འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་ཁམས་
ཆེན་སྟོང་ཕྲག་བརྒྱ་པའི་དར་ནུབ།།
དེ་ཡང་འོ་ཅག་གི་རྣམ་འདྲེན་ཁྲི་གཙུག་གཤེན་རྒྱལ་དེ་ཉིད་ཚེ་ལོ་བརྒྱ་པའི་ཚེ་དམིགས་ཀྱི་སྟོན་པར་བྱོན་ཞིང་། གཞན་འགྲོ་བའི་དོན་དུ་བསྐལ་བཟང་སངས་རྒྱས་ལས་འཆི་མེད་གཙུག་ཕུད་དུ་བྱོན་པ་སོགས་མཛད་པ་གྲངས་མང་ནའང་། འཇིག་རྟེན་ཁམས་འདིར་གདུལ་བྱ་འདྲེན་པའི་ཐབས་སུ་མཛད་པ་དེ་དག་ཆེ་ལོང་ཙམ་དུ་བསྡུས་ན་མཛད་ཆེན་བཅུ་གཉིས་ཞེས་མཛད་བསྟོད་དང་། དྲང་དོན་སོགས་ལས་གསུངས་ཤིང་། འགྲོ་བའི་དོན་བྱེད་ཚུལ་ཡང་བསྟན་པ་སྤེལ་བ་དེ་ལགས་མོད། དམིགས་ཀྱིས་བཀར་བ་ལ་བསྟན་པ་སྤེལ་བའི་མཛད་པ་ཞེས་པ་ཞིག་མཆིས། དྲང་དོན་ལྟར་ན་བསྟན་པ་སྤེལ་བའི་མཛད་པ་ནི་མཛད་ཆེན་བཅུ་གཉིས་ལས་གཉིས་པ་རུ་གསུངས། བསྟན་པ་སྤེལ་བའི་སྐབས་སུ་གླིང་བཞི་རེ་རེ་ལ་ཡང་བོན་འཁོར་རེ་དང་སྟོན་པ་རེ་སྣང་བར་མཛད་པ་དང་། རིགས་དྲུག་འདུལ་བའི་གཤེན་དྲུག་སོགས་བསྟན་འཛིན་སྐྱེས་བུ་ཡང་བཀོད་པ་མཛད། བཀའ་འཁོར་ལའང་འཁོར་ལོ་དང་པོར་ཐེག་པ་རིམ་དགུ་དང་། རིག་པའི་གནས་ལྔ། བར་པར་སྒོ་བཞི་མཛོད་ལྔ་དང་། ཐ་མར་ཕྱི་ནང་གསང་གསུམ་བཅས་ཡོད་པ་ལས། འདི་ནི་ཐེག་དགུ་དགེ་དྲང་གི་བལྟ་བ་བསྟན་པའི་གཞུང་དང་། སྒོ་བཞི་མཛོད་ལྔ་ལས་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་དང་། རིག་པའི་གནས་ལྔ་ལས་ནང་རིག་པའི་བོན་དུ་འདོད་པ་ཡིན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྐོར་ལའང་རྒྱས་འབྲིང་བསྡུས་གསུམ་དུ་ཡོད་པར་གྲགས་ཤིང་། རྒྱས་པར་གླེག་བམ་བརྒྱ་དང་རྩ་བརྒྱད་ཅན་དང་། བསྡུས་པ་ཀླུ་ཡུལ་དུ་དར་བ་དང་། འབྲིང་པོ་མི་ཡུལ་དུ་དར་བའོ། །འབྲིང་པོ་ལའང་རྒྱས་པའི་སྐོར་ལ་བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་སད་གུ་རིན་ཆེན་གྲགས་པ་དང་། ཏྲེ་རྒྱལ་ར་ཙ་གཉིས་ཀྱིས་བསམ་ཡས་ལྡེར་སོའི་རྒྱབ་ནས་བརྙེད་པ། དུམ་བུ་སུམ་བཅུ་སོ་གཉིས། ཞུ་བ་པོ་བཅུ་དྲུག་གིས་ཞུས་པ་དང་། གཞན་བམ་པོ་སུམ་བརྒྱ་དྲུག་ཅུ་ཡོད་པ་གཤེན་གཏེར་ཁམས་ཆེན་ཞེས་གྲགས་པ་དང་། འབྲིང་པོ་ནི་