ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགོས་ན་ལོངས། | 2013/9/4 18:02:00

       

  ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པའི་ཁྲིད་

                  བཞུགས་སོ།།

 

                                                བྲུ་རྒྱལ་བ།

 

ཀུན་ཏུ་བཟང་པོ་ཁྱབ་བདལ་འགྲོ་བ་འདྲེན།།

      རང་རིག་མངོན་དུ་གྱུར་ལ་ཕྱག་འཚལ་ལོ།།

   གཉིས་པ་ལམ་ཉམས་སུ་བླངས་པ་འོད་གསལ་སྒོམ་པའི་ཁྲིད་ལ་གསུམ་སྟེ། སྒོམ་ཚུལ་གྱི་རིམ་པ་སྐྱོང་ཐབས་དང་། སྒོམ་བྱེད་བློའི་དྲི་མ་གསལ་ལུགས་དང་།

བསྒོམ་པའི་ཉམས་དང་འོད་གསལ་འཆར་ཚུལ་ལོ།།

དང་པོ་སྐྱེ་འཆི་གཏིང་ནས་འཇིགས་ཤིང་། བྱང་ཆུབ་དོན་དུ་གཉེར་བ། དད་པ་སྐྱོ་ངས་མེད་ཅིང་བླ་མ་གཙུག་ཏུ་ཁུར་བ། འཇིག་རྟེན་བྱ་བ་གཏང་ནས་རིག་པ་རྐྱང་འདེད་ནུས་པའི་གང་ཟག་གིས། གོང་དུ་གདམས་པའི་དམར་ཁྲིད་ཕྱག་ལེན་ངོ་སྤྲད་ལ་སོགས་རྫོགས་པར་ཐོབ་ནས་སྐྱོང་བར་འདོད་ན། དབེན་ཞིང་དགེ་བ་འཕེལ་བའི་གནས་ཆེན་ནམ། ཡང་ན་མཚོ་གླིང་ནཊ་ཕུག་གངས་བྲག་ལ་སོཊ་མཐོ་ཞིང་གཙང་ལ། ཁྱད་པར་ཉིན་མཚན་གྱི་གནས་གོང་ལྟར་སྟབས་བདེ་བ་འཐད་པའི་ས་རུ། གྲོགས་བཅུད་ལྡན་རེ་རེ་ཙམ་ལས་མེད་པར་བྱས་ཏེ། བརྟན་པ་མ་ཐོབ་བར་དུ་གཡེང་བ་སྤངས། ངལ་དུབ་སྐྱོ་ངས་མི་བྱ་མཚམས་བསྡམས། ངག་གཞན་དང་མི་བསྲེ། ཟས་གོས་ཆ་སྙོམས། འདུ་འཛིའི་འགྲུལ་ཐག་བཅད། མཐུན་རྐྱེན་ལེགས་པར་འཚོགས་པ་དང་། ཐབས་ལམ་དང་། ཁྲིད་ཚུལ་དང་། བོགས་འདོན་ལམ་ཁྱེར་ངོ་སྤྲོད་ལ་སོགས་མང་དུ་གསུངས་ཀྱང་། གལ་ཆེ་ཤོས་ཁོ་རང་ལ་ཐུག་པས། རིག་པ་སྒྲིབ་མེད་འོད་གསལ་ཆེན་པོའི་དོན་ལརྩེ་གཅིག་ཏུ་ཧྲིལ་གྱིས་དྲིལ་ནས། རླུང་སེམས་གནད་ཀྱི་གདམས་པ་དང་མཚན་སྣང་སྐབས་སྦྱར་དུ་སྤྲད་དེ་ཉམས་སུ་བླངས། ལེན་ཚུལ་ནི། བླ་མ་བཅུད་ལྡན་དང་། གདམས་པ་ཟབ་མོའི་དགོངས་པ་ལོན་པས་བསྒོམ་ཤེས་པ་དང་། བརྩོན་འགྲུས་དྲག་པོས་དར་ཙམ་ཡང་བཏང་སྙོམས་སུ་མི་འཇོག་པར་བརྩོན་པས་བསྒོམ་པ་དང་། ལོ་ཟླ་ཞག་གྲངས་ཅི་སོང་ཡང་། ཉམས་མྱོང་རྒྱུད་ལ་མ་ཤར་བར་ལ་སྲན་ནུས་པས་ཡུན་རིང་དུ་བསྒོམ་པ་དང་། དུས་དང་རྣམ་པ་ཀུན་ཏུ་གང་གིས་ཀྱང་བར་མ་ཆོད་པར། འདི་ཉིད་ལ་རྐྱང་འདེད་དུ་བྱེད་ཅིང་བར་ཆད་མེད་པར་བསྒོམ་པ་དང་། བཞི་པོ་དེ་ཚུལ་དང་མཐུན་པར་སྐྱོང་ཞིང་སྒོམ་པ་དང་། ཕྱིའི་སྣང་བ་འཆར་ཚུལ། ནང་གི་ཉམས་མྱོང་སྐྱེ་ཚུལ་ཐམས་ཅད། འཇུག་པ་གཅིག་ཏུ་ཡར་གྱིས་ངོ་བཞིན་ཇེ་འཕེལ་ཇེ་རྒྱས་ལ་འབྱུང་སྟེ། གཟེར་བུ་ལས། དབེན་ལ་ཉམས་དགའི་རི་ཁྲོད་དགོན་པ་རུ།སྐྱེ་འཆི་གཏིང་ནས་འཇིགས་པའི་གང་ཟག་གིས།ཀུན་གཞི་ངོས་བཟུང་རིག་པ་དམར་ཐག་བཅད། ཅེས་དང་། ལྡེ་མིག་ལས། མོས་པའི་ཕྱོགས་སུ་ལས་བྱས་ན། ངལ་བ་མེད་པ་ཀུན་ཀྱང་འགྲུབ། ཅེས་གསུངས་སོ།།

