རྒྱས་ཀྱང་། རྩ་བ་བོར་ནས་ཡ་གར་འཇུ་བའི་ཉེན་ཁ་ཆེ་བས་གདམས་པ་འདི་ཉིད་གཙོ་རུ་འཛིན་དགོས་ཞེས་གསུངས་པ་ཐོས་ཤིང་། ད་ལན་གདམས་པ་ཟབ་མོ་འདི་ཉིད་ཞུ་བའི་སྐལ་བཟང་དང་བསྟུན་ཏེ་གདམས་པ་འདིའི་བྱུང་བ་བརྗོད་པ་ཡིན། དེ་ཡང་གདམས་པ་འདི་ཉིད་ཉམས་བཞེས་མཛད་ཅིང་གསར་དུ་སྲོལ་གཏོད་པ་ནས་མཚོན་ན། རྨེའུ་རི་ཁྲོད་པ་ཆེན་པོ་ཞེས་པ་དེའི་བཀའ་སྲོལ་དང་ཕྱག་ལེན་ལས་བྱུང་ལ། དམ་པ་གོང་ཉིད་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས་ཤིང་། རྨེའུ་ཆེན་པོ་དེ་ཉིད་ཀྱང་། བྲུ་རྗེ་གཡུང་དྲུང་བླ་མ་དང་། ཞུ་སྐྱེ་སེ་ཆེན་པོ་སྲས་སྒྲོལ་བ་གཤེན་རྒྱལ་བཅས་ལས་ཐོས་པའི་བློ་སྦྱོང་ཞིང་། བྱང་ཆུབ་སེམས་ཀྱི་སྙིང་པོ་གབ་པ་དགུ་སྐོར་དང་། སེམས་སྡེའི་བོན་ལ་ཐོས་པ་མཛད། མཐར་ཡང་གཞུང་སྡེ་དེ་ཉིད་དང་ཏྲེ་སྟོན་གོ་ཆ་དང་། ཁྲོ་ཚང་འབྲུག་ལྷའི་ཞལ་གདམས་སོགས་ལ་ཉམས་བཞེས་ནན་སྒོམ་མཛད་པས་ཉམས་ཐོད་རྒལ་དུ་སྐྱེས། དགུང་ལོ་ཉེར་བཞི་ལ་རབ་ཏུ་བྱུང་། མཁན་པོ་ཇོ་གཡུང་དང་། མཚོ་བཙུན་ནམ་མཁའ་རྒྱལ་མཚན་གཉིས་ཡིན་སྐད། ལུང་ལས་ཀྱང་མཚོ་གཡུང་གཉིས་ལས་ལུང་བླངས་ནས་ཞེས་སོ། །བླ་མ་དེའི་ཐུགས་ཀྱི་སློབ་མ་དང་། མན་ངག་ཟབ་མོ་ཨ་ཁྲིད་ཀྱི་ཉམས་ལེན་མཐར་ཐོན་པ་ནི་རྟོགས་ལྡན་སྒོམ་ཆེན་འབར་བ་དང་། དེའི་སློབ་མ་གྲུབ་ཐོབ་ཁྱུང་སྒོམ་ཇོ་གཡུང་། དེའི་སློབ་མ་ཞང་དམ་པ་ཚུལ་ཤེས། དེའི་སློབ་མ་གཡས་རུའི་སྟོན་པ་མེ་གྲགས་པ་དཔལ་ལམ་མཁས་པ་མེ་དཔལ་ཞེས་གསོལ་བ་དེ་ཉིད་ཡིན། སྤྱིར་ན་རྨེའུ་སྒོམ་རི་ཁྲོད་པའི་གདམས་པའི་ཕྱག་སྲོལ་བཀའ་བབ་ཀྱི་བུ་ཆེན་བཞི་ལ་གནང་ཞིང་། དམ་པ་གོང་ཉིད་ཀྱིས་ཀྱང་སྒོམ་རིམ་ཆེ་འབྲིང་ཆུང་གསུམ་མཛད་པ་དང་། ཡར་མེ་བས་སུམ་བརྒྱ་པ་དང་། ཡར་མེའི་དངོས་སློབ་གཤེན་སྟོན་ནམ་མཁས་སུམ་བརྒྱ་པའི་འགྲེལ་སོགས་མང་མོད། འདིར་ཉམས་བརྒྱུད་བླ་མའི་རྣམ་ཐར་རྣམས་སུ་གཡས་རུའི་ཨ་ཁྲིད་ཅེས་པའི་སྙན་དབྱངས་འཕྱོ་བའི་གཞུང་དངོས་སུ་རྩོམ་པར་གསུངས་པ་ནི་མཁས་པ་མེ་དཔལ་ཡིན་ལ། དེ་ནས་བཟུང་བྲུ་ཚང་གི་ཨ་ཁྲིད་ཅེས་སུ་གྲགས། མཁས་པ་མེ་དཔལ་གྱི་ཨ་ཁྲིད་ཅེས་སུ་གྲགས་པའི་གཞུང་ལ་ནི་འདི་དག་ཡོད་དེ། ངོ་སྤྲོད་རིན་ཆེན་གསལ་འདེབས་ཞེས་པ་ཐུན་མཚམས་ཆེ་བ་བརྒྱད་དང་ཆུང་བ་སྨོས་ཙམ་གཉིས་བཅས་བཅུ་ཡིན། གཞན་མན་ངག་ཁྲིད་རིམ་ཞེས་པ་དང་གགས་སེལ་སོགས་ཡོད། དེ་ལ་མན་ངག་ཁྲིད་རིམ་གྱི་དངོས་གཞིའི་སྐབས་སུ་མཚན་བཅས་ཨ་ཁྲིད་འདི་ལ་གསུམ་སྟེ་ཞེས་པས་མཚོན་ནས། ཨ་ཁྲིད་ཅེས་པ་དངོས་གཞིའི་ཉམས་ལེན་སྐབས་སུ་ཨ་ལ་བརྟེན་ནས་སེམས་བཟུང་བས་ན་ཨ་ཁྲིད་ཅེས་པ་དང་། ཡང་ན་བོན་ཀུན་གཞི་ཉིད་སྐྱེ་བ་མེད་པ་ཡི་གེ་ཨ་ལྟར་གནས་པས་མཚན་མེད་དོན་གྱི་མཚོན་བྱེད་དུ་ཨ་ཁྲིད་དང་གཡས་རུའི་ཨ་ཁྲིད་ཅེས་གྲགས་པ་ཡིན་ནོ། །འོན་ཀྱང་གཡོ་མེའི་ཨ་ཁྲིད་ཀྱི་གཞུང་ནི་ངོ་སྤྲོད་རིན་ཆེན་གསལ་འདེབས་ལ་ཐུན་མཚམས་བརྒྱད་དམ་བཅུ་པ་ཟེར་བས་ན། གཡས་རུའི་ཨ་ཁྲིད་ཀྱི་གཞུང་བསྡུས་ཤོས་སམ། ཐོག་མར་གྱུར་པ་ནི་གཞུང་འདི་ཉིད་ཡིན་ཞིང་། གཞུང་འདིའི་ཆ་ལག་ཏུ་གཡོ་མེས་མཛད་པ་ཡག་ལན་བརྒྱད་པ་ཚུན་ཆད་ཡོད། དེ་ནས་གཡོར་པོ་མེ་དཔལ་གྱི་སློབ་མ་འ་ཞ་བདུད་རྩི་རྒྱལ་མཚན་དང་། དེའི་སློབ་མ་འ་ཞ་བློ་གྲོས་རྒྱལ་མཚན་ཡིན་ཞིང་། འ་ཞ་བློ་གྲོས་རྒྱལ་མཚན་གྱིས་ཀྱང་ཨ་ཁྲིད་ཀྱི་གཞུང་འགྲེལ་གནང་ཡོད་པ་ནི། ཉམས་རྒྱུད་བླ་མའི་རྣམ་ཐར་ལས། དགོས་གདམས་པ་རིན་པོ་ཆེ་འདི་ལ་ཡང་། འགྲོ་མགོན་གཡོར་མེའི་མཛད་སྲོལ་ཇི་ལྟ་བ་བཞིན། ཉུང་དུ་བསྡུས་ཤིང་གོ་བདེ་བའི་ཕྱིར་དུ། ཐུན་མཚམས་བཅུ་གསུམ་པ་དང་། བར་དོ་གནད་དོན་བཞི་པ་མཛད། ཅེས་དང་། མན་ངག་མཐའ་དག་གི་གནད་ཅིག་ཏུ་དྲིལ་ནས་གདམས་པ་རིན་པོ་ཆེ་མུན་སེལ་སྒྲོན་མ་ཞེས་བྱ་བ་བསྒྲིགས་སོ། །ཞེས་གསུངས། འགྲོ་མགོན་བློ་གྲོས་ཀྱི་སློབ་མ་བྲུ་འདུལ་བ་རིན་པོ་ཆེ་ཞེས་རི་སྒོམ་པ་ཆེན་པོ་དེ་ཉིད་ཡིན་ཞིང་། དེའི་སློབ་མ་བྲུ་སྒོམ་རྒྱལ་བ་གཡུང་དྲུང་ཞེས་པ་དེ་ཉིད་ཡིན།  