ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/6/24 15:01:00

ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན།

 

དེ་ཡང་བོད་ཁ་བ་རི་པའི་ལུགས་གཉིས་ཀྱི་སྲོག་ཤིང་། སྐད་དང་ཡི་གེ་འདི་ཉིད་ཕུན་སུམ་ཚོགས་པ། སྐད་རིགས་ཀུན་གྱི་རྨོང་གཞིར་འགྲོ་བ་ཞིག་ཡིན་པ་ནི། སྐད་མང་སྨྲ་བ་དེ་དག་གིས་གསུངས་ཤིང་། འདི་ཉིད་བེད་སྤྱོད་བྱ་བའི་ཆ་ནས། རྒྱ་སྐད་ནི་མདུན་ལམ་ཡིན། བོད་སྐད་ནི་ཁྲིམས་ལུགས་ཡིན་ཞེས་པའི་གནས་སུ་ལྷུང་། སྒེར་སེམས་ཆེ་བའི་བོད་མའི་ལས་བྱེད་པ་དག་གིས་ཀྱང་མི་རིགས་གཞན་གྱི་སྐད་ཡིག་རྩིས་ཆེན་བྱེད་པ་ལས། བོད་མི་རིགས་ཀྱི་སྐད་ཡིག་ལ་མཐའ་ན་ཆབ་སྲིད་ཀྱི་གནད་དོན་དུའང་བརྩི་བ་རེད། དེ་ལྟར་ན་པན་ཆེན་རིན་པོ་ཆེས་ཀྱང་། ཁྱེད་ཚོས་བོད་སྐད་མ་རྒྱབ་ནའང་། བོད་ཟས་མ་ཟོས་ནའང་ཆོག འོན་ཏེ་ཁྱེད་ཚོའི་ཤ་དང་རུས་པ་ཅི་ལྟར་བྱེད་ཅི་ཡིན་ཞེས་མི་རིགས་རང་ཉིད་ཀྱི་འགན་འཁྲིའི་རྩ་དོན་དེ་གསུངས་ཡོད་པ་རེད། ང་ཚོའི་ལྗོངས་ཞིང་ལྔའི་བོད་ཁུལ་གང་དུ་ཕྱིན་ཡང་། བོད་སྐད་ཀྱིས་ལས་དོན་མཐའ་དག་བྱེད་པ་ཞིག་ཀྱང་མེད་ལ། བོད་ཡིག་གིས་རྨོང་གཞི་བྱེད་པའང་དེ་བཞིན་རེད། བོད་སྐད་གཙང་མར་སྨྲ་བའི་བོད་མི་ཡང་དེ་བས་དཀོན་པར་གྱུར། ཕྱི་ཡུལ་ནས་ལྟས་ན་རང་སྐྱོང་ས་ཁུལ་དག་ཏུ་བོད་ཡིག་གི་སྒོ་བྱང་མང་དུ་སྦྱར་ཡོད་ཀྱང་། དོན་དངོས་ཡིག་ནོར་ཁོ་ནར་སྦྱར་ཡོད་པ་ནི་ང་ལས་ཀྱང་ཁྱེད་ཅག་ཤེས་གསལ་ཆེ་བར་སྙམ། དེ་ཡང་ཆུ་རྐ་གོང་ནས་མ་བསྒྱུར་ན་འོག་ནས་མི་འཆད་པའི་དཔེ་ལྟར། གནད་དོན་མང་པོ་ཞིག་ཐག་གཅོད་དཀའ་བའི་གནས་སུ་གྱུར། དེ་ལྟར་ན་ང་ཚོའི་རང་ཉིད་ཀྱི་སྐད་དང་ཡི་གེ་འདི་ནི་ཉེན་ཁའི་གནས་སུ་གྱར་བའང་ཤེས་དགོས་ཤིང་། ང་ཚོའི་རང་ཉིད་ཀྱི་སྐད་དང་ཡི་གེ་ལ་ཉམས་ཞིབ་ཀྱང་བྱ་དགོས་པ་རེད། ང་ཚོའི་སྐད་ནི་རྩ་བའི་ཆ་ནས་འཕྲུལ་ཡིག་བཞི་བཅུ་ལས་གྲུབ་ཡོད་མོད། འཕྲུལ་ཡིག་བཞི་བཅུ་རྩིས་ཚེ་གྲངས་འདྲེན་སྣ་ཚོགས་ཤིག་ཡོད་དེ། དཔེར་ན། བརྡ་སྤྲོད་ཉེར་བདུན་སོགས་ལྟར་ན། དབྱངས་ཀྱི་ཡན་ལག་བརྒྱད་དང་། གསལ་བྱེད་སོ་གཉིས་ཡོད་པ་ལས། དབྱངས་ཀྱི་བུ་ཡིག་བཅུ་ནི། གི་གུ། འགྲེང་བུ། ན་རོ། ཞབས་ཀྱུ། ཡིག་འགོ། ཚག ཤད། མ་ལྐད་ཀོར། ཡ་སྟ། ར་སྟ་བཅས་ཡིན་ཞིང་། གསང་སྔགས་ཀྱི་སྨྲ་སེང་གཞུང་ལྟར་ན། མ་ལྐད་ཀོར་མེད་ཅིང་། ཐིག་བྱུང་བ་དང་། གཞན་སྒྲུབ་གཞུང་གི་ལྷའི་སྲོག་སྙིང་དང་མཐུན་པའི་ཡི་གེའི་གྲངས་སྣ་ཚོགས་ཤིག་ཡོད། དེ་ལྟར་ན་སྐབས་སྦྱོར་ཡག་ལག་འདོགས་ཚུལ་སྣ་ཚོགས་པ་ཞིག་ཡོད་དེ། ཐིག་དང་མ་ལྐད་ཀོར་གཉིས་ལས་ད་དུང་། ཆད་པ་བཙུད་རྟགས་སམ་མཐུད་རྟགས་སྣ་ཚོགས་དང་།  