༧ གཉིས་པ་གནས་ལུགས་ཐེག་ཆེན་གྱི་དོན་ཉམས་སུ་ལེན་པར་བྱེད་པ་ལ།

ཕྱི་མི་དང་མི་མ་ཡིན་གྱི་བར་ཆད། ནང་འདུ་བ་ནད་ཀྱི་བར་ཆད། གསང་བ་   བསྒོམ་པ་ཉམས་ཀྱི་བར་ཆད་གསུམ་འབྱུང་བས། དེའི་དང་པོ་ལ། འཇིག་རྟེན་གྱི་འཕྲེང་ཐོག ཉེ་འབྲེལ་གྱི་གདུང་སེམས། ཡུལ་ནོར་གྱི་ཞེན་ཆཊ་ཐམས་ཅད་བདུད་དུ་ཤེས་པར་བྱས་ལ། ལེགས་པར་མི་ཁྱུ་ནས་འབུད་དོ། །གདོན་ལ་རིམ་གྲོ་བཀའ་བསྒོ། གཏོར་མ་སྦྱིན། ཕུང་པོ་གཟན་དུ་བསྐྱུར་རོ། །གཉིས་པ་ནད་ལ་འཁྲུལ་འཁོར་རླུང་དང་དམིགས་ལ། སྒྲ་སྐད་ལ་སོགས་པས་གགས་སེལ་བཞིན་དུ་འཆོས། ཕྲ་བུ་རྣམས་བྱུང་རྒྱལ་དུ་གཏོང་ངོ་།།

༧ གསུམ་པ་བསྒོམ་པ་ཉམས་ཀྱི་གགས་ལ་མང་ཡང་། བསྡུས་ན་ལྟ་བསྒོམ་སྤྱོད་པ་གསུམ་ལ་འདུས་པས། ལྟ་བ་ལ་ཚིག་གི་རྫོང་ལ་ཞེན། དོན་གྱི་འགགས་ལ་བྲེ་བའི་ཁ་འབྱམས་དུ་སོང་བ་དང་། གོ་བློ་ཡོད་ཀྱང་རང་མཚན་མ་ཤར་བའི་དོན་སྤྱི་རུ་ཤར་བ་དང་། ད་ལྟ་ཉམས་སུ་མི་ལེན་པར། ཕྱི་དུས་འདེབས་པའི་རེ་འདོད་དུ་ཤོར་བ་དང་། ཡིན་ལུགས་མ་ཤེས་པའི་འོལ་ཚོད་བཟོས་པའི་བློ་བྱས་སུ་ཤོར་བ་དང་། སྤྲོས་མཐའ་མ་ཆོད་པར་ཕྱོགས་གཅིག་ཏུ་ལྟ་བ་རྩེ་གཉིས་སུ་ཞེན་པ་དང་ལྔའི་གོལ་ས་རུ་མ་ཤོར་བར་བྱ། སྒོམ་པ་ལ་བདེ་བ་མངོན་དུ་ཞེན་པ་དང་། གསལ་བ་ལ་ངེས་པའི་སྐྱེས་པ་དང་། མི་རྟོག་པ་ལ་མཆོག་ཏུ་འཛིན་པ་དང་། དྲན་བཞིན་མེད་པ་གླེན་སྒོམ་དུ་སོང་བ་དང་། བྱིང་རྨུགས་སུ་འཐིབས་པས་གསལ་མདངས་མ་མཐོང་པ་དང་། རྒོད་ལྡིངས་འཐོར་བས་གནས་ཆ་མེད་པ་དང་། འདྲེད་འཛུར་འཐས་པས་བསྐྱེད་འབོག་མེད་པ་རྣམས་ཀྱིས། གོལ་ས་རུ་མ་སོང་བར་བྱ། སྤྱོད་པ་ལ་ཟོལ་ཟོག་མེད་ཐོ་ཅོའི་སྤྱོད་པ་དང་། ཆེད་བྱས་ཚུལ་ཆོས་ཀྱི་སྤྱོད་པ་དང་། བཏང་སྙོམས་ལེ་ལོའི་སྤྱོད་པ་དང་ལྔའི་གོལ་ས་རུ་མ་སོང་བར་བྱ་སྟེ། གསུང་རབ་ལས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོལ་དུ་འགྲོ་བའི་ཚོང་པ་ལམ་དུ་ཞུགས་པ་ལ། གནོད་པར་བྱེད་པའི་དགྲ་མང་བས། སྐྱེས་བུ་དག་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་སོ།།

༧ གསུམཔ་སྒོམ་པས་ཉམས་དང་འོད་གསལ་འཆར་ཚུལ་ལ་གསུམ་སྟེ། དང་པོ་ཤར་བའི་སྣང་བ་འབྱུང་ཚུལ་དང་། དེ་བསྒོམ་པའི་སྣང་བ་འཕེལ་ཚུལ་དང་། དེ་དག་ལམ་གྱི་རིམ་པ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། ཕྱིའི་སྣང་བ་མཐོང་ཚུལ་དང་། ནང་གི་ཉམ་མྱོང་སྐྱེ་ཚུལ་ལོ། །དང་པོ་ལ་སྒྲོན་མ་ལས། རྩལ་གྱི་སྦྱོང་ཐབས་བསྟན་པ་ནི། འགྱུ་བ་ཟེར་གྱི་ཉ་མོ་དེ། མུན་ཁང་འོད་ཀྱི་རྒྱ་ལ་བཟུང་། ཀུན་གསལ་རིག་པའི་མེ་ལོང་དེ། སྣང་གསལ་ནམ་མཁའི་མཐོངས་སུ་བསྟན། དྲན་པ་སེམས་ཀྱི་མདང་མོ་དེ། སྣང་བ་འོད་ཀྱི་ཕུབ་ལ་གཏད། དེའི་ཚེ་གཟུཊ་སྐུའི་ས་བོན་མཐོང་། མཁའ་ལ་སྐར་ཚོགས་ཤར་བ་འདྲ། ཞེས་གསུངས་པ་ལྟར། ཉམས་སུ་བླངས་པས། དང་པོའི་དུས་སུ་འབྱུང་བ་ལྔའི་རྟགས་གོང་ལྟར་ལ། གཞན་ཡང་འོད་དང་ཟེར་དང་། ཟ་འོག་གི་སྣམ་བུ་ཁ་ཕྱེ་བའམ།     གཞའ་ཚོན་ཤར་བའམ་དཀྱིལ་འཁོར་བྲིས་པ་ལྟ་བུ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ། ཕྱར་བའམ། རེ་ལྡེའམ། གོམ་པ་དང་། ཡུལ་གྲུའམ། ནམ་མཁའ་བར་སྣང་གང་བར་འཆར་ཏེ། ཞིང་ཁམས་ཀྱི་གཞི་ཡིན་ནོ། །དེ་དག་གི་ནང་དུ་གཟུགས་སྐུའི་ས་བོན་ཐིག་ལེ་སྐར་ཚོགས་བཀྲ་བ་ལྟར་འཆར་སྟེ། གཟེར་བུ་ལས། སྣང་བ་འོད་ལྔའི་ཞིང་ཁམས་དཀྱིལ་འཁོར་གཞི། ཐིག་ལེ་གུར་ཁང་རིགས་ལྔའི་གཞལ་ཡས་ཁང་། ལྷག་མཐོང་སྐུ་ལ་སྣ་ཚོཊ་གཟུཊ་སྐུར་ཤར། ཞེས་གསུངས་སོ།། ༧ གཉིས་པ་ལ། དེའི་དུས་སུ་དགེ་སྦྱོར་ནི་སྤྲིན་བར་གྱི་ཉི་མ་བཞིན། ཧྲབ་ཧྲིབ་ཏུ་བྱེད་པ་ཐེ་ཚོམ་ཟ་བ་ལ་སོགས་འབྱུང་སྟེ། ཐུན་སྒོམ་གྱི་མགོ་ཡིན་ཚེས་གཅིག་གཉིས་ཀྱི་ཟླ་བ་དང་འདྲའོ།།    ༧ གཉིས་པ་དེ་ལ་གོམས་པའི་སྣང་བ་འཕེལ་ཚུལ་ལ་ལྔ་ལྟེ། སྣང་བ་འཕེལ་བའི་ཚུལ་དང་། སྣང་བ་མཆེད་པའི་ཚུལ་དང་། རྒྱས་པའི་ཚུལ་དང་། རྫོགས་པའི་ཚུལ་དང་། སྣང་བ་མཐར་ཐུག་པའི་ཚུལ་ལོ།།       དང་པོ་ལ་གཉིས་ཀྱིས་དང་པོ་གོང་ལྟར་རྩེ་ཅིག་ཏུ་ཉམས་སུ་བླངས་པས། དུས་ཇི་ཞིག་ལ་སྣང་བ་འཕེལ་བའི་ཉམས་སྣང་འཆར་སྟེ། འོད་གསལ་གྱི་སྣང་བ་གྲངས་མེད་པ་ཤར་བ་རྣམས་ཀྱིས་ནང་དུ། ཤེལ་མདོག་རིག་པའི་ཐིག་ལེ་སྲན་མ་ཙམ་དང་། དེ་ལས་ཆེ་བ་དང་། རྐྱང་པ་དང་། གཉིས་བརྩེགས། སུམ་སྦྲེལ་དང་། མང་པོ་སྦྲེལ་བ་དང་། གྱེན་ལ་འབྲེལ་བ། འཕྲད་ལ་འབྲེལ་བ་ལ་སོགས་དང་། དར་དཀར་ཉག་ཐག་ལྟ་བུ་ལ། ལུ་གུ་རྒྱུད་ཀྱི་ཐིག་ལེ་འཕྲེང་བ་ལྟ་བུ་རྒྱུས་པ་དང་། མ་རྒྱུས་པ་རྐྱང་པ་ཉག་ཐག་གིས་སྦྲེལ་བ་དང་། ཐིག་ལེ་དང་མ་འབྲེལ་ཉག་ཐག་རྐྱང་པ་ལ་སོགས་དུ་མར་སྣང་བ་ལ། འབྱུང་ལྔ་ཐམས་ཅད་གནས་དུ་མ་འཆུན་པས། ཁ་དོག་ཐམས་ཅད་དཀར་ཤས་ཆེ་བའམ། གང་དུ་རེ་རེ་རྐྱང་པའམ། ཅུད་ཟད་ཟིན་པས་ཁ་དོག་ལྔ་ཀ་ཚང་བའམ་རེ་རེ་འབྱུང་ལ། ཤས་ཆེར་ཁ་དོག་ཕྱོགས་རེ་རྐྱང་པ་མང་དུ་འཆར། ཐིག་ལེ་དེ་དག་གི་དཀྱིལ་ན་ལྷ་སྐུའི་རྣམ་པ་སྣང་ཙམ། བརྟགས་ན་གསལ་རྒྱུ་མེད་པའིཕྲ་མོ་རེ་ཡང་གནས་སོ། །གཞན་ཡང་འོད་ཟེར་དང་ཐིག་ལེ་དེ་དག་ཀྱང་། དར་ཙམ་གཅིག་མི་སྡོད་རི་གཟར་ཁ་ནས་ཆུ་འབབ་པ་ལྟ་བུའམ། དངུལ་ཆུ་འཐོར་འདྲིལ་བཞིན་དུ། གཡོ་འགུལ་འཐོར་འདྲིལ་དང་བཅས་པར་སྣང་སྟེ། སྒྲོན་མ་ལས། དེ་ལ་གོམས་ཤིང་འདྲིས་པ་ཡིས། གོམས་པའི་ཁྱད་པར་རྣམ་ལྔ་འབྱུང་། དང་པོ་སྣང་བ་འཕེལ་བར་འགྱུར། དངུལ་ཆུ་འཐོར་འདྲིལ་བཞིན་དུ་མཐོང་། ཞེས་དང་། གཟེར་བུ་ལས། རིག་པའི་ཟེར་དང་ཐིག་ལེའི་ཉག་ཐག་ནི། དང་པོ་རི་གཟར་ཁ་ནས་ཆུ་འབབ་འདྲ། ཞེས་གསུངས་སོ།།    ༧ གཉིས་པ་ལ། དེའི་དུས་སུ་རྩེ་གཅིག་གི་ཉམས་འཆར་ཏེ། ཤེས་པ་གསལ་ལ་མི་འཕྲོ་བ་དྭངས་སིང་ངེ་བ་གནས་པའི་ཉམས། སྟོང་རིག་མ་བུ་འཕྲོད་པའི་སྲབ་ཕྱལ་ལེ་བ་དེ། ཐུན་ལ་ཞུགས་དུས་གསལ་བར་འོང་སྟེ། དགའ་བ་ཁྱད་པར་ཅན་སྐྱེ། བཞུག་ཏུ་ཅུང་མི་གསལ་ཏེ། རྐྱེན་ཁ་ལ་རག་ལུས་ པའི་དགེ་སྦྱོར་ཅིག་སྐྱེ་བ་དེ་ནི། ཐུན་སྒོམ་ཟད་སར་སྐྱོལ་བ་ཡིན་ཏེ། ཚེས་གསུམ་བཞིའི་ཟླ་བ་དང་འདྲའོ། ༧ གཉིས་པ་མཆེད་པའི་ཚུལ་ལ་གཉིས་ཀྱི། དང་པོ་ལ། ཕྱོཊ་ཐམས་ཅད་འོད་གསལ་གྱི་སྣང་བ་འཆར་ཞིང་། དེ་དག་གི་ནང་དུ་ཤེལ་མདོག་རིག་པའི་ཐིག་ལེ་ཡང་འཆར་ཞིང་། འབྱུང་བ་ལྔ་ཀ་གནད་དུ་འཆུན་པས། ཤས་ཆེ་འོད་ལྔ་གུར་ཁང་གིས་ཐིག་ལེ་རེ་རེ་མུ་ཁྱུད་ལྔ་ལྔ་དང་ལྡན་པ་གསལ་ལ་དྭངས་པ། བཀྲ་ལ་གསལ་བ། ཉག་ཐག་རྣམས་ཀྱང་དཀར་པོ་ཁ་ཡར་ཡང་འཆར་ཞིང་། ཤས་ཆེར་ཁ་དོག་སྣ་ཚོགས་ལུ་གུ་རྒྱུད་ཀྱི་ཐིག་ལེ་འཕྲེལ་བ་རྐྱང་བ་ལྟ་བུ་ལ་ཡང་མུ་ཁྱུད་ལྔ་དང་ལྡན་པ། དེ་དག་གི་དཀྱིལ་ན་གཟུགས་སྐུའི་རྣམ་པ་འཕྲ་མོ། ཡིག་འབྲུའམ་མཆོད་རྟེན་ལ་སོགས་པ་གང་ཡང་རུང་བའི་གཟུགས་རྣམ་པ་སྣ་ཚོཊ་དང་། དེ་དག་གི་བར་དུ་གཞན་ཡང་འོད་དང་ཟེར་དང་གཟུགས་བརྙན་སོགས་ཀྱི་རྣམ་པ་ལ། འདི་འཆར་དང་འདི་མི་འཆར་གྱི་ངེས་པ་མེད་དེ། ཤར་བ་རྣམས་སྔར་བས་དལ་ཞིང་གཡུང་བ། ཅུང་ཙམ་སྡོད་ཚུགས་པར་འཆར་ཏེ། སྒྲོན་མ་ལས། དེ་ནས་སྣང་བ་མཆེད་པར་འགྱུར། མཁའ་ལ་ཉི་ཟླ་ཤར་ལྟར་མཐོང་། རིག་པ་འོད་ཀྱི་འཁོར་ལོ་མཐོང་། ཐིག་ལེ་འོད་ཀྱི་གུར་ཁང་མཐོང་། ཞེས་དང་། གཟེར་བུ་ལས། གཉིས་པ་ཆུ་བོ་རླུངས་༼ཀླུང་༽དུ་འབེབས་པ་འདྲ། ཞེས་པས། སྣང་བ་མཆེད་དུས། ཟེར་དང་ཐིག་ལེ་འོད་དང་ཉག་ཐག་ཐམས་ཅད་སྔར་བས་དལ་བ་གཡུང་བ། དར་ཙམ་སྡོད་ཚུགས་པ། ཟེར་དང་ཉག་ཐག་རྐྱང་རྐང་གི་ཚུལ་དུ་མགྱོགས་བུལ་སྣང་བའོ།། ༧ གཉིས་པ་ལ་གོང་གི་རྩེ་ཅིག་གི་ཉམས་སྲབ་མོ་དེ་ཉིད་སྤྲོས་བྲལ་གྱི་ཉམས་འཆར་ཏེ། ཇི་ཞིག་ཅིག་ལ་ཕྱི་ནང་ཐམས་ཅད་རང་གྲོལ་ཆེན་པོར་ཁྲོལ་གྱིས་སོང་ནས། གཡོ་མེད་རང་གསལ་ཆེན་པོའི་ངང་ལ་མི་འདའ་བར། རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ། མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ཏུ་ལྷག་གིས་འཆར་སྟེ། དཔེར་ན་ཚེས་ལྔ་དྲུག་གི་ཟླ་བ་དང་འདྲའོ། །སྒོམ་པའི་དུས་སུ་ཤིན་ཏུ་འཕེལ། མ་བསྒོམས་ཀྱང་སྐབས་སུ་འབྱུང་ངོ་། །དེ་ནི་སེམས་དཔའི་ངང་སྒོམ་སླེབ་པ་ཡིན་ནོ།།

