རིགས་སྒྲའི་ཁྲོད་ཀྱི་ང་།
གཞུང་བརྒྱའི་གསང་བ་འཚོལ་བའི་གོ་རིམ་ཁྲོད་ནས།།
མཁས་པའི་བཞེད་དགོངས་རེ་རེར་འབྲེང་ཚོད་མ་བྱུང་།།
རྣམ་རྟོག་རླབས་རྒོད་མེར་བའི་རང་སེམས་འདི་ལས།།
ཤེས་བྱའི་དེ་ཉིད་སྟོན་པའི་དཔྱོད་ལྡན་མ་མཆིས།།
ཐལ་འགྱུར་མེ་ཞག་འཁྱུག་པའི་རྩོད་རྭའི་ཁྲོད་དུ།།
གཞུང་དོན་སེམས་ལ་གཏུག་པའི་རྣམ་རྟོག་བཙན་པོ།།
ཚིག་སྤྱིའི་སྣལ་རྒྱ་ལུག་པའི་དྲྭ་བའི་བར་ན།།
བདེན་འཛིན་ལོག་རྟོག་བྱེ་བའི་ཕུང་པོ་སྤུངས་སོང་།།
བླུན་པོ་ཨུ་ཚུགས་ཅན་གྱིས་ཞེ་སྡང་བསླང་ཞིང་།།
མཁས་པ་རྣམ་དཔྱོད་ཅན་གྱིས་རིགས་པ་བསླང་བ།།
རྟོགས་དཀའི་དཔེ་ཆས་ཡིད་ལ་སུན་པ་བསླང་སོགས།།
རིགས་པའི་ངར་ཁ་འགྲན་པའི་ཐོབ་ཤོར་མང་བྱུང་།།
སྒྲུབ་བྱེད་ལྟར་སྣང་བརྗོད་པའི་ཧམ་ཤེད་ཅིག་དང་།།
སུན་འབྱིན་ཕྱིན་ལོག་སྨྲ་བའི་བླུན་གཏམ་གཉིས་ཏེ།།
ལོག་རྟོག་སྒྲོ་འདོགས་བཟློག་པའི་གོམས་གཤིས་མེད་པར།།
ལོ་ཟླ་ངན་ལོང་ཁྲོད་ནས་སྔར་མུས་རྫོགས་སོང་།།
ལན་གསུམ་ཕུབ་མོ་བཙན་པོའི་ཨ་ལུང་ཆད་པས།།
རྟགས་གལས་ཚིག་གི་གོ་རིམ་གྲང་ཚིག་བསྒྱུར་ཏེ།།
ཁེངས་པའི་ཀུ་ཅོ་ཆེ་བའི་འཆད་རྭའི་འཚོ་བ།།
དོན་མེད་ལུང་མ་བསྟན་པའི་ལས་སུ་ཐལ་སོང་།།
ཐ་སྙད་ཚིག་གི་གོ་རིམ་སིལ་བུར་གཏོར་ཏེ།།
དངོས་ཀུན་འུབས་སུ་ཆུད་པའི་སྒྲིབ་བྱེད་མེད་པར།།
ལུང་སྟོང་འུར་གྱིས་འགེངས་པའི་བྱ་བྱེད་མོད་པོས།།
སྒྲུབ་བྱེད་ཡང་དག་བོར་བའི་ཧབ་ཆ་མཆེད་དོ།།
རྣམ་དཔྱོད་རལ་གྲི་བསྐོར་བའི་ཐལ་ལྕགས་རྩེ་ནས།།
དཀའ་གནད་མདུད་རྒྱ་དབྲལ་བའི་བརྣོ་ངར་ངོམ་སྟེ།།
དྲན་དབང་དགྱེས་པའི་མགྲིན་སྒྲ་བདག་གིར་བྱེད་པ།།
ཚུལ་མཐུན་ཚིག་ལ་གཞོལ་བའི་གོ་སྐབས་འཚོལ་དགོས།།
དམ་བཅའི་གོ་ཞུབ་དབྲལ་བའི་བརྣོ་ཁ་དིག་པས།།
ཚ་འཁོར་འཇིགས་བསྐུལ་བྱེད་པའི་རིགས་ལམ་ཟབ་པ།།
རྟོག་གེའི་མི་ཚེ་རིང་མོ་དོན་མེད་རྫོགས་ཞེས།།
མཚན་ཉིད་བརྗོད་བྱ་ངན་པའི་འུབས་སུ་ལྷུང་སོང་།།
བློ་ལྡན་མཁས་པའི་རྣམ་དཔྱོད་ཟབ་མོའི་དགོངས་པ།།
བློ་རྟགས་བསྡུས་ཚད་གསུམ་པོའི་ནང་འཁྲུགས་ཆེན་པོ།།
བློ་དམན་སུས་ཀྱང་བར་འདོམས་ནུས་པ་མིན་པས།།
བློ་དང་འཚམས་པའི་ཁས་ལེན་ཆོག་ན་སྙམ་བྱུང་།།
རྩེ་དྲུག་གི་སྐབས་དྲུག་པའི་རིགས་སྒྲིའི་སྐབས།།
- ཟིན་ཐོ་གོང་མ།དགེ་རྒན་དུས་ཆེན་ལ།
- ཟིན་ཐོ་འོག་མ།པན་ཆེན་སྐུ་ཕྲེང་རིམ་བྱོན