དེ་ཡང་བླ་མ་དེ་ཉིད་གཡས་རུའི་ཨ་ཁྲིད་ཀྱི་གདམས་པ་འདི་ལ་བཀའ་དྲིན་ཆེ་བ་ནི་རྗེ་ཉིད་ཀྱིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་། ངོ་སྤྲོད་རིན་ཆེན་གསལ་འདེབས་ཀྱི་རྒྱབ་སྐྱོར་གྱི་གདམས་པ་སྟེ་གཡོ་མེའི་ཨ་ཁྲིད་ཀྱི་འགྲེལ་བ་དང་། ཨ་ཁྲིད་བླ་མའི་གསོལ་འདེབས། ཨ་ཁྲིད་བླ་མའི་རྣམ་ཐར་སོགས་འོ་ཅག་ལ་ཕ་ནོར་བུར་བཞག་ཡོད་པས་དང་། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་ལས། དེ་ལྟར་མན་ངག་ཁྲིད་ཀྱི་ལག་ལེན་གོ་རིམ་དང་ཐུན་མཚམས་དང་བཅས་པ། རྗེ་རི་ཁྲོད་པ་ཡབ་སྲས་རྒྱུད་པ་དང་བཅས་པའི་མཛད་སྲོལ་ལོ། །འགྲོ་མགོན་གཡོ་མེ་དང་། མཚན་ལྡན་བློ་གྲོས་རིན་པོ་ཆེའི་ཐུགས་བཅུད་མཉམ་མེད་འདུལ་བ་རིན་པོ་ཆེའི་ཞལ་གདམས་ཕྱག་ལེན་ཅི་ལྟ་བ་ལ། ཞེས་པས་གདམས་པ་འདི་ཉིད་དོན་གྱི་ཆ་ནས་རི་ཁྲོད་པ་ཡབ་སྲས་ཀྱི་མཛད་སྲོལ་ཡིན་པ་དང་། ཚིག་གི་ཆ་ནས་གཡོ་མེ་དང་། མགྲོ་མགོན་བློ་གྲོས་གཉིས་ཀྱི་ཁྲིད་གདམས་ལས་བྱུང་བར་བསྟན་པ་ཤེས་སོ། །འོན་ཏེ་གསུང་བརྒྱུད་ཁྲིད་བརྒྱུད་ལྟར་ན་ཨ་ཁྲིད་ཐོག་མར་གསུང་པ་པོ་ནི་དགོངས་མཛོད་རི་ཁྲོད་ཆེན་པོ་ཡིན་ཞིང་། ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་པ་མཛད་པ་དང་། འགྲོ་མགོན་བློ་གྲོས་ཀྱིས་དེ་ལས་བསྡུས་ཏེ་ཐུན་མཚམས་སུམ་ཅུ་པ་དང་། བྲུ་རྒྱལ་གྱིས་བཅོ་ལྔར་བསྡུས་ཞེས་གསུང་སྲོལ་ཡོད། གསུང་ཚུལ་བར་པ་འགྲོ་མགོན་གྱིས་ཐུན་མཚམས་སུམ་ཅུ་པ་མཛད་ཅེས་པ་དང་། ཨ་ཁྲིད་བླ་མའི་རྣམ་ཐར་ལས་ཀྱང་འགྲོ་མགོན་གྱིས་ཐུན་མཚམས་བཅུ་གསུམ་པ་མཛད་ཅེས་གསུངས་པ་དང་མི་མཐུན་ཕྱིར། གསུངས་སྲོལ་དེ་ནི་དོན་དང་མི་མཐུན་པ་ཡིན་ནམ་སྙམ། སྤྱིར་ཨ་ཁྲིད་བླ་མའི་རྣམ་ཐར་རྣམས་ལས་དགོངས་མཛོད་