༧ གསུམ་པ་སྣང་བ་རྒྱས་ཚུལ་ལ། གཉིས་ཀྱི་དང་པོ་ལ། རླུང་གི་སྣང་བ་རང་རྒྱུད་པ་འདི་ཉིད་འགགས་ནས། ནང་ནས་མཆོག་གི་འོད་གསལ་ཅུང་ཟད་མངོན་དུ་ཤར་ཏེ། དེ་ལྟར་གྱི་མ་དག་པ་མེ་ཆུ་ས་རླུང་གི་སྣང་བ་རང་རྒྱུད་པ་འདི་འགགས་ནས། དག་པ་སྐུའི་ས་བོན་དང་། ཞིང་ཁམས་ཀྱི་སྣང་བ་འཆར་ཏེ། སྣང་བ་ཕྱོགས་མཚམས་སྟེང་འོག་མདུན་རྒྱབ་ཐམས་ཅད་འོད་གསལ་གྱི་རང་བཞིན་ལ། འོད་ལྔའི་ཐིག་ལེ་སྦ་ཕུབ་ཙམ་དང་། རེ་ལྡེའམ། ཡུལ་གྲུའམ། ཆུང་བ་ཉུང་འབྲུ་ཙམ་ལ་སོགས་སུ་འཆར་ཞིང་། དེ་དག་རེ་རེ་ལ་ཡང་། ཐིག་ལེ་ལྔར་ལྔར་གྱེས་པ་དང་། དེ་ལ་འོད་གྱེན་འབྲེལ་རྩིབས་ཤར་མུ་ཁྱུད་ཅན་ལ་སོགས་ཀྱིས་སྤྲས་པ་དང་། ཕྱི་རིམ་འོད་ཀྱི་པད་མ་འཁོར་ལོ་གཡུང་དྲུང་རིན་པོ་ཆེ་ལ་སོཊ་ཀྱིས་བསྐོར་བ། དེའི་ཕྱི་རིམ་སྒོ་སྒོ་རྒྱན་དང་ཆས་པ། ལེགས་པར་འདོད་ཅིང་ཚང་པ། དཀྱིལ་ན་སྐུའི་རྣམ་པ་དོད་ཙམ་དང་ཕྱེད་རྫོགས་དང་། དབུ་དོད་པ་དང་། ས་བོན་ཡིག་འབྲུ་གསལ་བ་ལ་སོགས་འོད་ཟེར་ཉག་ཐག་དང་བཅས་པ་ཐམས་ཅད་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་མང་ཉུང་སྣང་ཡུལ་གང་ཞིང་། རེས་འགའ་ཅུང་ཙམ་འདྲིལ་ཏེ། གཟེར་བུ་ལས། གསུམ་པ་བྱ་ཁྲ་གཟན་ཚོལ་ལྟ་བུར་འགྱུར། ཞེས་དང་། སྒྲོན་མ་ལས། དེ་ནས་སྣང་བ་རྒྱས་པར་འགྱུར། རིགས་ལྔ་རྫོགས་སྐུའི་དཀྱིལ་འཁོར་མཐོང་། ཞེས་གསུངས་སོ།། ༧ གཉིས་པ་ལས། གོང་གི་སྤྲོས་བྲལ་རང་གྲོལ་གནས་ཆ་འཐུག་པོ་དང་བཅས་པ་དེ་ཉིད། ཇི་ལྟར་ཅིག་ལ་རིག་པ་སྟོང་གསལ་རྩ་བྲལ་ཆེན་པོ་ཞིག་ཏུ་ཧར་གྱིས་སོང་ནས། ཕྱི་ནང་ཡུལ་ཤེས་འཁོར་འདས་ཅི་བྱུང་ཅི་ཤར་ཐམས་ཅད་ཁོའི་ངང་དུ་རོ་གཅིག་པ་ཞིག་འབྱུང་བས། དེ་ལ་དུ་མ་རོ་གཅིག་གི་བསྒོམ་ཞེས་བྱ་སྟེ། ཚེས་བརྒྱད་དགུའི་ཟླ་བ་དང་འདྲ་སྟེ། སངས་རྒྱས་ཀྱི་དགོངས་པ་ལ་ཕྱེད་སླེབ་ཙམ་ཡིན། ངང་སྒོམ་ ཟད་སར་སྐྱོལ་ནས། ཀློང་སྒོམ་འགོ་ཟུག་པ་ཡིན་ནོ།།

