དམངས་ཀྱི་སྐུ་གཤེན།
དེ་ཡང་བོད་ལྗོངས་ཆབ་མདོའི་ཁུལ་སྟེང་ཆེན་རྫོང་ཀོ་རྒྱལ་དགོན་གྱི་ལྷ་འབངས་སུ་གྱུར་པའི་བྱང་ཕ་ཡུལ་འབྲོག་གཉིས་ཞེས་རྒྱུ་འབྱོར་བ་གནོད་སྦྱིན་མཛོད་ལ་དབང་ཞིང་། གཏམ་གྲགས་པ་གཡུ་འབྲུག་གདངས་ལ་དབང་བ་གང་ཉིད་ཀྱིས་རེ་ཞུས་ལྟར། དབྱར་ས་སྤུ་ཧྲོག་ཁར་བོན་གྱི་སྒྲུབ་གཞུང་གཤེན་རབ་རྣམ་པར་རྒྱལ་བའི་གཞུང་རྒྱ་ནག་མ་ཞེས་པ་རྒྱ་ནག་ལེགས་ཏོང་མང་པོས་སྒྲིག་པ་དེ་དང་། མདོ་གཡུང་དྲུང་ཀློང་རྒྱས་ཟུང་བསྒྲག་བསྒྲུབ་བྱས་ཤིང་། དེའི་ནང་གལ་ཆེ་བ་ནི་རྣམ་རྒྱལ་སྟོང་མཆོད་དང་། རྣམ་རྒྱལ་གཡང་སྒྲུབ་ཅེས་པ་དང་། རྣམ་རྒྱལ་བུམ་སྒྲུབ་ཅེས་པ་དག་ཡིན་ཞིང་། འདིར་ལྷ་འབངས་རྣམས་ཀྱིས་རེ་ཞུས་ལྟར། རྣམ་རྒྱལ་སྟོང་མཆོད་དང་། གཡང་སྒྲུབ་བུམ་སྒྲུབ་བཅས་ཀོ་རྒྱལ་དགོན་འདུས་གྲྭ་ནས་མཛད་ཅིང་། སྤུ་ཧྲོག་སྟོད་སྨད་བར་གསུམ་དུ་བུམ་པ་ཆ་གསུམ་སྦས། གཞན་སྲིད་རྒྱལ་འབུམ་ཚོགས་དང་། དྲན་པའི་འབུམ་ཚོགས་བཅས་ཕུལ།
དེ་ཡང་གཏེར་བུམ་གྱི་གྲངས་ལ་དགོས་སྐབས་ལྟར་སྣ་ཚོགས་ཡོད་ཀྱང་། འདིར་གཙོ་བུམ་གསུམ་དང་། འཁོར་བུམ་ཉེར་བཞི་བཅས་སྦས། དེ་ཡང་གཏེར་བུམ་སྦ་བའི་ལག་ལེན་ནི་ཀུན་མཁྱེན་ཉི་མའི་བུམ་འཛུགས་ལྟར་གནང་ཞིང་། ཕྱུགས་ཀྱི་འཕེལ་ཁ་དར་ལ། གཡང་གི་རུ་མ་རྒྱས་པར་གཤེན་རབ་འདོད་པ་དགུ་འགྱུར་གྱི་གཏེར་བུམ་དང་། ས་བདག་གི་གནོད་པ་ཞི་ཞིང་ས་བཅུད་ཡུལ་བཅུད་རྒྱས་ཕྱིར་ས་བདག་གསང་བ་ལག་ཆེན་གྱི་གཏེར་བུམ། གཟའ་སྐར་ངན་པ་དང་བཙའ་སད་སད་སེར་ཐོག་རྒོད་ཞི་ཕྱིར་དཔལ་མགོན་ཐང་བཟང་རིན་ཆེན་གྱི་གཏེར་བུམ། ཀླུ་རིགས་ཀྱི་གནོད་པ་ཞི་ཞིང་། ཆར་ཆུ་དུས་སུ་འབེབས་པར་བྱེད་པ་ལ་ཀླུའི་བུམ་པ་སོགས་དགོས་སྐལ་ལྟར་གསུངས་ཤིང་། འདིར་དེ་དག་ཚང་མའི་བུམ་པ་ཆ་གསུམ་སྦས་ཤིང་། གཡང་སྒྲུབ་དང་ཟློག་པ་སོགས་བྱས། ད་དུང་ཡང་སྦྱིན་བསྲེག་བྱ་