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་གཏེར་ལས་ཐོན་པའི་འཕྱང་འབུམ་དུམ་པ་བརྒྱད་པ་དང་། གཤེན་གཏེར་ཁམས་འབྲིང་དུམ་དྲུག་མ། གཉན་སྟོན་གྱིས་ཤེལ་བྲག་ནས་ཐོན་པའི་ཁམས་ཆུང་དུམ་བུ་དྲུག་པ་ལྟ་བུའོ། །གསུམ་པ་བསྡུས་པ་ནི། གཉན་སྟོན་གྱིས་གཏེར་མ་རྩ་འབུམ་དང་། སྤ་གྲོའི་གཏེར་མ་བཀའ་མདོ་འདུས་པ། གཤེན་གཏེར་ཁམས་རྩ་རྣམ་ངེས། གཉན་སྟོན་གྱི་གཏེར་མ་ཁམས་བསྡུས་ཚིགས་སུ་བཅད་པ་བཅས་ཡིན་ཞེས་མཁན་ཉི་མའི་ཕར་ཕྱིན་སྐབས་དང་པོ་ལས་གསུངས། གཞན་ཁམས་བརྒྱད་སྤ་དྲོ་ནས་བྱོན་པ་དུམ་པ་ཉི་ཤུ་ཅན་དང་། ཉི་མ་དགུ་ཤར་དུམ་པ་བཅུ། རྩེ་འབུམ་པོད་བཅུ། བདལ་འབུམ་དུམ་པ་བཅུ་སོགས་ཡོད་འདུག་ནའང་ཕར་ཕྱིན་ལས་དེ་དག་འཁོད་མི་འདུག་སྙམ། སྤ་དྲོ་ནས་བྱོན་པ་དུམ་པ་ཉི་ཤུ་ཅན་དེ་ད་ཆའི་བཀའ་འགྱུར་ཀུན་གྲོལ་ལྷ་སྲས་ཅན་ནང་དུ་མེད་པ་དང་། འབུམ་དེ་ཉིད་ནང་དུ་གཤེན་རབ་ལ་འཁོར་སྒྲིབ་སེལ་གྱི་གཡུང་དྲུང་སེམས་དཔའ་སོ་གཉིས་ཀྱིས་བསྐོར་བ་ཞིག་ཡིན་གསུངས་ལ། རང་སྟོན་ཤེས་བྱ་ཀུན་མཁྱེན་གྱིས་ཡུམ་རྒྱས་པའི་མ་ཕྱི་ནི་དུམ་པ་ཉི་ཤུ་མ་དེ་ཉིད་ཡིན་པར་གསུངས། གཤེན་གཏེར་ཁམས་ཆེན་ལ་ནི་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་ཡོད་པ་ལས་ལྔ་བཅུ་རྩ་གཉིས་འཁོར་ཕུན་ཚོགས་ཀྱི་སྐབས་དངོས་སུ་གསུངས་ཤིང་། གཞུང་གི་བར་བར་དུ་ཡོད་པའི་ཞུ་བའི་གཤེན་བརྒྱད་བསྣན་པའི་གྲངས་ཚང་ཞེས་དཔལ་ཆེན་པོས་གསུངས། འོན་ཀྱང་འཁོར་ཕུན་ཚོགས་བསྟན་པའི་སྐབས་སུ་གསང་བ་ངང་རིང་དང་། གཏོ་བུ་འབུམ་སངས་ཚངས་པ་རྩུག་ཕུད་གསུམ་དངོས་སུ་བསྟན་པས་དེ་གསུམ་ཞུ་བའི་གཤེན་བརྒྱད་ཀྱི་གྲས་སུ་བརྩི་བ་ན་གང་ལྟར་ཡིན་བསམ་བྱར་སྣང་། འོན་ཀྱང་གཞན་སྡེའི་ཡུམ་ཀླུ་ཡུལ་ནས་དྲོངས་པ་བདེན་ན་བསྡུས་པའི་སྐོར་ཀླུ་ཡུལ་དུ་དར་བ་དེ་དག་ཡིན་ནམ། རྒྱུ་མཚན་ཐུབ་པས་ཀླུ་ཡུལ་དུ་འགྲོ་དོན་མ་བྱས་ཟེར་བས་སོ། །བོན་པོས་ཐུབ་པས་ཀླུ་ཡུལ་དུ་འགྲོ་དོན་མ་མཛད་ཟེར་ཡང་ཡུམ་ཀླུ་ཡུལ་དུ་གསུངས་པར་མི་འདོད་དེ། རྒྱལ་པོའི་ཁམས་ཀྱི་གྲོང་ཁྱེར་བྱ་རྒོད་སྤུངས་པའི་རི་ལ་ཞེས་སོགས་གནས་ཕུན་ཚོགས་བྱ་རྒོད་སྤུངས་རི་ལ་གསུངས་པས་སོ། །དེ་ཡང་བསམ་བྱར་གནས། ད་ལྟའི་གཤེན་གཏེར་ཁམས་ཆེན་དང་ཡུམ་རྒྱས་པ་གཉིས་ལའང་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཧ་ཅང་གི་མང་པོ་ཡོད་ཚོད་འདུག་སྟེ་འདི་ལྟར། ཐོག་མར་ཀ་དུམ་དུ་བོན་གྱི་ཁམས་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲིད་པའི་གླེང་གཞི་སྟེ་གླེག་བམ་དང་པོའོ་ཞེས་བྱུང་ལ། གཞན་སྡེའི་ཡུམ་གྱི་དུམ་པ་དང་པོ་ལས། འབུམ་ཀ་པ་བཞུགས་སོ་ཞེས་འཁོད་པ་དང་། འབུམ་གཉིས་ཀྱི་ཁུངས་མཚོན་བྱེད་དུ་ཞང་སྐད་དང་རྒྱ་གར་སྐད་སྨོས་ཤིང་། དེ་ཉིད་བོད་སྐད་དུ་བསྒྱུར་བ་ལ་ཁམས་ཆེན་ལས། འཕྲུལ་གྱི་ཡི་གེ་སུམ་ཅུ་མན་ངག་གི་དོན་བསྟན་པ། ཁམས་བརྒྱད་གཏན་ལ་ཕབ་པ། སྟོང་ཕྲག་བརྒྱ་པ་ལས་སྲིད་པའི་ཁམས་ཀྱི་གླེང་གཞི། ཚིག་གི་རྩེ་མོ། དོན་གྱི་ས་གཅོད། དུམ་པ་ཐོག་མ། བམ་པོ་དང་པོ། ལེའུ་གོང་མའོ། །ཞེས་དང་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེག་བམ་ཐོག་མ། བམ་པོ་དང་པོའོ། །ཞེས་དང་། ཡང་ཁམས་ཆེན་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། རི་རྒྱལ་ལྷུན་པོའི་ཕོ་བྲང་། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་རུ། འཁོར་གཤེན་ཕྲན་ལྔ་སྟོང་ལྔ་བརྒྱ་ཡིས་བསྐོར་ནས་ཐབས་ཅིག་ཏུ་བཞུགས་ཏེ། ཞེས་དང་། ཡུམ་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི། བྱ་རྒོད་ཕུང་པོ་ལ་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་སོགས་སྐུ་ཆེ་བའི་ཡོན་ཏན་བཤད་ཅིང་། ཁམས་ཆེན་ལས། འདབ་ཆགས་ཀྱི་རྒྱལ་པོ་བྱ་བ་བྱེད་པ་སོགས་ཆེ་བའི་ཡོན་ཏན་བཤད་ཀྱང་ཚིག་འདྲ་བ་དེ་ཙམ་མི་འདུག དེ་ནས་ཡུམ་ལས། ཞུ་བ་པོའི་ཆེ་བའི་ཡོན་ཏན་དང་ཞུ་འཁོར་དངོས་སུ་མཚན་སྨོས་པ་སུམ་ཅུ་སོ་བརྒྱད་འདུག་ཅིང་། ཁམས་ཆེན་ལས་ནི་ཆེ་བའི་ཡོན་ཏན་བཤད་རྒྱས་འོད་ཟེར་སྤྲོས་ཚུལ་བསྟན་པ་ལས་འཁོར་མ་བསྟན་པ་དང་། ཡུམ་ལས་ཞུ་འཁོར་བསྟན་པའི་རྗེས་སུ་འོད་ཟེར་སྤྲོས་ཚུལ་བསྟན་པ་མ་ཟད་འོད་ཐོག་མར་ཞབས་མཐིལ་ནས་སྤྲོས་པ་དང་། ཁམས་ཆེན་ལས་ཐུགས་ལས་སྤྲོས་པ་དང་དེ་ནས་སྤྱི་བོ་ནས་སྤྲོས་པ་སོགས་མི་འདྲ་བ་དང་། འོད་ཟེར་སྤྲོས་རྗེས་སུ་ཁམས་ཆེན་ལས་ཡེ་ཤེས་དྲུག་ཅུ་རྩ་གཅིག་བསྟན་པ་དེ་ཉིད་སྐབས་དེར་ཡུམ་ལས་མ་བསྟན། དེ་ལྟ་བུ་འདྲ་བ་དང་མི་འདྲ་བ་འགའ་སྣང་ངོ་། །རྒྱས་པར་གཞན་དུ་བཤད་པར་འདོད། ཤེར་ཕྱིན་གྱི་ལུས་ཡོངས་རྫོགས་མ་བསྟན་ཡང་དོན་ཙམ་བསྟན་པ་ཡུམ་མདོ་དང་ཐིག་མདོ་གཉིས་ཡིན་པ་ལ། ཐིག་མདོ་ནི་རྒྱལ་བུ་ཞིག་སྙུང་གིས་ཟིན་པར་ཁམས་ཆེན་ཚར་བརྒྱ་ཉིན་གཅིག་ལ་ཀློག་དགོས་པ་ལ་ཉིན་གཅིག་ཀློག་དཀའ་བས་ཁམས་ཆེན་བསྡུས་ཏེ་ཐིག་མདོ་གསུངས་པར་རྗེས་བྱང་དུ་འདུག་ཅིང་། ཁམས་ཆེན་ལས་རྣམ་པར་ཤེས་པའི་ཁམས་མ་གསུངས་ཟེར་ཞིང་། ཁམས་ཆེན་གྱི་རྩ་བའི་འཁོར་བའི་འགྲེས་སུ་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་མོད་བྱེ་བྲག་གི་འགྲེས་སུ་མེད་པ་དེ་ཅི་ལྟར་ཡིན་ནམ་སྙམ། ཐིག་མདོ་ལས་ནི་རྣམས་པར་ཤེས་པའི་ཁམས་བྱུང་ལ། བདལ་འབུམ་དང་ཉི་མ་དགུ་ཤར་སོགས་སུའང་རྣམ་པར་ཤེས་པའི་ཁམས་གསུངས་སོ། །ཡུམ་མདོ་ནི་བོན་གྱི་མདོ་ཕྲན་ནང་དུ་ད་ལྟ་ཡོད་ཅིང་། མདོ་ཕྲན་དེའི་མིང་དུ་ད་ཆ་ཕལ་གྱིས་ཁྲི་རྗེ་ལུང་བསྟན་གྱི་མདོ་ཞེས་ཟེར། དེ་ཡང་ཡ་གྱལ་གྱི་མིང་ཚོགས་པར་བཏགས་པར་ཟད་དེ། ཁྲི་རྗེ་ལུང་བསྟན་གྱི་མདོ་ནི་མདོ་ཕྲན་གྱི་མདོ་ཐོག་མའི་གྲས་སུ་གཏོགས་པའོ། །འབུམ་འདི་དག་འཕན་ཡུལ་བོན་སྒོར་བཞག་པ་དེར་རྨེའུ་དཔལ་གྱིས་དེར་བཏགས་པའི་དགོས་པ་སོགས་གསུམ་ཚང་ཞིང་འཕན་ཡུལ་བ་མིན་ཞིང་། མིན་པའི་རྒྱུ་མཚན་གསང་སྔགས་ཤིག་ཏུ་འཕན་ཡུལ་བས་ཕྲ་བ་དོན་དམ་དུ་འདོད་པར་གསུངས་ཤིང་། འབུམ་ལས་དེ་ལྟར་མི་གསུངས་པ་རྒྱུ་མཚན་དུ་གནང་མོད། དེ་ལྟར་ན་ཆོ་ག་བཅུ་གཉིས་ལས་འཕེན་ཡུལ་དཀྱིལ་འཁོར་གཞུང་བཞི་སོགས་ཕྲ་བ་དོན་དམ་དུ་འདོད་པར་འགྱུར་བས་ན། འཕན་ཡུལ་པ་ཡིན་ན་ཕྲ་བ་དོན་དམ་དུ་འདོད་པར་མ་ངེས་སོ་ཞེས་བརྗོད་པར་འདོད། དེ་ལ་འཕན་ཡུལ་ནི་འབྱུང་བའི་གཤེན་བཞི་ལ་གསུངས་ཤིང་། འབྱུང་བའི་གཤེན་བཞི་ནི་བློ་ཐ་མ་ཅན་ཡིན་པས་ཐེག་ཆེན་དུ་མི་འདོད་ཅེས་པའི་གསུངས་སྲོལ་དེར་བློ་རབ་ཀྱི་ཐ་མར་འདོད་ཅེས་བོན་གྱི་སྤྱན་ལྡན་ཆེན་མོས་གསུངས་སོ། །གསུངས་པའི་གནས་བརྒྱད་དུ་གསུངས་ཤིང་། གནས་དེ་དག་རྟགས་གཟིག་གི་ཡུལ་དུ་ཡོད་པར་འདོད་པ་དང་ལྷ་ཡུལ་སོགས་ལའང་གསུངས་པའོ། །