སྐུང་རྟགས་དང་། གཞན་ཟླ་ཚེས་ཞེས་པ་ཞིག་ཀྱང་ཡོད་པ་རེད། འོན་ཀྱང་དེ་དག་ནི་དབྱངས་གསལ་སོ་བཞི་དག་ལས་གཅིག་གོ་གཅིག་གིས་མི་ཆོད་པ་དང་། གཅིག་གི་ནང་དུ་གཅིག་མི་འདུ་བ་ལྟ་བུ་ཡིན་པས་ན་དགོས་པའི་ཡན་ལག་དུ་བགྲང་ཆོག་མོད། དིང་ཆར་མི་རིགས་གཞན་གྱི་གཡེམ་ལ་རྒྱུགས་ནས་ཡན་ལག་སྣ་ཚོགས་ཤིག་འདོགས་བཞིན་འཆིས། དེ་ཡང་སྤྱི་ལོ་༢༠༠༣ལོའི་སྦྲང་ཆར་དེབ་གསུམ་པའི་ངོས་༡༥༧ནང་གི་ཤེས་རབ་རྒན་པོའི་འབེལ་གཏམ་ལས། དེང་གི་སྒྲུང་གཏམ་སོགས་སུ་“”དང་།྾྾྾《》སོགས་རྟགས་སྣ་ཚོགས་ཤིག་བཀོལ་འདུག་པ་དེ་དག་གི་དགོས་པ་ཁ་གསལ་ཞིག་གསུང་བར་འཚལ་ཞེས་དྲིས་ཡོད་ཅིང་། དེ་དོན་རྟགས་འདི་དག་གི་དགོས་པ་ཇི་བཞིན་ཡིན་པའང་གསུངས་ཡོད་ལ། རྟགས་འདི་རིགས་ལས་རེ་འགའ་བོད་ཡིག་ལ་དགོས་པ་དང་། རེ་འགའ་མི་དགོས་པའི་རྣམ་དབྱེ་ཡང་བྱས་འདུག ངས་འདི་ནས་གོང་གི་རྟགས་འདི་དག་བོད་ཡིག་ཏུ་བཀོལ་བ་ནི་དཀྲུག་ཇའི་ནང་གི་གཟེ་སྨན་རེད་ཅེས་བརྗོད་པ་ཡིན། དེ་ཡང་བོད་ཀྱི་རིག་གནས་ཀྱི་མ་ལག་ཏུ་དགོས་ངེས་ཤིག་ཡིན་ན་མི་རིགས་གང་གི་རིག་གནས་ཡིན་ཡང་བླང་ཆོག་པ་ནི། དཀྲུག་ཇའི་ནང་གི་གཟེ་སྨན་མིན་པར། ནས་ཚའི་ནང་གི་བྲོ་སྨན་ཞིག་ཏུ་འགྱུར་ཞིང་། མི་དགོས་བཞིན་དུ་སྦྱོར་བ་ནི་གོང་གི་དཀྲུག་ཇའི་ནང་གི་གཟེ་སྨན་ལས་མ་འདས། མ་གཞི་དཀྲུག་ཇའི་ནང་དུ་གཟེ་སྨན་སྦྱོར་ནས་འཐུང་དང་ཤེས་འོང་། ཐོག་མར་རྟགས་《》འདི་ནི་དཔེ་རྟགས་སམ་དཔེའི་མིང་མཚོན་བྱེད་ཀྱི་རྟགས་ཡིན་ཞིང་། རྟགས་འདིའི་ནང་དུ་ཚུད་པ་དེ་དག་ནི་དཔེ་ཆ་ག་གེ་མོ་ཞིག་སྟོན་པར་བྱེད་ཅིང་། དེ་ལ་ཤར་བ་ཐོགས་མེད་ཀྱི་རྩམ་ཟན་སྤྱི་ནོར་ཞེས་པའི་དེབ་ཀྱི་ངོས་༢༨པ་ལས། གལ་ཏེ་དཔེ་མིང་གི་རྟགས་《》འདི་སོགས་ལ་རང་གིར་བླངས་ན་བདེ་སྟེ། དཔེར་ན། བསྐལ་བཟང་ལས་གསུངསཞེས་པ་ལྟ་བུ་ལ་ཆ་བཞག་ན། གལ་ཏེ་དཔེ་ཆའི་རྟགས་《》འདི་མ་བཀོལ་ཚེ། བསྐལ་བཟང་ནི་གཞུང་གི་མིང་ཡིན་པའམ་ཡང་ན་མི་ཞིག་གི་མིང་ཡིན་པ་མི་རྒྱུས་མེད་ཅིག་ལ་ལྟོས་ན་ཤན་འབྱེད་དཀའ་འོ། །ཞེས་གསུངས་ནའང་། དེ་ལ་མི་རྒྱུད་མེད་ཀྱི་ངོར་བསྐལ་བཟང་ཞེས་པ་དེ་དཔེ་ཆ་ཡིན་མིན་རྟོགས་དཀའ་བ་དང་། རྟགས་འདི་《》དཔེ་རྟགས་ཡིན་པ་རྟོགས་སླ་བའི་རྒྱུ་མཚན་ཡང་མེད་ལ། བོད་ཀྱི་སྐད་ལ་མཚོནའང་སུམ་རྟགས་ཀྱི་གཞུང་གང་ནས་མ་བརྟན་པས་ན་རྟོགས་སླ་བའི་རྒྱུ་མཚན་དེ་བས་ཀྱང་མེད། ད་དུང་མི་རྒྱུས་མེད་ཡིན་ན་《》རྟགས་འདི་དཔེ་རྟགས་ཡིན་པ་ཤེས་ངེས་ཟེར་རྒྱུ་ཡིན་ནམ་ཅི། དེ་མིན་རྟགས་འདི་ཅི་ཡིན་མི་ཤེས་པའི་མི་ཡང་ཡོད་པས་ཁྱེད་ཀྱི་རྒྱུ་མཚན་དེ་ནི་ཉི་ཚེ་བ་ཉིད་དོ། །གལ་ཏེ་བོད་ཡིག་ཀློག་ཤེས་མཁན་ཞིག་གི་དབང་དུ་གཏོང་བའམ། བོད་སྐད་ཀྱི་ཉམས་མྱོང་ཡོད་མཁན་ཞིག་ལ་མཚོན་ན། བོད་དག་གིས་གང་ཟག་གི་གསུངས་ཐད་ཀར་འདྲེན་པས་ཚེ་ན་ནས་སྦྱར་བ་ལས། ལས་མི་སྦྱོར་བས་སྐབས་འདིར་ལས་སྒྲ་དཔེ་གཞུང་སྟོན་བྱེད་དུ་འགྱུར་ལ། ད་དུང་ནོར་གྱིས་དྭོགས་ཏེ་རྟགས་དེ་མ་བཀོལ་ཐབས་མེད་མིན་ཏེ། གངས་ཟག་གི་ངག་ཐད་ཀར་འདྲེན་པ་ལ། བསྐལ་བཟང་གིས་གསུངས་ཞེས་སྨྲས་ན་ཆོག་པས་སོ། །དེས་ན་གང་ཟག་གི་ངག་ཐད་ཀར་འདྲེན་པ་ལ་བྱེད་སྒྲ་སྦྱར་ནས་ཆོག་པས་གོང་གི་རྟགས་དེ་དཀྲུག་ཇའི་ནང་གི་གཟེ་སྨན་ཡིན་ནོ། །གོང་གི་རྟགས་དེས་དཔེ་ཆ་ཞིག་ཡིན་པར་སྟོན་ཏེ་དཔེ་ཆ་རྣམས་ལ་སྦྱར་ཚེ་གང་ཟག་ཞིག་མིན་པར་སྟོན་ཡང་། རྟགས་དེ་མ་སྦྱོར་བར་སྐལ་བཟང་ལ་ཡོད་ཅེས་སྦྱོར་པ་ན་སྐལ་བཟང་དེ་གང་ཟག་ཞིག་ཡིན་པ་མཚོན་བྱེད་ཀྱི་རྟགས་ཀྱང་དགོས་ཏེ། ཁྱེད་ལྟར་ན་རྒྱུས་མེད་ཚོས་ས་ཆ་ཞིག་ལ་ནོར་ཉན་ཡོད་པས་སོ། །“”རྟགས་འདི་ལ་ནི་སྦྲང་ཆར་དེ་ཉིད་ལས། “”ལ་འདྲེན་རྟགས་ཟེར། དེ་ནི་རྩོམ་ནང་དུ་མི་གཞན་པའི་ལུང་ཚིག་ཐད་ཀར་དྲངས་པའི་མཚོན་བྱེད་ཡིན། ད་ལྟའི་སྒྲུང་གཏམ་ནང་དུ་ཚིག་ཉོག་མི་འབྱུང་བའི་ཕྱིར་དུ་སྐད་ཆ་བཤད་མཁན་གྱི་མིང་མི་བརྗོད་པར་ཐད་ཀར་མི་སོ་སོའི་སྐད་ཆ་འདྲེན་པའི་རྟགས་འདིའི་ནང་དུ་བཅུག་ན། མི་སུའི་སྐད་ཆ་གང་ཞིག་ཡིན་པ་ཀློག་པ་པོས་གསལ་བོར་ཤེས་ཐུབ། ཅེས་ཟེར། རྟགས་དེའི་ནང་དུ་གནས་པའི་ཚིག་ཕྲེང་རྣམས་མི་ག་གེ་མོའི་སྐད་ཆ་ཡིན་པར་མཚོན་བྱེད་དུ་གསུངས་འདུག་ནའང་། དེ་དག་མཚོན་པལའང་རྟགས་དེ་མེད་ན་ཐབས་རྡུག་མིན་ཏེ། བརྗོད་པ་མཚོན་པར་བྱེད་པ་ལ་ནི། བོད་ཡིག་ལ་ཚིག་འཕྲད་གསུམ་ཡོད་ཅིང་། དེ་གསུམ་རྗེས་འཇུག་བཅུར་ལྟོས་པར་སྦྱར་བའི་དོན་སྟོན་ནུས་པ་ཡིན། དཔེར་ན་བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས་ཞེས་ཟེར་ཞེས་སྨོས་པ་ན། གོང་གི་བཀྲ་ཤིས་བདེ་ལེགས་སུ་བྱུང་བ་དེ་ནི་ག་གེ་མོས་བརྗོད་པའི་ངག་ཡིན་པ་ཞེས་དང་ཟེར་གཉིས་ཀྱིས་སྟོན་ཞིང་། དེ་མིནའང་། བཀྲ་ཤིས་བདེ་ལེགས་ཟེར་ཞེས་བརྗོད་ནའང་ཆོག་པ་ཡིན། ང་ཚོའི་འཚོ་བའི་ཁྲོད་ནའང་འགྲོ་ཟེར། འདུག་ཟེར། ཤོག་ཟེར་སོགས་ཟེར་སྒྲས་སྐད་ཆ་མཚོན་བཞིན་པ་འདི་ལ་མཚོན་ན་འཚོ་བ་དང་ཐག་ཉེ་བ་ཡིན་པས་གོང་གི་འདྲེན་རྟགས་ནི་སྦྲུལ་ལ་རྐ་ལག་པ་བཏགས་པ་མ་ཡིན་ནམ། སྦྲང་ཆར་པས། ད་ལྟའི་སྒྲུང་གཏམ་ནང་དུ་ཚིག་ཉོག་མི་འབྱུང་བའི་ཕྱིར་དུ་ཡིན་སྐད། དེ་ལྟར་ན་དེའི་འདྲ་སྒྲུང་རྩོམ་དེ་ཉིད་ངག་ཐོག་ནས་བཤད་ཚེ་ཚིག་ཉོག་ཅིག་ཏུ་འགྱུར་ཏེ། རྟགས་དེ་དག་ངག་ནས་བཤད་ཚེ་མེད་ཅིང་། ཐར་ཀར་བོད་སྐད་ཀྱིས་སྒྲུང་གཏམ་བཤད་པར་ལྟར་བྱེད་དགོས་པས་སོ། །ད་དུངའང་རྩམ་ཟན་སྤྱི་ནོར་ཞེས་པའི་དེབ་ངོས་༢༥ནང་དུ། དོན་འགྲུབ་རྒྱལ་གྱི་འབྲོག་སྟག་ཐང་ལས། སྐལ་བཟང་རྒྱལ་རྨས་ཕོག་ནས་ཀུན་ཧྲེའི་སྨན་ཁང་......” “ཨེ!