བའང་ཡོད་ཀྱང་དབྱར་དུས་ཀྱིས་རྐྱེན་པའི་སྦྱིན་བསྲེག་བསྡུས་ཙམ་མཛད། དེ་ཡང་བོན་གྱི་རིག་གཞུང་དུ་ཚེ་འདིར་ཕན་བདེ་འབྱུང་ཞིང་། ཕྱི་རོལ་ཡུལ་གྱི་གནོད་འཚེ་ཞི་བར་བྱེད་པའི་ཕྱིར་སའི་མིག་ཏུ་གཏེར་སྦ་བའི་ལུགས་སྲོལ་ཞིག་དར་ཡོད་ཅིང་། འདིར་བུམ་གཏེར་འཛུགས་པའང་དེའི་ཕྱོགས་སུ་གཏོགས། རྣམ་རྒྱལ་བུམ་གཏེར་འཛུགས་པའི་ཕན་ཡོན་དག་ལས། ས་བདག་གི་ནད་དང་། ས་གཞིའི་འཕོ་འགྱུར་ཏེ་ས་འགུལ་ཆུ་ལོག སད་སེར་བཙའ་འབུ། ཐོག་སེར་གོད་ཡམས་ཞི་བ་སོགས་རགས་ཙམ་ཡིན་ལ་རྗེས་པ་ནི་དཔལ་མགོན་བརྒྱ་རྩའི་འདོད་གསོལ་ལས་ཤེས་པར་བྱེད་དོ། །གཏེར་བུམ་དེ་ལྟར་སྦ་པའི་ལོ་རྒྱུས་ཤིན་ཏུ་རིང་ལ། དེ་དག་འཆད་པར་བྱེད་པ་ལ་དཔེ་རྒྱུས་མང་དག་ཅིག་ལ་འབྲེལ་བ་ཡོད་མོད་འདིར་བུམ་འཛུགས་གཞུང་ལྟར་རགས་ཙམ་སྨྲ་བར་བྱེད་པ་ལ། ཐོག་མའི་བསྐལ་པའི་དུས་ན་སྲིད་པ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་ཟུང་གིས་བཀྲ་ཤིས་རྫས་བརྒྱད་དང་། གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་བླུག་པའི་གཏེར་བུམ་ལ་གཡུ་ཤུག་གིས་ཁ་རྒྱན་ཅན་ཞིག་རི་རྒྱལ་ལྷུན་པོའི་རྩེར་སྦས་ཤིང་། ཕྱྭ་གཡང་གི་དཔེ་སྲོལ་དང་པོར་སྲིད། དེ་རྗེས་སུ་ལྷ་ཚངས་པས་གཟུགས་ཁམས་འོག་མིག་ཞིང་དུ་རིན་པོ་ཆེ་གཏེར་ཁལ་དུ་མ་སྦས་པའི་བྱིན་མཐུའི་འཇིག་རྟེན་ན་བདེ་ཞིང་སྐྱིད་པར་འགྱུར། ཡང་ཅིག་ན་འཁོ་ལོ་བསྒྱུར་བའི་རྒྱལ་པོ་དུང་འོད་དང་། བཙུན་མོ་རིན་ཆེན་གསལ་འོད་གཉིས་ལ་སྲས་མེད་པ་ལ། སྟོན་པ་ཁྲིའི་ལུང་བསྟན་པ་བཞིན་བཀྲ་གསལ་མེ་ཏོག་གླིང་ལ་རྒྱལ་པོའི་དཀོར་ཆ་སྣ་ཚོགས་སྦས་ཤིང་། སྨན་འབྲུ་འཆོད་པས་སྲས་ཁྱེའུ་སྟོང་མེ་ཏོག་ཧ་སྤུངས་ཁར་བཞུགས་པ་བརྙེད་པས། བསྐལ་བཟང་སངས་རྒྱས་སྟོང་འབྱོན་པ་དང་། བསྐལ་པ་བཟང་པོ་ཞེས་པའང་དེ་ནས་བྱུང་བར་གྲགས། ཡང་ཅིག་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཤར་ཨ་མོ་ལི་ཀིའི་སྟེང་དུ་ནོར་བུ་དཀར་ལ་འཚེར་བ་སོགས་དགོས་འབྱུང་ནོར་བུ་དུ་མ་སྦས་པས་ལྷའི་ཁམས་ན་བདེ་སྐྱིད་ཕུན་སུམ་འཚོགས་པར་གྱུར། ཡང་ཅིག་ན་མྱེས་ཆེན་དམུ་རྒྱལ་ཕྱུག་པ་ཡིས། དམུ་རི་སྨུག་པོའི་རྩེ་ན་ཡེ་རྗེ་གནམ་ནས་བསྐོས་པའི་དམུ་ཁྲབ་ཤོལ་མོ་ལ་སོགས་སྒྲ་བླའི་གོ་མཚོན་སྣ་དགུ་གཏེར་དུ་སྦས་ཤིང་། དེའི་བྱིན་རླབས་ཀྱིས་དམུ་རིགས་འཕྲུལ་གྱི་རྒྱལ་པོ་དེ་འགྲོ་བའི་མགོན་དུ་གྱུར་པ་དང་། ཡང་ཡུབ་དམུ་རྒྱལ་ཐོད་དཀར་དེས་རི་གཡུང་དྲུང་དགུ་བརྩེག་གི་རྩེ་མོ་ལྷ་གླུ་མི་ཡི་ནོར་བུ་དང་། རིན་ཆེན་སྣ་ལྔའི་ཁལ་གྲང་མང་སྦས་པས་ཡུལ་འོལ་མོ་ལུང་རིང་ན་ཟད་པ་མེད་ཅིང་སྟོར་བ་མེད་པའི་རིན་ཆེན་དགོས་འདོད་འཚོགས་པར་གྱུར་ཅིང་། ཚེ་ལོ་བརྒྱའི་པའི་སྟོན་པའང་གནས་དེར་འཁྲུངས་པའོ། །ཡང་ཅིག་ན་སྲས་སྟོན་པ་གཤེན་རབ་ཀྱིས་ཕྱྭ་མཁར་གསང་བ་སྒོ་བཞི་བརྩེག་ཅིང་། རིན་པོ་ཆེ་གསེར་དང་། གཡུ། དུང་གི་བུམ་པ་བཅས་བཅུད་ཕུན་སུམ་འཚོགས་པས་བཀངས་བ་དང་། ནོར་བུ་སྣ་ཚོགས། གསེར་གཡུ་ལ་སོགས་རིན་པོ་ཆེའི་རིགས་རྣམས་གཏེར་དུ་སྦས་ཤིང་། དེའི་ཡོན་ཏན་གྱིས་ཚངས་རྒྱུང་ཉེར་ལྔའི་དབུ་མ་འདིར་བདེ་སྐྱིད་དཔལ་འབྱོར་རབ་ཏུ་རྒྱས་པ་བྱུང་ངོ་། །ཡང་ཅིག་ན་སྟོན་པ་གཤེན་རབ་ཀྱིས་རྒྱ་ནག་གི་ཡུལ་མུ་ཁྱུད་བདལ་པའི་མཚོ་གླིང་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བའི་ནང་དུ། རྣམ་རྒྱལ་རྩ་བའི་བུམ་པ་དང་། མགོན་ཆེན་བརྒྱད་ཀྱི་བུམ་པ་དང་། རིན་ཆེན་སྣ་ལྔའི་གའུ། བཀྲ་ཤིས་རྫས་བརྒྱད། རིན་ཆེན་ནོར་བདུན། གསེར་གྱི་མནྚལ། བསེ་སྒྲོམ། སྨན་གྱི་ཐོད་པ། གོ་མཚོན་རིན་ཆེན་སྣ་ཚོགས་བཅས་སྦས་ཤིང་། རྣམ་པར་རྒྱལ་བའི་མཛད་པ་སྟེ་བསྟན་པ་རྗེས་བཞག་གི་མཛད་པ་མཐའ་རུ་ཕྱིན་པར་གྱུར