༧ བཞི་པ་སྣང་བ་རྫོགས་པའི་འཆར་ཚུལ་གཉིས་ཀྱི་དང་པོ་ལ། མཆོག་གི་འོད་གསལ་མངོན་དུ་གྱུར་སྟེ། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་རང་ལ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། གབ་སྦས་མེད་པར་མངོན་དུ་འཆར་ཏེ། དེ་ཡང་རང་སྣང་དག་པས་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར། ཕོ་བྲང་ཆེན་པོ་མ་འདྲེས་པ། སོ་སོ་ལ་བཀྲ་ལ་གསལ། བརྩིག་པ་སྒོ་སྒོ་རྒྱན་སྣམ་བུ་དང་བཅས་ཁྱུང་གུར་ཁྱུང་འདབ་བྲེ་བུམ་གདུགས་ཏོག་བྱ་རུ་དངབཅས་པའི་ནང་། ཞི་རྒྱས་ལ་ཉི་ཟླ་པད་མ་གཡུང་དྲུང་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་སྐྱོན་མེད་དག་པའི་གདན་དང་། དབང་དྲག་ལ་དྲེགས་པ་ལྷ་ཀླུ་དྲི་ཟ་གཅན་ལྔ་ལ་སོཊ་པ། ཐུལ་བ་རྟཊ་ཀྱི་གདན་ལ། ཕྱི་ནང་གི་རིཊ་ལྔ་གཙོ་འཁོར་གྱིས་བསྐོར་བ། ཡང་སྤྲུལ་ཕོ་ཉ་ལས་བྱེད་དང་ཆས་པའམ། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ། རང་རང་གི་གདན་ལ་བཞུགས་པ་དེ་དག་ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས། མཚན་ དཔེ་སྐུ་མདོག་ཕྱག་མཚན་ཐམས་ཅད་རྫོགས་པ། ཆེ་ཆུང་ནི་ཆེ་ཚད་ཆུང་ཚད་ལས་འདས་པ། མང་ཉུང་བསམ་གྱིས་མི་ཁྱབ་པ་འཆར་ལ། དེ་དག་བར་དུ་འོད་ལྔའི་ཐིག་ལེ་ཡན་མན་ཕན་ཚུན་ཐམས་ཅད་ལྔ་ལྔ་འཆར་ལ། དེའི་དཀྱིལ་ན་རིགས་ལྔ་རྫོཊ་པར་བཞུགས་པ་དང་། ཡང་ཐིག་ལེ་གཞི་གཅིག་ལ་ཞིང་ཁམས་ཕྱོགས་བཞི་དབུས་ལྔར་བཅད་པའི་ནང་དུ། རིགས་ལྔ་བཞུགས་པ་དང་། ཡང་ཐིག་ལེའི་བར་དུ་རིགས་རྟགས་ལ་བཞུགས་པ་དང་། ལྷ་ཡང་རྫོགས་སྐུ་སྤྲུལ་སྐུ་ལ་སོགས་གང་དུ་སྣང་ལ། དག་སྣང་གི་འཆར་ཚུལ་བསམ་གྱིས་མི་ཁྱབ་པ་གཅིག་འབྱུང་ཞིང་། དེའི་དུས་ཀྱི་གཞལ་ཡས་འོད་དང་ཐིག་ལེ་ཟེར་དང་ཉག་ཐག་སྐུ་དང་བཅས་པ་ཐམས་ཅད་གཡོ་འགུལ་མེད་པར་གནས་པ་འབྱུང་སྟེ།  སྒྲོན་མ་ལས། དེ་ནས་སྣང་བ་རྫོགས་པར་འགྱུར། ལྷུན་གྲུབ་ཕྱག་རྒྱའི་དཀྱིལ་འཁོར་མཐོང་། སྣང་བ་འོད་ཀྱི་ཞིང་ཁམས་མཐོང་། ཆོ་འཕྲུལ་གཡོ་འགུལ་མེད་པར་མཐོང་། ཞེས་དང་། གཟེར་བུ་ལས། བཞི་པ་རུས་སྦལ་འཁར་གཞོང་དུ་  བཅུག་པ་འདྲ། ཞེས་གསུངས་སོ། །གཉིས་པ་ལས། དུ་མ་རོ་གཅིག་གི་དགེ་སྦྱོར་ཉམས་རྟོགས་ཀྱི་རློམས་པ་ཅུང་ཙམ་དང་བཅས་པ་དེ་ཉིད་ཅི་ཞིག་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་རྩོལ་ཐམས་ཅད་སེམས་སུ་གྲོལ་ནས། བསྒོམ་མེད་ཡེངས་མེད་ཀྱི་ངང་ལ་རིག་པ་རྒྱུན་ཆགས་སུ་གནས་ཤིང་། དེ་ལས་མི་འདའ་བར་འབྱུང་སྟེ། དེའི་དུས་སུ་བློས་ཆེད་དུ་སྒོམ་མི་དགོས། ངང་གིས་ཅུང་ཙམ་དྲན་དགོས་པ་དེ་ལ་བསྒོམ་མེད་ཡེངས་མེད་ཀྱི་བསྒོམ་ཞེས་བྱ་སྟེ། དཔེར་ན་ཚེས་བཅུ་གསུམ་བཅུ་བཞིའི་ཟླ་བ་བཞིན་དུ། སངས་རྒྱས་ཀྱི་ས་ལ་སླེབ་ཏུ་ཆ་བ་ཡིན། མཐར་རྟོགས་པའི་ཀློང་སྒོམ་ཡང་རྒྱུད་ལ་ངེས་པར་ཤར། མངོན་དུ་ལེགས་པར་མ་གྱུར་བ་ཙམ་གྱི་སྐབས་སོ།།

༧ ལྔ་པ་སྣང་བ་མཐར་ཐུག་པའི་འཆར་ཚུལ་གཉིས་ཀྱི་དང་པོ་ལ། དེ་ལྟར་ཤར་བའི་ཞིང་ཁམས་ཐིག་ལེ་འོད་ཟེར་ལྷ་སྐུ་ལ་སོགས་རང་སྣང་དག་པའི་འཆར་ཚུལ་སྤྲོས་བཅས་དངོས་མཚན་ཅན་ཐམས་ཅད་ཀྱང་། སྟོང་ཉིད་རྩ་བྲལ་ཀུན་ གཞི་སྤྲོས་མེད་ཀྱི་ཀློང་དུ་མལ་གྱིས་ཐིམ། འུབས་ཀྱིས་བསྡུས་ནས་རྩོལ་བཅས་སྤྲོས་པའི་མཚན་མ་ཐམས་ཅད་ཁྲོལ་གྱིས་གྲོལ་ཏེ། སྒྲ་འོད་ཟེར་གསུམ་ལྷ་སྐུ་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་སུ་འདུས་ཤིང་། དམར་ཐག་རྦད་ཀྱིས་ཆོད་པ་སྟེ། སྒྲོན་མ་ལས། ཟེར་ནི་རིག་པའི་རང་ཟེར་ཏེ། སྟོང་པའི་ཆོ་འཕྲུལ་གཟུཊ་བརྙན་ཚུལ། སྒྲ་ནི་རིག་པའི་རང་སྒྲ་སྟེ། སྟོང་པའི་རང་སྒྲ་བྲག་ཆའི་ཚུལ། སྐུ་ནི་རིག་པའི་རང་གཟུགས་ཏེ། སྟོང་པའི་རང་གཟུགས་ཆུ་ཟླའི་ཚུལ། ཞེས་དང་། ལུང་དྲུག་ལས། བྱེ་མ་རྙེད་ཀྱི་བདེར་གཤེགས་མཐོང་བ་ནི། རྨི་ལམ་སྦྲང་རྩི་   འཐུང་ཡང་སད་པའི་ཡུལ་ཕྱོགས་མེད། མི་གནས་མི་མཐོང་སྟོང་པ་ཕྱོགས་དང་བྲལ།  འདི་ཞེས་བསྟན་དཀའ་ལྐུག་པའི་རྨི་ལམ་འདྲ། ཞེས་དང་། གཟེར་བུ་ལས། ལྔ་པ་འབྱུང་བ་ཟད་པའི་ནམ་མཁའ་འདྲ། ཞེས་པས། གོང་གི་སྣང་བའི་འཆར་ཚུལ་དེ་དག་ཐམས་ཅད་ཀྱང་། སྒྲ་འོད་ཟེར་གསུམ་ལ་སོགས་རང་སྣང་ལ་ཤར་ལ་ཐམས་ཅད་མ་ལ་བུ་ཐིམ་གྱིས་ཚུལ་དུ་ཀུན་གཞིའི་ཀློང་དུ་ཐིམ་ནས། རང་ཡལ་དུ་ཡལ། རང་གྲོལ་དུ་གྲོལ། རང་ཆོད་དུ་ཆོད། རང་ཤར་དུ་ཤར་བས། ཟད་པའི་མཐར་ཐུག་སྟེ། འཁྲུལ་ཚུལ་དང་གནད་ཅིག་ཏུ་གོ་སྟེ། བྱུང་སའི་ཕུགས་དང་གྲོལ་བའི་མཐའ་འདི་ལ་ཐུག ཅེས་གཟེར་བུ་ལས་གསུངས་སོ།།