༢
འབུམ་འདི་དག་བསྟན་པ་རྗེས་བཞག་གི་སྐབས་སུ་ཐོག་མར་ཁྲི་མང་རྒྱལ་བ་ལ་གཉེར་དུ་གཏད་ཅིང་རྨ་ལོ་གཙུག་ཕུད་ཀྱིས་བཀའ་བསྡུ་མཛད། དེ་ཡང་གཉེར་དུ་གཏད་པ་ནི་བདག་བྱེད་མཁན་བསྐོས་བཞག་བྱས་པ་དང་། བསྡུ་བ་པོ་ནི་བཀའ་བསྡུ་རུག་བྱེད་མཁན་ཡིན་པས་མི་འདྲ་བའོ། །བཀའ་བསྡུ་བ་འདི་ཕྱོགས་བཅུ་ཀུན་ཏུ་འཐོར་ནས་བསྡུས་པ་མིན་པར་གསུངས་སའི་གནས་མི་འདྲ་བ་རྣམས་སུ་གསུངས་པ་དག་གསས་ཁང་དཀར་ནག་ཁྲ་གསུམ་ནང་དུ་བཀའ་ཡོད་དོ་ཅོག་ཕྱོགས་གཅིག་བསྡུས་པ་དང་། སངས་པོ་འབུམ་ཁྲིས་ཡིག་མཁན་མཛད་དེ། བཀའ་རྣམ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཤིང་དེ་དག་ལ་དཔེ་གླེགས་དང་དཔེ་ཐག་སོགས་ཟ་དྲུག་དང་སྦྱར་བ་ཁ་དོག་མི་འདྲ་བར་ཕྱེས་པའོ། །བསྡུ་མཁན་གྱི་གཙོ་གཉེར་སྟོན་པ་གཤེན་རབ་ཉིད་ཀྱིས་མཛད་ཅིང་འཁོར་རྣམས་ལ་ལས་དགོས་བྱས་པ་ཞིག་ཏུ་ངེས་སོ། །ཞུ་བའི་གཤེན་བརྒྱད་དུ་གཙུག་གཤེན་རྒྱལ་བ་དང་ཡིད་ཀྱི་ཁྱེའུ་ཆུང་གཉིས་བྱུང་བ་ལས། ཡིད་ཀྱི་ཁྱེའུ་ཆུང་ཞེས་སངས་པོའི་སྤྲུལ་པ་དེ་ལའང་གཡུང་དྲུང་གཙུག་གཤེན་རྒྱལ་བ་ཞེས་འབོད་པས་ནོར་དོགས་ཀྱིས་གཡུང་དྲུང་ཞེས་འབོད་མིན་དུ་གསུངས་ཀྱང་། ཁྱིམ་སྤོང་གི་སྐབས་སུ་ཡིད་ཀྱི་ཆེ་ཆུང་རབ་ཏུ་བྱུང་པ་བྱུང་བ་དང་། མདོ་འདུས་ཀྱི་དགོངས་པ་ལྟར་དགའ་སྟོན་སོགས་ཀྱིས་ཡིད་ཀྱི་ཁྱེའུ་ཆུང་ནི་སྟོན་པ་གཤེན་རབ་ཀྱི་སྲིང་མོ་གཤེན་ཟ་ངང་འབྲང་མ་ལྷ་ཡུལ་དུ་བག་མར་བྱོན་པའི་སྲས་སུ་གསུངས། འབུམ་ཉི་མ་དགུ་ཤར་ལས་ནི་ཡེ་ཤེས་སུམ་བརྒྱ་དྲུག་ཅུའི་ནང་དུ་འཁོར་གྱི་མཇུག་གྲས་སུ་གཙུག་གཤེན་རྒྱལ་བ་དང་ཞེས་པ་བྱུང་། དེས་ན་ཡིད་ཀྱི་ཁྱེའུ་ཆུང་གཉིས་པ་ཞིག་ཡོད་ཅེས་ཟེར་དགོས་སམ། དེ་ནི་སྟག་གཟིགས་འོལ་མོའི་གླིང་དུ་ཐོག་མར་དར་ཚུལ་ཡིན་ཞིང་། བར་དུ་དར་བ་ནི་སྟོན་པ་མྱ་ངན་ལས་འདས་རྗེས་སུ་རྒྱལ་ཚབ་མུ་ཆོ་བྱོན་ཞིང་བཀའ་ལ་བཀའ་བརྟེན་བོན་དུ་ཕྱེས་ཤིང་བསྡུ་འཁོར་བཅུ་གསུམ་གྱིས་ལོ་གསུམ་རེར་རང་རང་གིས་བསྡུས་པའི་བོན་རྣམས་འཆད་ཉན་ཐོས་བསམ་གྱིས་སྤེལ་བར་མཛད་ཅིང་། དེའི་ལས་དཔོན་གདུང་སོམ་མི་ཆོས་མཛད་དོ། །མུ་ཆོ་ནི་སྟོན་པའི