ལྕགས་བྱམས་ཀྱིས་དཀའ་ཐུབ་རྒྱལ་གྱི་ཚིག་མཚམས་བཅད་དེ་ཧ་ལས་པའི་སྒྲ་ཞིག་བཏོན་བྱུང་། ཁོའི་གདོང་ནི་ཐལ་བའི་མདོག་དང་འདྲ་བར་གྱུར། ཞེས་བྱུང་ལ། “”འདིས་བསྐོར་བའི་ཚིག་རྣམས་བྱེད་པོའི་གཏམ་དངོས་ཡིན་པ་རྟོགས་ཐུབ། སྡུད་རྟགས་......འདི་བཏབ་པ་ལས་ཚིག་རྔ་རྫོགས་མེད་ཅིང་བཤད་འཕྲོ་ཡོད་པར་རྟོགས་ཐུབ། ཐེ་ཚོམ་གྱི་རྟགས་“?”འདི་བཏབ་པ་ལས་མཉན་པ་པོ་རང་གི་ཚོར་བ་འཕྱུགས་པ་ཨེ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཤར་བ་རྟོགས་ཐུབ། ཉམས་མཚོན་བྱེད་ཀྱི་རྟགས་!འདི་ལས་མཉན་པ་པོའི་སྒྲ་ཡི་འདོན་ཚུལ་དང་ཧ་ལས་པའི་རྣམ་འགྱུར་རྟོགས་ཐུབ། འོ་ན་གལ་ཏེ་རྟགས་དེ་རྣམས་བླངས་གྱུར་ནས་བོད་རང་གི་ལུགས་ལྟར་བྱས་ཚེ། སྐལ་བཟང་རྒྱལ་རྨས་ཕོག་ནས་ཀུན་ཧྲེའི་སྨན་ཁང་། ཨེ། ལྕགས་བྱམས་ཀྱིས་དཀའ་ཐུབ་རྒྱལ་གྱི་ཚིག་མཚམས་བཅད་དེ་ཧ་ལས་པའི་སྒྲ་ཞིག་བཏོན་བྱུང་། ཁོའི་གདོང་ནི་ཐལ་བའི་མདོག་དང་འདྲ་བར་གྱུར། ཞེས་པའི་ཚུལ་དུ་འགྱུར་བས། དཀའ་ཐུབ་རྒྱལ་གྱི་ཚིག་དངོས་ཡིན་མིན་མི་ཤེས་ལ་ཚིག་རྔ་རྫོགས་ཡོད་མེད་ཀྱང་མི་ཤེས། དེ་བཞིན་དུ་ཨེ་སྒྲ་ཁོ་ན་འདིའི་ཤུགས་ནས་བྱུང་བའི་བྱེད་པོའི་སྐབས་དེའི་ཉམས་འགྱུར་ཁྱད་ཆོས་ཅན་དེ་རྩ་བ་ནས་མེད་པར་མི་འགྱུར་རུང་། དེའི་མཚོན་ནུས་ཀྱི་དབལ་ལ་གནོད་པ་དངོས་སུ་གྲུབ་ཡོད་ཅེས་རྒྱུ་མཚན་མེད་པའི་ཚིག་མཇུག་བསྡུས་ནས་འདུག དེ་ལ་སྤྱིར་གོང་གི་རྩོམ་དེར་རྟགས་དེ་སྦྱོར་བའི་དབང་དུ་ཤུགས་ཆེར་གཏོང་ཡོད་པས་དེ་དག་བླང་ན་སྐྱོན་འབྱུང་སྲིད་མོད། སྐབས་དེའི་རྟགས་ཕལ་ཆེ་བ་སྐྱར་ཟློས་ལྟ་བུར་གྱུར་ཡོད་པ་སྟེ། ཨེ་ཞེས་པའི་ཚིག་འདི་སྐབས་འདིར་ཡིད་མ་ཆེས་པའམ། གལ་ནན་བྱེད་པའི་ཚིག་ཏུ་གྱུར་ཡོད་ཅིང་། ང་ཚོའི་འཚོ་བའི་ནང་ནན་ཏན་དུ་མ་བྱུང་བ་རྣམས་ལ་ནན་དྲི་ལྟ་བུའི་ཚིག་ཨེ་ཟེར་བ་ཡིན་པས། ཐེ་ཚོམ་ཟ་བའི་རྣམ་འགྱུར་ཐོན་ཞིང་། ཐེ་ཚོམ་མཚོན་བྱེད་ཀྱི་རྟགས་དེ་ནི་སྐྱར་བཟློས་སུ་གྱུར་ཡོད། དེ་བཞིན་དུ་ཧ་ལས་པར་མཚོན་པའི་རྟགས་དེ་ཡང་སྐྱར་བཟློས་སུ་གྱུར་ཡོད་པ་ནི་ཧ་ལས་པའི་སྒྲ་ཞིག་བཏོན་བྱུང་ཞེས་ཧ་ལས་པ་དངོས་སུ་བརྗོད་བཞིན་ད་དུང་ཧ་ལས་པའི་ཉམས་མཚོན་རྟགས་སྦྱར་བ་ནི། གཏམ་དཔེར། གཡོགས་མོས་ལས་རྒྱུ་མི་རྙེད། བེའུ་ལུག་ཡར་བཏག་མར་བཏག་ཟེར་བ་ལས་མ་འདས་ཏེ། ཧ་ལས་པ་དངོས་སུ་བརྗོད་པས་ཀྱང་ཉན་མཁན་ལ་ཧ་ལས་པའི་རྣམ་པ་སེམས་སུ་མ་ཤར་ཚེ། ཧ་ལས་པའི་རྟགས་རྒྱབ་པ་ཞིག་གིས་ཀྱང་ཧ་ལས་པའི་རྣམ་པ་ཉན་མཁན་ལ་ཅི་ལྟར་འཆར། ཧ་ལས་པ་དངོས་སུ་བརྗོད་ཀྱང་ཧ་ལས་པའི་རྣམ་འགྱུར་མ་ཤར་ན། སྐབས་དེའི་ཧ་ལས་པའི་འདྲ་པར་ཞིག་སྟོན་པ་ལས་ཡི་གེས་བྱ་ཐབས་ཟད་པ་ཡིན་ནོ། །སྐལ་བཟང་རྒྱལ་རྨས་ཕོག་ནས་ཀུང་ཧྲེའི་སྨན་ཁང་། ཨེ། ཞེས་པ་ལྟ་བུ་ལ་མཚོན་ན་གོང་གི་བསྡུས་རྟགས་དེ་མེད་ནའང་། ཚིག་མཇུག་རྫོགས་མེད་པ་ནི་ཚིག་མཚམས་བཅད་དེ་ཧ་ལས་པའི་སྒྲ་ཞིག་བཏོན་བྱུང་ཞེས་པས། ཚིག་མཚམས་བཅད་ཅེས་པ་འདིས་ཚིག་འཕྲོ་ལུས་པ་ཤུགས་ཀྱིས་གོ་བའི་ཕྱིར་རོ། །དེས་ན་གོང་གི་བསྡུས་རྟགས་དེ་མེད་ཚེ་ཅི་ཡིན་འདི་ཡིན་མེད་པར་གྱུར་ཡང་། རྩོམ་པ་པོས་བོད་ལུགས་ལྟར་གྱི་རྩོམ་ཚུལ་ལ་བསམ་གཞིག་མ་བྱས་པས་སྐྱོན་ཡིན་པ་ལས། བོད་སྐད་ཀྱི་དབང་དུ་གཏོང་བའམ། བོད་ཡིག་འབྲི་བའི་དབང་དུ་གཏོང་ན་བསྡུས་རྟགས་དེ་མེད་པས་དབང་གིས་སྐྱོན་དེ་བྱུང་བ་མིན་ནོ། །གལ་ཏེ་འདི་ལྟར་འབྲིས་ན་ཆོག་པ་སྟེ། སྐལ་བཟང་རྒྱལ་རྨས་ཕོག་ནས་ཀུན་ཧྲེའི་སྨན་ཁང་ཟེར་མ་ཐག ཨེ། ཞེས་ལྕགས་བྱམས་ཀྱིས་དཀའ་ཐུབ་རྒྱལ་གྱི་ཚིག་མཚམས་བཅད་དེ་ཧ་ལས་པའི་སྒྲ་ཞིག་བཏོན་བྱུང་། ཁོའི་གདོང་ནི་ཐལ་བའི་མདོག་དང་འདྲ་བར་གྱུར། ཞེས་བྲིས་ཚེ་གོང་གི་ཟེར་སྒྲས་གང་ཟག་ཞིག་གིས་ངག་ཡིན་པར་མཚོན་ནུས་པ་དང་། དེ་ནི་འོག་གི་ལྕགས་བྱམས་ཀྱིས་དཀའ་ཐུབ་རྒྱལ་གྱི་ཚིག་མཚམས་བཅད་དེ་ཞེས་དཀའ་ཐུབ་རྒྱལ་གྱི་ཞེས་པའི་འབྲེལ་སྒྲས་ངག་དེ་དཀའ་ཐུབ་རྒྱལ་གྱི་ངག་ཡིན་པར་གོ་བ་དང་། ཧ་ལས་མཁན་ནི་བྱེད་སྒྲའི་དབང་གིས་ལྕགས་བྱམས་ཡིན་པར་ཤེས་པའི་ཕྱིར་རོ། །མ་གཞི་རྟགས་དེ་མེད་ཀྱང་རྩོམ་པ་པོའི་ཕ་ཡུལ་གྱི་མི་ཞིག་གིས་སྒྲུང་དེ་ཀློག་ཚེ་ཉན་པ་པོར་ཚིག་ཉམས་ཇི་བཞིན་ཐོན་ཡོད་པའང་བཤད་མི་དགོས། ད་དུང་སྦྲང་ཆར་དེ་ཉིས་ལས། ༝༝༝ ལ་སྐུང་རྟགས་ཟེར། དེ་ནི་རྩོམ་གྱི་ནང་དུ་གསལ་བར་འགོད་མི་རུང་བའི་མི་མིང་དང་ས་མིང་ངམ་གྲངས་ཀ་མཚོན་བྱེད་ཡིན་ཞེས་དང་། དེ་བཞིན་དུ།

②③ལྟ་བུ་མིང་གི་ཕྱི་མར་བཅུག་ཚེ་ཟུར་ན་མཆན་ཡོད་པར་མཚོན་པའི་མཆན་རྟགས་ཡིན་ཞེས་དང་། □□□ལ་ཆད་རྟགས་ཟེར། དེ་ནི་རྩོམ་གཞན་གྱི་བསྟན་བཅོས་སམ། རྩོམ་ཡིག་གམ། རྡོ་རིང་ལ་སོགས་པའི་ངོས་ཀྱི་ཡི་གེ་ལ་ལ་མི་གསལ་ཞིང་ངོས་འཛིན་གཏན་ནས་བྱེད་མི་ཐུབ་པ་དག་བསྐྱར་པར་བྱེད་ཚེ་རྟགས་འདི་བཀོད་ནས་ཆད་ཡོད་པར་སྟོན་ནོ། །ཞེས་ཟེར། དེ་ལ་