། ཞང་བོད་ཀྱི་ཚུལ་འདིར་མཚོནའང་ཞང་ཞུང་སྲིད་པའི་རྒྱལ་པོས་གངས་ཏི་སེའི་རྩེར་གསེར་ཁལ་དང་། དངུལ་གཡུ་སོགས་མཛོ་རྒྱབ་བཅུ་སྦས་ཤིང་། གཏེར་ཁ་དེའི་བྱིན་རླབས་ཀྱིས་ཞང་ཞུང་སྲིད་པའི་ཡུལ་ལྗོངས་སུ་བདེ་སྐྱིད་དཔལ་གྱིས་ཤིས་པར་གྱུར་ཞིང་། རྒྱལ་རབ་བརྒྱད་བཅུ་རྩ་གཉིས་སུ་མངའ་ཐང་ཕུན་སུམ་འཚོགས་པར་གྱུར། ཡང་ཅིག་ཀོང་ཡུལ་བོན་རི་ཆེན་པོ་ན། སྟོན་པ་གཤེན་རབ་ཀྱིས་དམུ་ཁྲབ་ཤོལ་མོ་ལ་སོགས་སྒྲ་བླ་གོ་མཚོན་སྣ་དགུ་དང་། གསེར་གཡུ་གཏེར་ཁ་གྲངས་མེད། གསུང་དབྱངས་འཕར་ཆེན་རང་གྲག་བཅས་གཏེར་དུ་སྦས་པས་གངས་ཅན་བོད་ཀྱི་ཡུལ་གྲུ་འདིར་རྒྱུ་འབྲས་བདེན་པའི་བོན་ཀུན་དར། བོད་དང་བོད་ཆེན་ཡུལ་གྲུ་ན་བདེ་སྐྱིད་ཡུན་དུ་རྒྱས་པ་བྱུང་། ཡང་ལྷ་རི་གྱང་ཐོའི་རྩེ་མོ་རུ་བོད་ཀྱི་རྒྱལ་པོ་མཉའ་ཁྲི་བཙན་པོ་ཡིས། རིན་ཆེན་སྣ་ལྔའི་བུམ་པ་ལྔ་དང་གོ་མཚོན་ནོར་བུ་གཏེར་དུ་སྦས་ཤིང་། དེའི་མཐུས་བོན་ཁྲིམས་དར་གྱི་མདུད་པ་དམ་ཞིང་། རྒྱལ་ཁྲིམས་གསེར་གྱི་མཉའ་ཤིང་བརྗིད་ཅིང་ཆབ་སྲིད་ཡུན་དུ་དར་བར་གྱུར། ཡང་ཅིག་བོད་རྒྱལ་མུ་ཁྲི་བཙན་པོ་ཡིས། གསེར་བྲེ་བརྒྱད་དང་། རྒྱལ་པོའི་དཀོར་ཆ་སྣ་ཚོགས་སྦས། བོན་སྲིད་རྒྱལ་སྲིད་ཀུན་ཏུ་རྒྱས་པ་བྱུང་། ཡང་ཅིག་ན་བཅད་པོ་ཐོ་ཐོ་རི་གཉན་བཙན་གྱིས་ཀྱང་ནོར་བུ་ངང་པའི་སྒོ་ང་ཙམ་དང་། གསེར་གྱི་གཡུ་ཁལ་གསུམ་བྲེ་ལྔ་སྦས། སྲིད་ཀྱི་མངའ་ཐང་དར་བར་བྱུང་། ཡང་ནག་པོ་རྒྱའི་ཡུལ་དུ། རྒྱལ་པོ་གྱིམ་ཤང་ནག་པོ་ལ། ས་བདག་ཀླུ་གཉན་ཐུགས་ཁྲོས་ནས། མི་ནད་ཕྱུགས་ནད་ལོ་ཉེས་བྱུང་། སྐབས་དེར་རིན་ཆེན་སྣ་དགུ་གཏེར་དུ་སྦས་པས་རྒྱ་ནག་བདེ་སྐྱིད་ལྡན་པར་གྱུར་བ་དང་། ཡང་ཅིག་ན་མེས་བོན་ཁྲི་སྡེ་ཨག་ཚོམ་གྱིས་བེཊཱརྱ་ཡི་ལྷུང་བཟེད་དང་། ནོར་བུ་ལ་སོགས་གཏེར་དུ་སྦས་པ་དང་། བོད་རྒྱལ་སྲོང་བཙན་གྱིས་ཀྱང་གསེར་