ཆེན་མོའི་ཨ་ཁྲིད་གསུངས་པ་དངོས་སུ་ཐོན་མེད་ཀྱང་། ཁྲིད་གཞུང་གཞུང་གསུམ་ཡོད་པ་གོང་ཞུས་ལྟར་ལ། གདམས་པ་འདི་དོན་གྱི་ཆ་ནས་ཡར་དགོངས་མཛོད་ཆེན་པོར་ཐུག་ཀྱང་། གཡས་རུ་ཨ་ཁྲིད་ཀྱི་དཔེ་རྒྱུད་ཀྱི་ཆ་ནས་ཕུགས་གཡོར་མེར་གཏུགས་པ་དེར་ཁོ་བོས་ཀྱང་འཐད་ལྡན་དུ་བསམ་གྱི་ཡོད་པ་ཡིན། གཡོར་མེའི་ངོ་སྤྲོད་རིན་ཆེན་གསལ་འདེབས་ལ་ཐུན་མཚམས་འདི་དག་ཡོད་དེ། གཞུང་དེ་ཉིད་ལས། ཁྱད་པར་ཡང་རྩེ་འདུས་པའི་ལྟ་དགོངས། ཚིག་ལྷུག་པ། མན་ངག་མཛུབ་ཚུགས།  སེམས་ཐུག་འཕྲད། དོན་གྱི་རྩ་བ་ནས་འཛིན་པ་འདི་ལ་གསུམ་སྟེ། སྔོན་འགྲོ། རྔོས་གཞིའ། རྗེས་ཀྱི་བྱ་བའོ། །དང་པོ་ལ་བཞི་སྟེ། བརྒྱུད་པའི་བྱིན་རླབས་སྔོན་དུ་འགྲོ་བ་དང་། གཞན་དོན་བྱང་ཆུབ་ལ་འདུན་པའི་སེམས་བསྐྱེད་སྔོན་དུ་འགྲོ་བ་དང་། སློབ་མའི་སྣོད་བརྟག་སྔོན་དུ་འགྲོ་བ་དང་། ཚོགས་བསགས་དང་རིམ་འགྲོའི་ཡན་ལག་སྔོན་དུ་འགྲོ་བའོ། །ཞེས་པའི་སྔོན་འགྲོ་ལ་བྱིན་རླབས་འཇུག་པའི་ཕྱིར་གསོལ་བ་འདེབས་པ་དང་། སེམས་བསྐྱེད་པ། སློབ་མའི་སྣོད་བརྟགས་པ། ཚོགས་བསགས་དང་བར་ཆད་སེལ་བའི་རིམ་འགྲོ་བཅས་སྔོན་འགྲོ་ལ་ས་བཅད་བཞི་དང་། གཉིས་པ་དངོས་གཞི་ལ་གསུམ་ཡོད་པ་ནི་གཞུང་དེ་ཉིད་ལས། གཞིའ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་དང་། ལམ་ཁྱད་པར་འཕགས་པའི་རིམ་པ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་འཆར་ཚུལ་ལོ་ཞེས་སོ།།

གསུམ་པ་རྗེས་ཀྱི་བྱ་བ་ལ་གཞུང་ལས། འདིའམ་གཞན་དུ་ཡེ་ཤེས་ཟང་ཐལ་བསྟན། དེ་ནས་རྗེས་ཀྱི་བྱ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའ་སྟེ། ཡོན་བཤད་དང་བཅས་པའམ། རྒྱས་བསྡུས་གནས་སྐབས་དང་བསྟུན་ནོ། །དེས་རྗེས་ཀྱི་བྱ་བའི་ཐུན་མཚམས་ཏེ་བཅུ་པའོ། །ཞེས་སོ། །དེ་ལ་འདིར་ཐུན་མཚམས་བཅུ་ནི། ༡ སྔོན་འགྲོ་ལ་བཞི་ཡོད་པ་དེ་དག་གཅིག་ཏུ་བརྩི་བ་དང་། དངོས་གཞི་ལ་གསུམ་གསུངས་པ་ལས། ༢ གཞིའ་ལ་ཐུན་མཚམས་གཅིག་དང་། གཉིས་པ་ལམ་ལ་ལམ་ཁྱད་པར་དུ་འཕགས་པའི་རིམ་པའི་རྒྱུ་མཚན་དང་། ལམ་གྱི་རིམ་པ་དང་། ཤིང་རྟའི་སྲོལ་དང་བསྟུན་པ་བཅས་གསུམ་ཡོད་པ་ལས། ༣ ལམ་ཁྱད་པར་འཕགས་པའི་རིམ་པ་ལ་ཐུན་མཚམས་གཅིག ལམ་གྱི་རིམ་པ་ལ་གསུམ་ཡོད་པ་ནི། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དང་། སྨིན་པ་གྲོལ་བར་བྱེད་པ། གྲོལ་བ་མཐར་ཕྱིན་པར་བྱེད་བཅས་གསུམ་དང་དེའི་གཉིས་པ་གྲོལ་བར་བྱེད་པ་ལ་གསུམ་ཡོད་པ་ནི། མཚན་བཅས་དང་། མཚན་མེད། ངོ་སྤྲོད་དང་གསུམ། ཕྱི་མ་ངོ་སྤྲོད་ལ་དང་པོ་རང་འབྱུང་ཡེ་ཤེས་ངོས་བཟུང་བ། བར་དུ་བློ་བྱས་ཀྱི་དྲི་མ་དབྲལ་བ། ཐ་མ་དྲི་མེད་ཡེ་ཤེས་ལམ་དུ་བསླང་པ་དང་གསུམ་ལས། ༤ རང་འབྱུང་ཡེ་ཤེས་ངོས་བཟུང་བརྩིས་པ་ཡན་ལ་ཐུན་མཚམས་གཅིག ༥ གཉིས་པ་བློ་བྱས་ཀྱི་དྲི་མ་དབྲལ་བ་ལ་ཐུན་མཚམས་གཅིག ༦ ཤིང་རྟའི་སྲོལ་དང་བསྟུན་དེ་ལམ་ཁྱད་པར་འཕགས་པའི་ཞེས་པ་ཡན་ཐུན་མཚམས་གཅིག འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་འཆར་ཚུལ་ལ་སྐུའི་འཆར་ཚུལ་དང་། ཡེ་ཤེས་ཀྱི་འཆར་ཚུལ་དང་། མཛད་པ་འཕྲིན་ལས་ཀྱི་འཆར་ཚུལ་དང་གསུམ་ཡོད་པ་ལས། ༧ སྐུ་དང་ཡེ་ཤེས་གཉིས་ཀྱི་འཆར་ཚུལ་ལ་ཐུན་མཚམས་གཅིག་དང་། ༨ མཛད་པ་འཕྲིན་ལས་ཀྱི་འཆར་ཚུལ་ལ་ཐུན་མཚམས་གཅིག་ཏུ་བྱས་པའི་བརྒྱད་པ་མཛད་པ་འཕྲིན་ལས་ཀྱི་འཆར་ཚུལ་ཡིན་པ་ནི་གཞུང་དེ་ཉིད་ལས། དེས་མཛད་པའི་འཕྲིན་ལས་ཐུན་མཚམས་ཀྱི་ལེའུ་སྟེ་བརྒྱད་པའོ། །ཞེས་སོ། །རྗེས་ཀྱི་བྱ་བ་ལ་གཞུང་ལས། འདིའམ་གཞན་དུ་ཡེ་ཤེས་ཟང་ཐལ་བསྟན། དེ་ནས་རྗེས་ཀྱི་བྱ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའ་སྟེ། ཞེས་གསུངས་པས། ༩ ཡེ་ཤེས་ཟང་ཐལ་དུ་བསྟན་པ་ལ་ཐུན་མཚམས་གཅིག ༡༠ རྗེས་སུ་བླ་ན་མེད་པ་བྱང་ཆུབ་ཏུ་བསྔོ་བ་ལ་ཐུན་མཚམས་གཅིག་བཅས་བཅུའོ། །དེ་ཡང་གོང་དུ་མཛད་པ་འཕྲིན་ལས་ཀྱི་ཐུན་མཚམས་ལ་བརྒྱད་པ་སོགས་ཐུན་མཚམས་གོང་མ་བརྒྱད་ལ་གཞུང་ནས་ཐུན་མཚམས་དང་པོ་དང་། གཉིས་པ་སོགས་བྱུང་ཞིང་། རྗེས་བྱའི་སྐབས་སུ་དེའི་རྗེས་ཀྱི་བྱ་བའི་ཐུན་མཚམས་ཏེ་བཅུའ་པའོ། །ཞེས་བྱུང་བ་ལས་དགུ་པ་མ་བྱུང་ཞིང་། ཐུན་མཚམས་དགུ་པ་དང་བཅུ་པ་གཉིས་སུ་ཚིག་འབྲུ་ནི་འདིའམ་གཞན་དུ་ཡེ་ཤེས་ཟང་ཐལ་བསྟན། དེ་ནས་རྗེས་ཀྱི་བྱ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའ་སྟེ། ཡོན་བཤད་དང་བཅས་པའམ། རྒྱས་བསྡུས་གནས་སྐབས་དང་བསྟུན་ནོ། །དེས་རྗེས་ཀྱི་བྱ་བའི་ཐུན་མཚམས་ཏེ་བཅུ་པའོ། །ཞེས་པ་ཙམ་ལས་མེད་པས་ན། ཡོངས་འཛིན་ཆེན་མོས་ཀྱང་། ཐེག་ཆེན་སྒོ་རུ་སྐལ་བཟང་འཇུག་པའི་ཆེད། །སེམས་ལྡན་གཡོ་མེས་ཐུན་མཚམས་བརྒྱད་དམ་བཅུ། །བསྡུས་ཏེ་གཡས་རུའི་ཨ་ཁྲིད་ཅེས་སུ་གྲགས། །འདི་ནི་ཁྲིད་མཚམས་འཕེལ་འགྲིབ་ཡོངས་ཀྱི་གཞི། །ཞེས་གསུངས་པས་སོ། །དེས་ན་བྲུ་རྒྱལ་གྱི་ཐུན་མཚམས་བཅོ་ལྔ་པ་ཡི་ཐུན་མཚམས་ཕལ་ཆེ་བ་ནི་གཡོར་མེའི་ཨ་ཁྲིད་ལས་དངོས་སུ་གསུངས་པའི་ཐུན་མཚམས་སམ་ས་བཅད་རྣམས་ཡིན་ཡང་འདིར་མ་བྲིས་སོ། །སྤྱིར་ན་གཡས་རུའི་ཨ་ཁྲིད་ཀྱི་ལོ་རྒྱུས་ནི་གཞུང་འདིའི་རྒྱུན་འཛིན་བྱེད་པའི་བཤེས་གཉེན་དམ་པའི་མཛད་འཕྲིན་ལ་ཐུག་ཅིང་། ལོ་རྒྱུས་ངོ་མ་ནི་དམ་པ་དེ་དག་གི་རྣམ་ཐར་ལ་ཐུག་པ་ཡིན་ནོ། །དེ་ཡང་ཁོ་བོས་གལ་ཆེའི་སྐོར་རགས་ཙམ་སྨོས་པ་ལས་རྣམ་ཐར་རྒྱས་པ་འདིར་མི་བཤད། དེ་ལ་གདམས་པའི་གཞུང་ངོས་ནས་བཀའ་དྲིན་ཅན་དང་། གདམས་དོན་ཉམས་བཞེས་ཀྱི་བཀའ་དྲིན་ཅན་གཉིས་སུ་བཤད་པར་འདོད། མཁས་པ་མེ་དཔལ་ནི་གཞུང་འདིའི་གདམས་པའི་ངོས་ནས་བཀའ་དྲིན་ཅན་ཡིན་པ་ནི་གོང་དུ་ཞུས་ཟིན་ཞིང་། འགྲོ་མགོན་བློ་གྲོས་ནི་གདམས་པའི་གཞུང་གི་ངོས་ནས་བཀའ་དྲིན་ཅན་ཡིན་ཏེ། གཞུང་ཨ་ཁྲིད་ཐུན་མཚམས་བཅུ་གསུམ་པ་གསུངས་པས་སོ། །བྲུ་འདུལ་བ་ནི་གདམས་དོན་ཉམས་བཞེས་ཀྱི་བཀའ་དྲིན་ཅན་ཡིན་པ་ནི། དབེན་པའི་གནས་སུ་བློ་ཐག་བཅད་ཚུལ་གྱི་བློ་སྟོབས་རྒྱ་ཆེ་བ་ཡིན་པས་སོ། །བྲུ་རྒྱལ་བ་ནི་གདམས་པའི་གཞུང་ངོས་ནས་བཀའ་དྲིན་ཅན་ཡིན་པ་ནི་གཞུང་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་། མེའི་ཨ་ཁྲིད་ཀྱི་འགྲེལ་བ་བཅས་གནང་བས་སོ། །སློབ་དཔོན་བསྟན་པ་འོད་ཟེར་ནི་གདམས་པའི་གཞུང་ངོས་ནས་བཀའ་དྲིན་ཅན་ཡིན་ཏེ། གདམས་པ་འདི་འཆད་སྤེལ་མཛད་པས་ན་སློབ་རྒྱུད་གྲུབ་ཐོབ་ཆེར་མང་བར་བྱུང་བས་སོ། །བྱ་དུར་ཉི་མ་འོད་ཟེར་ནི་གདམས་པའི་དོན་གྱི་བཀའ་དྲིན་ཅན་ཡིན་ཏེ། ཆུང་ནས་རིག་པ་རང་བབ་ཏུ་གནས་པ་ནི་གཞུང་འདིའི་སྣོད་ལྡན་གྱི་སློབ་མའི་དཔེ་གསེར་སྣོད་དང་འདྲ་བ་ཡིན་པས་སོ། །ཕྱིས་སུ་གདམས་པ་འདི་ལ་གཞུང་དོན་གཉིས་ཀར་བཀའ་དྲིན་ཅན་འདྲེན་མཆོག་མངྒ་ཝེར་ཞིའམ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ཡིན་ཏེ། གཞུང་བཀའ་ལུང་རྒྱ་མཚོ་དང་སྐུ་གསུམ་རང་ཤར་གནང་ཞིང་། ཉམས་བཞེས་ཀྱིས་ཟག་མེད་འོད་སྐུར་གཤེགས་པས་སོ། །དབྲ་སྲས་ཟླ་བ་གྲགས་པ་ཡང་གདམས་པའི་ཉམས་བཞེས་ཀྱི་བཀའ་དྲིན་ཅན་ཡིན་ཏེ་འཇའ་ལུས་འོད་སྐུར་གཤེགས་པས་སོ།། དེ་དག་ནི་དེང་རབས་ལྟར་བཤད་ན་བྱ་དགའ་ཐོབ་པའི་བླ་རྒྱུད་ཡིན་ཞིང་གཞན་བརྒྱུད་པའི་རྣམ་ཐར་རྣམས་སུ་ཞིབ་པས་འདིར་མི་འབྲིའོ། །བློ་ངོར་འཆར་ཚོད་ཙམ་ཡིན།

Re:གཡས་རུའི་ཨ་ཁྲིད་ཆེན་མོའི་ལོ་རྒྱུས། | 2013/7/2 12:18:11
wangjiaབཀླགས་ཡོད་ལགས།
Re:གཡས་རུའི་ཨ་ཁྲིད་ཆེན་མོའི་ལོ་རྒྱུས། | 2013/9/3 18:30:56
སྐུ་མགྲོན་J51Qi7(སྐུ་མགྲོན)གསར་ཚུལ་གཞན་ཡོད་དམ་མེད།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ཀྱིས་དྲི་བ་གསལ་པོར་གནང་རོགས།
རྩོམ་པ་པོ།:སྐུ་མགྲོན་J51Qi7(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.