སྐུང་རྟགས་ཞེས་པ་ནི་བོད་ཀྱི་ཆོ་གའི་འདོན་ཡིག་སོགས་དང་། ཚིག་མཇུག་འདྲ་བ་མང་དུ་བྱུང་བ་རྣམ་ལ་སྐུང་རྟགས་བེད་སྤྱོད་བྱེད་ཅིང་རྐང་པ་གཞན་རྣམས་ལ་ཚིག་ཕྱི་མ་དེ་མ་བྲིས་པར་སྐུང་རྟགས་ཀྱིས་མཚོན་པར་བྱེད་ཅིང་། དེའི་སྐུང་རྟགས་དབུ་མེད་ལྟ་བུ་ལ་ཚེག་ཕྱེད་ཀྱི་འོག་ཏུ་ཐིག་གཉིས་གསུམ་ཙམ་བྱེད་པ་ཡིན་ལ། ད་ལྟའི་རྩིས་འཕྲུལ་ནང་དུ་:། འདི་འདྲ་བྱས་ནའང་ཆོག་པ་ཡིན། དེས་ན་གོང་གི་ཆད་རྟགས་དང་མཆན་རྟགས་གཉིས་ལས་མཆན་རྟགས་ཀྱི་སྐབས་སུ་སྤྱིར་བོད་ཡིག་རྙིང་པ་རྣམས་ལ་མཆན་ནི་མ་ཡིག་ལས་འབྲུ་ཞིབ་པར་དུམ་རེ་དུམ་རེ་བྱེད་ནས་འབྲི་བ་དང་། མ་ཡིག་གི་མཚམས་སུ་འབྲུ་ཆུང་བ་ཞིག་བྱེད་ནས་འབྲི་བ་ཡིན་པས་མཆན་རྟགས་འདོགས་མི་དགོས་ལ། ཆད་རྟགས་ཀྱི་སྐབས་སུ་ཆད་དོ་ཞེས་མཆན་བུར་བཀོད་ནའང་ཆོག་པའི་གནས་སུ་མངོན་ནོ་སྙམ། འོན་ཏེ་མཆན་རྟགས་དང་ཆད་རྟགས་གཉིས་བཞག་ཀྱང་སྐྱོན་ཆེར་མི་འདུག་སྙམ་པས་བརྟགས་བྱར་གནས་ཤིང་། གཞན་དུ་སྦྲང་ཆར་དེ་ཉིད་ལས། དྲི་རྟགས་འདི་དང་། !འདི་བཅས་ནི་མི་དགོས་ཤིང་གཞན་དག་ནི་དགོས་པ་ལྟ་བུར་གསུངས་ཤིང་། དེ་ཡང་༡༩༩༦ལོར་པེ་ཅིན་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་ཡུན་ནན་བཅས་ཞིང་ཆེན་དང་ལྗོངས་དྲུག་གི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ཐུན་མོང་ནས་གྲོས་ཞིབ་ཡང་ཡང་བྱས་མཐར་བོད་ལ་ཉེ་བར་མཁོ་བའི་རྒྱའི་ཚེག་ཤད་འགའ་ཚུར་སྡུད་དང་བེད་སྤྱོད་དགོས་པའི་དགོངས་གཞི་གསར་དུ་སྟོན་ནས། གོང་གི་དཔེ་རྟགས་དང་། འདྲེན་རྟགས། བསྡུས་རྟགས། ཆད་རྟགས། སྐུང་རྟགས་སོགས་༡༩༩༧ལོ་ནས་བེད་སྤྱོད་དགོས་པའི་གཏན་འབེབས་བྱས་ཀྱང་ཟེར། བདེན་ན་བོད་སྐད་གཏོར་གཤིག་གི་གྲོས་ཆུང་ཞིག་བསྡུས་ནས་སྦྲུལ་ལ་རྐང་ལག་བཏགས་འདུག་ཅིང་། དོན་དངོས་སྐུ་ཚབ་པ་དེ་ཚོས་བོད་སྐད་ཅི་ལྟར་བེད་སྤྱོད་དགོས་པའི་བོད་ཡིག་ནང་གི་གནད་དོན་བོད་ཡིག་གིས་ཐག་ཆོད་མིན་ལ་མ་ལྟོས་པར། འུ་ཐུག་ཐབས་ཆག་གི་གཏན་འབེབས་བྱམས་ཤིང་། ཕྱིས་སུ་དཔེ་སྐྲུན་ཁང་དག་གིས་ཀྱང་གླེན་པའི་རྡོ་བསྲེག་འཆང་བའི་ལམ་དེ་བརྒྱུད་དེ། བོད་ཡིག་གི་ཚིག་བར་ན་རྩྭ་ཐང་ཨ་བྲས་བསློག་འདྲའི་རིས་དབྱིབས་ཀྱིས་ཁེངས་པར་བྱས་ཤིང་། རི་མོ་འདི་དག་གིས་ཀྱང་དུས་དེབ་དང་ཚགས་པར་རྣམས་ཡིག་འབོར་ཆེ་ལ་བརྗོད་དོན་ཉུང་བའི་གནས་སུ་གཡུག་ཅི་ཐུབ་བྱེད་ཀྱིན་འདུག །ད་དུང་རྩམ་ཟན་སྤྱི་ནོར་ཞེས་པ་དེ་ཉིད་ལས་ཀྱང་། ལྷག་བཅས་ཀྱི་རྟགས་འདི་དང་། དེ་བཞིན་དུ་ལྷག་བཅས་འདྲེན་བྱེད་ཀྱི་རྟགས་འདི་སོགས་གསུངས་པ་ལས། གོང་གི་གཏན་འབེབས་ལྟར་ན་རྟགས་ཕྱི་མ་འདི་ཉིད་དངོས་སུ་གཏན་ཕེལ་བྱས་པ་སྦྲང་ཆར་དེ་ཉིད་ལས་གསུངས་མེད་ཀྱང་། ལྷག་བཅས་ཀྱི་རྟགས་ནུར་མོ་དེ་ཉིད་སྦྲང་ཆར་ནང་མང་དུ་བེད་སྤྱོད་བྱས་ཡོད་འདུག དེ་ལྟར་ན་སྦྲང་ཆར་དེ་ཉིད་ལས་ངོས་རེར་རྟགས་འདྲ་མེན་དེ་ཁྱོན་ཉི་ཤུ་ཡན་མན་ཐོན་ཡོད་ཅིང་། དེས་བོད་ཡིག་གྲལ་བསྟར་བའི་མཛེས་ཉམས་ཤོར་བ་དང་། ཡིག་གྲངས་ཉུང་ལ་ཤོག་གྲངས་མང་བས་ཤོག་བུ་གྲོན་ཟགས་སུ་འགྲོ་རོགས་ཙམ་ལས་མེད་ལ། དེ་རྩམ་ཟན་སྤྱི་ནོར་དང་སྦྲང་ཆར་དེ་ཉིད་ཀྱི་སྐབས་རྟགས་དེ་ཚོར་དགོས་མིན་གྱི་བླང་དོར་གནང་ཡོད་པ་སྟེ། དྲི་རྟགས་ཀྱི་སྐབས་སུ་སྦྲང་ཆར་དེ་ཉིས་ལས་འདི་ལྟར་གསུངས་ཡོད་དེ། རྟགས་འདི་ནི་རང་རེ་བོད་ལ་དགོས་པ་ཆེན་པོ་མེད་དེ། དཔེར་ན་ཁྱོད་སུ་ཡིན་ཞེས་བརྗོད་པའི་ཚེ་སུ་སྒྲས་དྲི་བའི་དོན་རང་ཤུགས་སྟོན་ཐུབ་པས། དེའི་སྟེང་དུ་མི་དགོས་བཞིན་དུ་བསྣན་ན་རྫོབ་སྐྱོན་ཡིན་པ་ཤེས་དགོས་ཞེས་དང་། བརྣན་རྟགས་ཀྱི་སྐབས་སུ་ཡང་འདི་ལྟར་གསུངས་སྟེ། རྟགས་འདི་ཡང་རང་རེ་བོད་ལ་དགོས་པ་མེད་དེ། རྒྱ་སྐད་ན你坐下ཞེས་ཚིག་འཇུག་ཏུ་རྟགས་འདི་བསྣན་ན་ནན་ཏན་གྱིས་བསྐུལ་བའི་དོན་བསྟན་པ་ཡིན་པས་དགོས་པ་ཆེ་ཡང་། བོད་སྐད་དུ་ཁྱོད་མར་སྡོད་ཅིག་ཅེས་བརྗོད་ཚེ་ཅིག་སྒྲས་སྐུལ་ཚིག་དོན་རང་ཤུགས་སུ་གྲུབ་པས། སླར་ཡང་དེའི་མཇུག་ཏུ་བརྣན་རྟགས་འབྲི་བའི་དགོས་པ་མེད་དོ། །ཞེས་དང་། རྩམ་ཟན་སྤྱི་ནོར་ལས། རྐྱེན་གྱི་ཡི་གེ་གསར་ལེན་བྱེད་སྐབས་ཤད་ཀྱི་དོན་ཅན་,。འདི་དག་དགོས་པ་མ་ཐོང་སྟེ། བོད་རང་ལ་ཤད་དང་རྫོགས་ཚིག་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད་པ་བཞིན། གལ་ཏེ་བཙན་གྱིས་བླངས་ཏེ་སྦྱར་ན་མི་ལོབ་ཅིང་མཛེས་པ་མིན་པ་དངོས་སུ་གྲུབ་ཡོད་ཅེས་གསུངས་ཤིང་། ལུང་གོང་འོག་གཉིས་པོས་དགག་བྱ་འགོག་བྱེད་ལ་ཕྱོགས་སྡོམ་བྱས་ན། དེ་དག་བོད་རང་ལ་མི་དགོས་སྟེ། དེ་དག་གི་རང་བཞིན་དང་ལྡན་པའི་བོད་ཡིག་གི་ཆ་ལག་ཡོད་པའི་ཕྱིར་ཟེར་བ་ཡིན་འདུག་ལ། དེ་ལྟར་ན་གོང་གི་ངའི་སྒྲུབ་བྱེད་དེ་ཡང་སྒྲུབ་བྱེད་ཡང་དག་ཏུ་འགྲོ་བར་སེམས། ཁོ་བོས་རྟགས་འདི་དག་ཅི་ཡིན་མ་ཤེས་པའི་སྐབས་སུ་ཡང་སྦྲང་ཆར་མང་ཙམ་ཉོས་ཤིང་བཀླག་པ་ཡིན་ཡང་། རྟགས་འདི་དག་ཅི་ཡིན་ནམ་སྙམ་པ་ལས་བཤད་འཕྲོ་ལྷག་མིན་དང་། དཔེ་གཞུང་ངམ་གང་ཟག་སུ་ཡིན་སོགས་ཀྱི་དོགས་པ་མ་བྱུང་ཡང་། བྱིས་སུ་སྦྲང་ཆར་ལས་འདི་ལྟར་གསལ་བཤད་བྱས་ཤིང་། རྩམ་ཟན་སྤྱི་ནོར་ལས་དགག་བཞག་མཛད་པ་སོགས་ཀྱིས་ངར་བོད་ཀྱི་དགེ་རྒན་དང་རྩོམ་སྒྲིན་པ་རྣམ་འདི་འདྲའི་གཞན་ལ་འགྲམ་ཆུ་ལྡང་ཞིང་། རང་ནོར་གྱི་ཉམས་མ་ཆོད་དོ་སྙམས་པ་བྱུང་ལ། སླར་ཡང་རྩམ་ཟན་སྤྱི་ནོར་ཞེས་པའི་དཔེ་ཆ་དེའང་ངས་གཞན་ལ་གཡར་ནས་ཕྱིར་མ་འཕྲོད་པའི་བགྲོ་གླེང་འདི་བྱ་ཐབས་བྲལ། ཡང་རྩམ་ཟན་སྤྱི་ནོར་ཉོ་ཐེངས་གཉིས་པ་དེ་བྱས་ནས། ཁོ་བོས་བོད་སྐད་ཡིག་གི་ཚིག་འཕྲད་ལྷུ་ལག་སོགས་ཀྱི་གོ་ཚུལ་ལ་གཞི་བཅོལ། དཔེ་རྒྱུན་གཞན་དག་གི་ཟུར་རྒྱན་ཞིང་། སེམས་ཀྱི་སྣང་ཚུལ་སོར་རྩེར་བསྟར་བ་ནི་༢༠༡༣ལོའི་ཟླ་བ་༥པའི་ཚེ་༡༦ལ་རྫོགས་པར་བྱས་སོ།། །།

Re:ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/6/24 18:14:12
སྐུ་མགྲོན་r7Ny51(སྐུ་མགྲོན)འདིར་མ་ལྐད་སྐོར་ཞེས་མ་ཀླད་སྐོར་ལ་གོ་བ་ཡིན་ནམ། དེ་ལྟར་ན་སྨྲ་སེང་ལས་གསུངས་པའི་ཐིག་ཅེས་པ་ཡང་གོར་ཐིག་ལ་བྱེད་སྣང་འདུག་པས་དེ་ལྟར་ན་གླད་སྐོར་དང་ཐིག་གཉིས་ཁྱད་མེད་འདྲ། འོན་ཏེ་འདིར་མ་ལྐད་སྐོར་ཞེས་པའི་གོ་བ་གཞན་དང་། ཐིག་ཅེས་པ་ཡང་དྲང་འཁྱོག་སོགས་ཀྱི་ཐིག་ལ་གོ་བ་ཡིན་དགོས་ན་དེ་དག་གི་རྒྱུ་མཚན་གང་ལགས་གསུང་རོགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་r7Ny51(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/6/24 20:29:23
boncuteརྒྱའི་མཚོན་རྟགས་འདི་དག་ནི་ད་སྐབས་རྒྱུན་འབྱམས་སུ་སོང་ཡོད་མོད། ཁ་ཇེ་གསལ་དང་སྟབས་ཇེ་བདེ་ཡི་བཟང་ཆ་མང་པོ་ཡོད་འདུག་བསམ་ཡོད། འོན་ཀྱང་འདི་དག་ནི་མེད་ཀྱང་རང་ཅག་ཁ་བ་རི་བའི་བོད་སྐད་ཡིག་གཉིས་་པོ་སྔར་བཞིན་ཁ་གསལ་དོན་འདུས་ཀྱི་ཆ་ཡོང་ཐུབ་པས། ང་ཚ་འདི་ལྟ་བུའི་སྐད་ཡིག་འགོས་ནད་ལ་རིང་ནས་རིང་དུ་བྲལ་བར་འབོད་སྐུལ་དང་དག་ཐེར་བྱེད་པ་ནི་འཁྲུལ་མེད་ཀྱི་འོས་འགན་ཞིག་ཏུ་ལེགས་པས་ཧ་ཅང་ལེགས་པར་མཐོང་སོང་། གུས་པ་གངས་ཐིག་གིས།
Re:ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/6/25 0:45:52
zhongsongའདི་འདྲ་སྙིགས་དོར་གནང་བ་བཀའ་དྲིན་ཆེ།
Re:ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/7/2 12:19:27
wangjiaཁྱེད་ཚང་ལ་ཡོང་ནས་བུད་སོང་།
Re:ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན། | 2013/7/14 22:23:43
སྐུ་མགྲོན་q74Xoc(སྐུ་མགྲོན)རྣམ་པ་ཚོ་ཕེབས་པར་དགའ་ཡོད། ལྐད་སྐོར་ཞེས་པ་ཡིག་ནོར་རེད་འདུག ཁོ་བོས་བསམ་པར་ཐིག་ཅེས་པ་དེ་ནི་དྲང་པོའི་ཐིག་ལ་བསམ་པ་ལས་ཐིག་ལེའི་དབྱིབས་ཅན་དེར་བསམ་མ་བྱུང་། ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་q74Xoc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.