༧ གཉིས་པ་ལ། བསྒོམ་མེད་ཡེངས་མེད་དྲན་པ་ཡི། ཐག་པ་ཅུང་ཙམ་དང་བཅས་པ་དེ་ཉིད་ཇེ་ཞིག་ལ་དྲན་པའི་ཐག་གཅོད། བསྒོམ་པའི་སྟོད་ཕུར་ཐོན་ནས། ཅི་བྱས་ཐམས་ཅད་རྩལ་བྲལ་གྱི་ངང་ལས་མི་འདའ་ཅི་འཆར་ཐམས་ཅད་ཡེ་ཤེས་སུ་འཆར། སྒོམ་མ་བསྒོམ་ལ་ཁྱད་མེད། གཉིད་མ་གཉིད་ཁྱད་མེད། བཞག་ན་སྡོད། གཏོང་ན་འགྲོ། དགོས་དུས་སླེབ། རང་དབང་རང་གིས་བསྒྱུར། དགྲ་དང་བུ་མཉམ། གསེར་དང་བོང་བ་མཉམ། ཡར་ལ་མི་རེ། མར་ལ་མི་དོཊ་པ་དེ་ནི། རྟོགས་པའི་ཀློང་སྒོམ་མངོན་དུ་གྱུར། བཅོ་ལྔའི་ཟླ་བ་ལྟར། གོམ་པ་མཐར་སྐྱོར། ཀུན་ཏུ་བཟང་པོའི་རང་ས་ཟིན་པ་ཡིན་ནོ། །དེ་ཡང་དཔེར་ན་རྫུན་གྱིས་བྲིད་པའི་ཕུགས་བཅར་ན། རང་སྐྱེངས་ལ་འགྲོ་བ་ལྟར། སྣང་བ་སྒྲ་འོད་ཟེར་གསུམ་གྱི་ཕུགས་ལེགས་པར་བཅད་ན། སེམས་མ་ཐུག་གི་གཏུགས་ན།  འཁྲུལ་པའི་ཕུགས་ཆོད་པ་དང་། འབྲས་བུ་རྫོཊ་པའི་སངས་རྒྱས་བྱ་བ་བཟང་པོ་ཞིག་ལོགས་སུ་རེ་མི་དགོས། ད་ལྟར་གྱི་སྣང་བ་ལྷ་དང་གཞལ་ཡས་སུ་གཏན་ལ་ཕབ་ལ།  རེ་འདོད་བཟློག་ལ། ངན་བྱེད་ལ་ཁྲིམས་བཅད་པས། ད་ཕྱིན་ངན་མི་བྱེད་པར་ལྟར། གཞི་ཐོག་ཏུ་འཁྲུལ་བའི་ཕུཊ་ལེཊ་པར་བཅད་པས། ཕྱིན་ཆད་མི་འཁྲུལ་བ་སྟེ། རིག་པ་ཀ་དག་དྲི་མེད་ངོ་བོ་ཉིད་དོན་ལ། བྱུང་ཐེབས་རྩལ་རྫོགས། ཤུགས་ཐོན་ལྷག་མ་མ་ལུས་ཐག་ཆོད། མངོན་དུ་གྱུར་པ་དེའི་ངང་ལས་མ་གཡོས་པ་བོན་སྐུ། དེའི་ངང་ལས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་གྲོལ་བས། གདུལ་བྱ་ལས་དག་གི་སྣང་ངོར། བདག་ལུས་མཚན་དཔེ་རྒྱན་གདན་ཁྲི་ཞིང་ཁམས་བཀོད་སྤྲུལ་གྱིས་བརྒྱན་པའི་རྫོགས་སྐུར་འཆར་ཞིང་། དེའི་བྱུང་ཁུངས་དང་སྐྱེ་མཆེད་རྩ་དང་ཡན་ལག ཚོགས་བརྒྱད་སྒོ་ལྔ་ལ་སོགས་ཀྱི་འཆར་ཚུལ་ལས། ཕྱི་ལྟར་རྒྱས་པའི་ལྷ་ཚོགས་བརྒྱ་དང་རྩ་བརྒྱད་ལ་སོགས་དང་། ནང་ལྟར་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་ལྔ་དང་། གསང་བ་ཁྲོ་བོའི་ལྷ་ཚོགས་བརྒྱད་ཅུ་རྩ་དྲུག་ཏུ་ཤར་བ་ནི་རྫོགས་སྐུ་ལ། དེ་དག་གི་འགྲོ་བ་གང་ལ་གང་འདུལ་དུ་འདྲེན་པའི་ཐབས་ལམ་སྣ་ཚོགས་སུ་སྤྲུལ་ནས། འགྲོ་བའི་དོན་ལ་གཡེལ་བ་མེད་པར་ངང་ངམ་ཤུགས་ལ་བྱུང་བ་ནི་སྤྲུལ་སྐུ་སྟེ། སྐུ་གསུམ་ལ་ཕྱི་དུས་མི་འདེབས་པའོ། །དེ་ཙམ་ན་ལས་སྒྲིབ་སྦྱོང་བ་དང་། ས་ལམ་སྐྱེ་བ་དང་། བསྐལ་པ་དུ་མར་འབད་མི་དགོས་པས། དྲང་དོན་རྒྱུ་འབྲས་ཀྱི་རྣམ་བཞག་ཐབས་ཅད་རྫུན་དུ་བཏང་ནས། ལུས་རྒྱ་འདིའི་སྟེང་དུ་བཙན་ཐབས་ཀྱི་སངས་རྒྱས་ད་ལྟ་ཉིད་དུ་ཐོབ་པ་སྟེ། སྒྲོན་མ་ལས། སྣང་བའི་རྫུན་ཕུགས་སེམས་སུ་ཟད། གཟུགས་སྐུ་དམར་ཐག་སེམས་སུ་ཆོད། འཁྲུལ་བའི་ཕུགས་ཆོད་འཁྲུལ་མི་སྲིད། སྐུ་གསུམ་ད་ལྟ་མངོན་དུ་གྱུར། རྒྱུ་འབྲས་ལས་དབང་རྫུན་པོ་ཆེ། འདི་ནི་སངས་རྒྱས་བཙན་ཐབས་ཡིན། ཞེས་གསུངས་སོ། །འོ་ན་གདམས་པ་འདིའི་ཉམས་སྣང་ཅི་ཙམ་ནས་མཐར་ཕྱིན་ན། གཟེར་བུ་ལས། རྩ་བའི་འཕར་གྲངས་བར་མའི་ཚད་བཟུང་ལ། མི་རིང་མི་ཐུང་བར་མ་ཆད་པའི་གྲངས། བརྒྱ་ལ་གཅིག་བརྩིས་ཁྲི་ཕྲག་བཅོ་རྒྱད་ཀྱིས། སྣང་བའི་གོམས་ཚད་མཐའ་རུ་ཕྱིན་པར་གྱུར། ཅེས་པས། སྐྱེས་བུའི་དབུགས་འབྲིང་ཚད་སྐོར་བརྒྱ་ལ། འོད་གསལ་གྱི་ཐུན་ཚད་གཅིག་ཏུ་བྱས་པའི། ཐུན་ཚད་ཁྲི་ཕྲག་བཅོ་བརྒྱད་ལ། དབང་པོ་འབྲིང་གཅིག་གི་རྐྱེན་གཞན་གྱི་བར་མ་ཆོད་པར་ཉམས་སུ་བླངས་ན། མཐར་ཐུག་པའི་སྣང་བ་ཡན་ཆས་རྫོཊ་པར་འཆར་ཞེས་པས་གོའོ། །གཞན་ཡང་སྣ་བའི་འཆར་ཚུལ་ལྔའི་ཐད་སོར་དཔེ་རིམ་བཞིན་དུ་ངོ་སྤྲོད་དོ།།