ཕྱེ་ཁལ་ཕྱེད་གཏེར་དུ་སྦས། དེ་བཞིན་རྒྱལ་པོ་མུ་ཏིག་བཙན་པོས་ཀྱང་ནོར་བུ་དགོས་འདོད་ཀུན་འབྱུང་དང་། རལ་གྲི་བཅུ་གསུམ་གཏེར་དུ་སྦས། གཏེར་ཁ་དེའི་བྱིན་མཐུ་ཡིས་བོད་དུ་དམ་ཆོས་དར་བ་སོགས་གསུངས་སོ། །དེས་ན་རིན་པོ་ཆེ་སོགས་འགྲོ་ལ་ཕན་བདེ་འབྱུང་ཕྱིར་སར་གཏེར་དུ་སྦ་བའི་ལོ་རྒྱུས་རིང་ཞིང་། འདིར་འཁོད་པ་ལྟར་ན་གསས་ཁང་དཀར་ནག་བཀྲ་གསལ་དུ་སྟོན་པ་གཤེན་རབ་ཀྱིས་རྣམ་རྒྱལ་བུམ་གཏེར་སྦས་པ་འདི་ནི་བོན་པོའི་རྣམ་རྒྱལ་བུམ་གཏེར་སྦས་པ་ཆེས་སྔ་མོ་དེ་ཡིན་ཞིང་། གཞན་ས་བདག་ཉེ་ལམ་སྡེ་བཞིའི་བུམ་པ་སྦ་སྲོལ་ཡང་ཡོད་ལ། དེ་ལའང་བཙའ་སད་བསྲུང་ཕྱིར་ཞིང་ཁར་སྦ་བ། དེ་མིན་གང་དགོས་འཁོ་ལྟར་ཁྱིམ་དུ་སྦ་བ་སོགས་སྣ་ཚོགས་ཡོད། ཕྱིས་སུ་རྣམ་རྒྱལ་བུམ་གཏེར་སྦ་བའི་ལམ་སྲོལ་ཕུན་སུམ་ཚོགས་པར་བྱུང་ཞིང་། རྣམ་རྒྱལ་གཞུང་ལ་སྣ་ཚོགས་པ་སྟེ། རྩ་སྒྲུབ་དང་། གཟུངས་སྡེ་རིན་ཆེན་ཕྲེང་བ་སོགས་རྣམ་རྒྱལ་གྱི་གཞུང་ཟབ་ཅིང་རྒྱས་པ་ཡོད་ལ། གཞུང་འདི་ཉིད་སྒོ་འཕེན་ཡུལ་བ་ལ་ཕུགས་ཡེ་གཤེན་པ་ཡིན་པར་གསུངས་ཡོད་ཅིང་། འཕེན་ཡུལ་བའི་ལུགས་ཀྱི་དགེ་བསྙེན་པའི་གཞུང་ལ་ལས་བཞི་རྒྱུན་ལྔ་སྦྱིན་བསྲེག་གི་འཆང་ཡོད་པས། འདིར་ཡང་སྦྱིན་བསྲེག་སྣ་མང་ཞིག་སྔོན་བྱོན་ཚོས་གནང་ཡོད་པའང་བདེན་ལས་ཆེའོ། །འདིར་སྤུ་ཧྲོག་ཡུལ་འབྲོག་ཟུང་གིས་བོད་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་བླ་མ་དགེ་བཤེས་མཁན་སློབ་རྣམ་པས་སྤྲུ་ཧྲོག་ཁ་གཞུང་དུ་གཏེར་བུམ་ཉེར་ཤུ་རྩ་བདུན་སྦས་ཤིང་། ཉིན་དེར་ཡུལ་གྲུ་འདིར་འཇའ་ཚོན་རི་མོ་སོགས་ཀྱིས་ཡུལ་མི་སྡེ་དམངས་ཀུན་ལ་དགའ་སྤྲོ་སྦྱིན་པའི་ལྟས་བཟང་རབ་ཏུ་ཤར་བ་བཅས་སོ།། ༢༠༡༢*༧*༡༥ཉིན་རང་ཁྱིམ་དུ་བྲིས།
- ཟིན་ཐོ་གོང་མ།དཔེ་རྩིས་བཀླག་པའི་ང་རྒྱལ།།
- ཟིན་ཐོ་འོག་མ།ཐ་སྙད་ཀྱི་རོལ་རྩེད།