སེམས་ཀྱི་རླབས་སྒྲ།
བསམ་ཚད་ལག་ཏུ་ལེན་པ་མཁས་པ་མིན།།
དྲན་ཚད་དབྱངས་སུ་སྐྱོན་པ་སྙན་ངག་མིན།།
མཐོང་ཚད་ལད་ཟློས་བྱེད་པ་མིག་ལྟོས་མིན།།
ཤེས་ཚད་བེད་སྤྱོད་བྱེད་པ་སྔོན་ཐོན་མིན།
རང་སེམས་རང་གིས་བསྐྱོང་བ་འཁོས་ཆུང་མིན།།
སྒོ་གསུམ་བག་ཡོད་བྱེད་པ་བཙོན་ལས་མིན།།
སེམས་པར་ཚོད་འཛིན་བྱེད་པ་བྲན་གཡོག་མིན།།
སེམས་དོན་ཁོང་དུ་སྦས་པ་རུལ་སུང་མིན།།
གསང་བ་ཤོད་རྐྱང་བྱེད་པ་ཁོག་ཡངས་མིན།།
ཡོད་ཚད་ལག་ལེན་བྱེད་པ་བག་ཡངས་མིན།།
ཆགས་གཏམ་སྨྱུག་རྩེར་སྐྱོན་པ་རྩོམ་ཡིག་མིན།།
རང་སྐྱོན་རང་གིས་གླེང་བ་ཉམ་ཆུང་མིན།།
གཞན་སྐྱོན་ཐད་འཛུགས་བྱེད་པ་སྤྱོད་གཙང་མིན།།
ཁ་ལག་བྱི་དོར་མང་བ་གཙང་སྦྲ་མིན།།
གོང་ལ་ཡར་ལན་མང་བ་བསམ་འཆར་མིན།།
མར་ལ་བཀོད་སྒྲིག་ཚ་བ་སློབ་གསོ་མིན།།
ཐད་ལ་བཅོས་བསྒྱུར་མང་བ་བཀོད་སྒྲིག་མིན།།
སེམས་ལ་འགྱུ་དྲན་ཚ་བ་སྤྱང་གྲུང་མིན།།
ལུས་ལ་བཅའ་བཅོས་མང་བ་སྦྱང་བརྡར་མིན།།
ངག་ལ་སྨྲ་བརྗོད་མང་བ་ལེགས་བཤད་མིན།།
མིན་པ་མང་འདི་མིན་པའི་ཐུགས་ལ་ཞོགས།།
- ཟིན་ཐོ་གོང་མ།ཆང་གཞས།།
- ཟིན་ཐོ་འོག་མ།རྫོང་དྲུག་ཡུལ་གྱི་གཏམ་རྒྱུད།།