 ༧ གསུམ་པ་དེ་དག་ལམ་གྱི་རིམ་པ་དང་སྦྱར་བ་ལ་ཤིང་རྟའི་སྲོལ་ལྟར། སྔོན་གྱི་རྒྱལ་འཕཊ་དམ་པ་རྣམས་ཀྱི་ཚུལ་དུ་ལམ་ལ་བསྒྲོད་པར་བྱ་སྟེ། དེ་ཡང་དང་པོ་བོན་སྤྱོད་དགུའི་རིམ་པས་སྡིག་སྒྲིབ་སྦྱོང་། ཚོགས་གཉིས་བསོག་པར་བྱེད་པ་ནི། ཚོགས་ལམ་དང་མཐུན་ལ། དེ་ནས་མཚན་བཅས་དང་མཚན་མེད་ཀྱི་གདམས་པ་ནི། ངོ་བོ་ཉིད་ཀྱི་དོན་ལ་གསལ་སྣང་བསྐྱེད་ཅིང་གནས་ལུགས་ཀྱི་དོན་ལ་སྦྱོར་བས་སྦྱོར་ལམ་དང་མཐུན་ལ། དེ་ནས་སྤྱི་དང་བྱེ་བྲག་གི་འོད་གསལ་གདམས་པ་ནི། རིག་པའི་ཡེ་ཤེས་ཇི་ལྟར་མངོན་དུ་སྟོན་པས་མཐོང་ལམ་དང་མཐུན་ལ། གཞན་ཡང་བོགས་འདོན་གྱི་གདམས་པ་ནི། ངོ་བོ་ཉིད་ཀྱི་དོན་ཤར་བ་ལ། གོམས་ཞིང་འདྲིས་པར་བྱེད་པས་བསྒོམ་ལམ་དང་མཐུན་ལ། དེ་ནས་ཡང་དག་པའི་དོན་ལ་ངོ་སྤད་ནས། རྡོ་རུས་འཕྲོད་པ་ནི་མཐར་ཕྱིན་པ་ཡིན་ཏེ། དེ་ཡང་སྐྱེ་བ་དང་བསྐལ་པ་དུ་མའི་རྩོལ་བ་ལ་མ་ལྟོས་པར་ཐབས་ལམ་གནད་ཀྱིས་སྐྱེ་བ་གཅིག་གིས་རང་ས་ཟིན་པར་བྱེད་ཅིང་། ལམ་བསྒྲོད་མེད་ཅིག་ཆོད་འཁྲུལ་པ་སྤོང་མེད་རང་གྲོལ། འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཏུ་སྟོན་ཏེ། ལམ་ནི་ཉེ་ལམ་དེར་རྫོགས་པས། ཞེས་དང་། རྒྱུ་འབྲས་ལས་དབང་རྫུན་པོ་ཆེ། འདི་ནི་སངས་རྒྱས་བཙན་ཐབས་ཡིན། ཞེས་སྒྲོན་མ་ལས་གསུངས་སོ། །ཉམས་རྟོགས་དང་སྦྱར་ན། ཐུན་སྒོམ་དུས་སུ་རིག་པའི་ཡེ་ཤེས་དོན་གྱི་ཚུལ་དུ་བསྒོམ་པས། ཚོགས་ལམ་དང་མཐུན་ལ། ངང་སྒོམ་དུས་སུ་གསལ་སྣང་ཅན་དུ་འབྱུང་བས་སྦྱོར་ལམ་དང་མཐུན། ཀློང་སྒོམ་གྱི་མགོ་ཤར་བ་ནི། རང་མཚན་གསར་དུ་རྟོགས་པས་མཐོང་ལམ་དང་མཐུན། དེ་ཡང་རང་གིས་གོམས་ཤིང་ མཐར་ཐོན་པར་བྱེད་པ་ནི་སྒོམ་ལམ་དང་མཐུན། ཀློང་དུ་གྱུར་པ་ནི་མཐར་ཕྱིན་པའི་འབྲས་བུའོ། །གཞན་ཡང་ཐུན་སྒོམ་ལ་བརྟན་པ་ཐོབ་པའི་དུས་སུ་རྫུ་འཕྲུལ་མངོན་ཤེས་ཡོན་ཏན། མཁྱེན་པ་ཐུགས་ཀྱི་ཡོན་ཏན། ཚངས་པ་གསུང་གི་ཡོན་ཏན། དེ་བཞིན་དུ་ལྟ་བ། སྒོམ་པ། སྤྱོད་པ། འཕྲིན་ལས། གསལ་སྣང་ཉམས་མྱོང་ཐབས་ཅད་སྐྱེ་བའི་གང་ཟག་དམ་པ་རྣམས་ལ། ཡོན་ཏན་དེ་དག་ཐམས་ཅད་སྔར་བས་ཆེར་ཆ་ཆ་ནས་དཔགས་ཏེ། གཡུང་དྲུང་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་མངོན་ཤེས་ཕྲིན་ལས་སྐུ་གསུང་ཐུགས་ལྟ་དགོངས་མཛད་སྤྱོད་ཡོན་ཏན་ཐམས་ཅད་ཐོབ་པ་ཡིན་ཏེ། ཀློང་སྒོམ་གྱི་དུས་སུ་གོང་གི་དེ་དག་ལས་ཀྱང་རབ་ཏུ་དཔཊ་ཏེ། ཡང་དག་པར་རྫོཊ་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་ལྔའི་ཡོན་ཏན་རྒྱུད་ལ་མངོན་དུ་འཆར་རོ། །གཞན་ཡང་ཕྱི་འོད་གསལ་གྱི་མཐོང་སྣང་འཆར་ཚུལ། ནང་དགེ་སྦྱོར་གྱི་ཉམས་མྱོང་སྐྱེ་ཚུལ། བར་དུ་རྫུ་འཕྲུལ་གསང་སྣང་ལ་སོཊ་པའི་ཡོན་ཏན་ཐམས་ཅད་གང་ཟག་རིམ་སྐྱེས་པ་ལས། ཕྱི་ནང་ཐམས་ཅད་ཟུང་འབྲེལ་འཇུག་པ་གཅིག་ཏུ་སྔར་བཞིན་རིམ་པ་ལྟར་འཆར་ལ། གཅིག་ཆར་བ་ལ་དང་པོ་ནང་རྟོགས་པའི་ཀློང་སྒོམ་དང་མཐུན་པའི་སྣང་བ་འཆར། ཐོད་རྒལ་བ་ནི་འཕར་འབུབ་ཆེ་བས་སྣ་ཚོགས་སུ་འགྱུར་ལ། བློ་དང་བསྟུན་ནསགདམས་པ་ངོ་སྤྲོད་ལ་སོགས་ཀྱང་དེ་བཞིན་བྱ་སྟེ། གཅིག་ཆར་བ་ལ་གདམས་པ་ཐོག་བབས་སུ་བསྟན། རིམ་སྐྱེས་པ་ལ་མུ་ཆགས་སུ་བསྟན། ཐོད་རྒལ་བ་ལ་ཐབས་ལམ་སྣ་   ཚོགས་ནས་བསླབ་དགོས། དེ་ཡང་གདམས་པ་བློ་དང་བསྟུན་ནས་འདེབས་པ་ཤིན་ཏུ་ཡང་གནད་ཆེའོ།།

ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པའི་ཁྲིད་ཨུ་ཡ་སྨར་རོ།།      

 དགེའོ།།                                                                                                                                                                                                                                                                                                                                                                                                  

 

 

Re:དགོས་ན་ལོངས། | 2013/9/8 22:26:31
སྐུ་མགྲོན་2JAm1Q(སྐུ་མགྲོན)དགོས་དགོས།
རྩོམ་པ་པོ།:སྐུ་མགྲོན་2JAm1Q(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.