་སྐུ་སྲས་ལྷ་ཡུལ་དུ་འཁྲུངས་པ་དེ་ཡིན་ཞིང་། མུ་ཆོ་ལྡེམ་དྲུག་ཅེས་པ་དྲང་སྲོང་གི་མཚན་ཡིན་པ་འདུལ་བ་གསང་ལུང་ལས་གསུངས་ཞེས་འདུག་ཀྱང་། ཁོ་བོས་འདུལ་བ་གསང་ལུང་ཞེས་པ་ཞིག་མཇལ་བ་དེའི་ནང་དུ་སྐེ་རགས་ཀྱི་བཤད་པ་ཙམ་བྱུང་མོད་མཚན་དེ་འདྲ་མ་བྱུང་། མདོ་དྲི་མེད་ལས་ནི་སྲས་དེ་ཉིད་འཁྲུངས་ནས་མི་ཆོ་ལྡེམ་དྲུག་ཏུ་གསོལ་ཏེ་རྒྱལ་སར་བཀོད་ཅེས་པ་བྱུང་བས་དྲང་སྲོང་གི་མཚན་མིན་ལས་ཆེ་སྙམ། གཤེན་གྱི་སྐུ་སྲས་དེ་དག་བདེ་བར་གཤེགས་པ་འགྲོ་བའི་དོན་དུ་བྱོན་པ་ཡིན་པས་དྲང་སྲོང་གི་སྡོམ་ལྡན་ཡིན་མིན་ཤོད་དཀའ་མོད། གཤེན་གྱི་དགེ་སྤྱོད་ལས་མུ་ཆོ་མ་བྱུང་ཞིང་། འདུལ་བའི་རྒྱུད་ཚུལ་ནང་དུ་མེད་པ་དང་བྱོན་པའི་ཚེ་རྫོགས་སྐུའི་ཆ་ལུགས་དང་བཅས་པར་གསུངས་པས་རབ་བྱུང་པའི་ཚུལ་མ་གནང་བ་ཡིན་ནམ་སྙམ། འོན་ཏེ་མུ་ཆོ་ལྡེམ་དྲུག་ཅེས་པ་འགའ་ཞིག་འབྱུང་ཡོད་པ་ནི་རིགས་དྲུག་འདུལ་བའི་གཤེན་གྱི་གྲལ་དུ་གཅིག་དང་། བསྐལ་བཟང་སངས་རྒྱས་ནང་དུ་གཅིག་སོགས་གདའ། དེ་ལྟར་གདུང་སོབ་བྱོན་ནས་རྨ་ལོ་དང་གཡུ་ལོ་གཉིས་ཀྱིས་གཟུངས་སྡེ་འབུམ་སྡེ་ལོ་དྲུག་ཏུ་བཤད་པ་ནས་དར་ཞིང་། འགྲེལ་བ་ལ་ཚངས་པ་གཙུག་ཕུད་ཀྱི་བུམ་ཏིག་དང་། དྲང་སྲོང་རྒྱལ་བའི་འབུམ་འགྲེལ་སོགས་ཡོད་པར་གྲགས།། ༣
ཞང་བོད་དུ་དར་ཚུལ། དེ་ཡང་ཞང་ཞུང་ལ་སྒོ་ཕུགས་བར་དང་གསུམ་ལས་འདི་ནི་སྒོ་པ་ཡིན་ལ་དེ་སྒོ་པའི་གནས་འདིར་སྟོད་ཁྱུང་ལུང་གི་སྐོར་དུ་འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་སྟོན་པས་བསྟན་པ་སྤེལ་བའི་མཛད་པའི་སྐབས་སུ་གླིང་རེར་བོན་རེ་དང་སྟོན་པ་རེ་སྤྲུལ་པ་བཀྱེ་བ་དང་རིགས་དྲུག་ཏུ་འདུལ་བའི་གཤེན་དྲུག་སོགས་སུ་སྤྲུལ། དེ་ལ་ཞང་ཞུང་འདིར་ལྷ་ཁྲི་ཤེས་དཀར་པོ། རྗེ་ཁྲི་རྗེ་ལ་བོན་གྱི་བསྟན་པ་བཞག་པ་ཡིན། རྒྱུ་མཚན་དེའི་ཕྱིར་བོད་དུ་གཡུང་དྲུང་གི་བོན་རིན་པོ་ཆེ་སྟོན་པ་བོད་དུ་བྱོན་སྐབས་སུ་གསར་དུ་དར་བའི་ངེས་པ་མེད་པ་ནི། ཞང་བོད་གཉིས་ཁྱིམ་མཚེས་སུ་གྱུར་བ་ལས་ཆེས་ཆེར་འཕགས་པའི་རིག་གནས་དེ་དག་ལ་བོད་པ་འགྲམ་ཆུ་མི་ལྡང་བའི་ངེས་པ་མེད་པས་ན་སྟོན་པ་བོད་དུ་བྱོན་སྐབས་ཀྱི་བོད་ཀྱི་བོན་པོ་ཞེས་པ་དེ་དག་མཐའ་གཅིག་ཏུ་གཡུང་དྲུང་བོན་ལ་མི་སྤྱོད་པའི་བོན་པོ་ཡིན་པའི་ངེས་པ་མི་འདུག་སྙམ། ལོ་རྒྱུས་ཐོག་ཏུ་གསལ་བ་ལྟར་ན་བོན་ཞང་ཞུང་དུ་ཆེས་དར་ཆེ་བ་ནི་ལི་ཤུའི་སྐབས་ཡིན་པ་དང་ལི་ཤུ་འཁྲུངས་ནས་ད་བར་མི་ལོ་༣༧༦༢སྟེ་སྤྱི་ལོའི་སྔོན་དུ་༡༧༥༡སོང་བར་འདོད། དེའི་སྐབས་སུ་འབུམ་དང་ལྷ་ཁང་མཆོད་རྟེན་དེ་དག་ཞང་ཞུང་དུ་དར་བ་ཡིན་པར་བཤད་དོ། །ཞང་ཞུང་ནས་བོད་དུ་དར་བའི་དུས་ནི་སྟོང་རྒྱུང་གི་སྐུ་ཚེ་སྟོད་ཙམ་དུ་སྟེ། བདལ་འབུམ་དང་ཉི་མ་དགུ་ཤར་སོགས་སུ་ཡུལ་བྱེ་མ་ལ་གཡུང་དྲུང་དུ། ཞང་ཞུང་སྟོང་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་ཟེར་བ་སོགས་པས་སོ། །ཞང་ཞུང་སྟོང་རྒྱུང་གིས་སེ་སྡེ་མེ་གསུམ་དང་སྡོང་ནས་བོད་སྐད་དུ་བསྒྱུར་བས་དེ་བཞི་ལ་ལོ་ཙ་བ་རྣམ་བཞིའམ་ལོ་པཎ་མཁས་པ་མི་བཞི་ཞེས་སུ་གྲགས། དེ་ཡང་གནམ་གྱི་ཁྲི་བདུན་སྐབས་སུ་དར་ཞིང་། ཁྲི་བདུན་སྐབས་སུ་བོད་དུ་འབུམ་གྱི་འགྲེས་རྐང་ལ་མཁས་པ་མཐའ་བཞི་བུམ་ཆུང་ཞེས་པ་ཡོད་པར་གྲགས་ལ་དེ་དག་ནི་འཛམ་གླིང་དུ་གཡུང་དྲུང་ཁམས་ཆེན་ཅུང་ཟད་དར་བའི་སྐོར་རོ།།
༣
ནུབ་པའི་ཚུལ་ལ། ཞང་བོད་གཉིས་ཀར་ནུབ་པ་ཡོད་ནའང་བོད་དུ་ནུབ་པ་དེ་བཤད་སྒྲོས་ཆེ་བས་འདི་ན་དེ་ཉིད་བཤད་པར་བྱ་སྟེ། བོད་དུ་ཐེངས་གཉིས་སུ་ནུབ་པ་དང་ཐེངས་གསུམ་ལ་དར་བ་ཡིན། དེ་ཡང་ཐོག་མར་གནམ་གྱི་ཁྲི་བདུན་སྐབས་སུ་དར་ཞིང་བར་གྱི་ལྡིང་གཉིས་ཀྱི་དང་པོ་གྲི་གུམ་བཙན་པོས་སྐབས་སུ་ནུབ་པ་ཡིན་ལ། སྐབས་དེར་བོན་བསྟན་བོད་ཡུལ་དུ་ནུབ་པ་ཐེངས་པོ་བྱུང་ཞིང་། སྤྱིར་བོད་དུ་བོན་བསྟན་དར་ནུབ་ཅི་འདྲ་བྱུང་ཡང་རྒྱུ་ཡི་བོན་རྣམས་ནུབ་པར་མ་གྱུར་ཞིང་། གྲི་གུམ་གྱི་སྐབས་སུ་ཡང་གྱིམ་བུར་བོན་ཕྱད་དང་གཉིས་བྱིན་པ་རྒྱུ་བོན་ཟང་མའོ་ཞེས་སོ། །སྐབས་དེར་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ཞེས་ད་ཆའི་གཤེན་གཏེར་མ་འདི་ཉིད་མཁས་པ་མི་བཞིས་འབྲི་མཚམས་ལ་སྦས་པའི་དུས་སྐབས་དེ་ནི་བོད་དུ་ཁམས་ཆེན་ནུབ་ཐེངས་དང་པོ་དེ་ཡིན་ལ། ཞང་ཞུང་ལ་སྔར་བཞིན་བོན་རྣམས་མ་ནུབ་པར་སྤྱོད་བཞིན་ཡོད་པ་རེད། དེ་ནས་སྲས་སྤུ་ལྡེ་རྒྱལ་ས་ཟིན་ནས་རིག་འཛིན་སྟོང་རྒྱུང་གདན་དྲོངས་ཕ་གྲི་གུམ་བཙན་པོའི་གྲི་འདུར་བཅས་ཏེ་གྲི་གུམ་ཐར་པར་བཀོད། སྲས་སྤུ་ལྡེས་རྒྱལ་ས་བཟུངས་ནས། ཞང་བོད་གྱི་མཁས་དབང་ལྷན་འཛོམས་ཐོག་སྐད་གཉིས་བསྒྱུར་ཏེ་ཁམས་ཆེན་བོད་སྐད་དུ་བསྒྱུར་བའོ། །ལོ་རྒྱུས་རྣམས་སུ་ཡོངས་གྲགས་མ་གྱུར་པ་ཞིག་ཞུ་བ་ལ། སྲས་སྤུ་ལྡེས་ཆོས་སྣུམ་བོན་གྱི་བསྟན་པ་གཙུག་ཅེས་པ་ཞིག་འདུག དེ་དག་གི་གོ་རིམ་བསྒྲིག་ན་གྲི་གུམ་གྱིས་བོན་བསྟན་བསྣུམ་པའི་ཀུན་སློང་གཏོང་མཁན་ནི་བོན་གཤེན་གྱི་གོ་གནས་མེད་པའི་བློན་པོ་འགའ་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་སྤྲང་པོ་རདཎ་སི་ཏི་བ་ཞིག་ཀྱང་དབྱེན་བཅོལ་བའི་ལས་གྲར་ཞུགས་པ་དང་། སྲས་སྤུ་ལྡེས་ཆོས་བསྣུབ་ནས་བོན་བསྟན་གཙུག་ཅེས་པ་གུང་འགྲིག་འདུག་སྙམ། འོན་ཀྱང་སྲས་སྤུ་ལྡེས་སྤེལ་བའི་ཁམས་ཆེན་གྱི་གཞུང་དེ་ཉིད་བོན་ཆོས་དར་ནུབ་ཀྱི་སྐབས་སུ་ཆོས་སུ་བསྒྱུར་བ་དང་། དཔེ་གཞན་ཞིག་འབྲི་མཚམས་སུ་སྦས་ཡོད་པར་བཤད་ཡོད་རེད། འབྲི་མཚམས་སུ་བོན་དཔེ་མང་དག་ཅིག་ཡོད་འདུག་མོད་གཤེན་ཀླུ་དགས་སྒམ་གཉིས་མ་གཏོགས་གཏེར་ལས་མ་ཐོན་པར་གཏེར་གནས་སུ་ལྷག་ཡོད་པ་རེད། གཏེར་གནས་དེར་ཡོད་པའི་བོན་རེ་འགའ་ནི་གྲི་གུམ་སྐབས་སུ་སྦས་པ་དང་། རེ་འགའ་ཁྲི་སྲོང་སྐབས་སུ་སྦས་པ་ཡིན་འདུག སྤ་བྲོའི་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་ཁམས་རྩ་བཀའ་མདོ་འདུས་པ་ཞིག་གཏེར་ལས་ཐོན་པར་གྲགས་ཤིང་། དེར་མ་ཟད་ཁུ་ཚས་བོན་ཆོས་གཉིས་ཀར་གཏེར་ལས་ཐོན་པར་བཤད་པས་དུམ་པ་ཉི་ཤུ་ཅན་གྱི་འབུམ་དེ་ཡང་དེ་དག་གི་བར་ནས་བོར་བར་སྙམ། གཏེར་གྱི་ཁ་བྱང་རྣམས་སུ་ཡང་གཟིགས་པར་ཞུ། རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི་བཀའ་འགྱུར་དཀར་ཆག་ལས། ཁུ་ཚ་ཟླ་འོད་འབར་གྱིས་སྤ་དྲོ་སྟག་ཚང་ནས་གཏེར་ནས་ཐོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་རྣམ་པར་ངེས་པ་ཁམས་ཆེན་གྱི་རྩ་བ་ལས་ཞེས་དང་། བམ་པོ་ཉི་ཤུ་རྩ་དྲུག་གི་གྲངས་སོ་ཞེས་དང་། གཉན་འཐིང་ཤེས་རབ་རྡོ་རྗེས་ཉང་སྟོད་རྩང་པོ་ནུ་མའི་བྲག་ལས་ཐོན་པའི་ཁམས་རྩ་བཀའ་འདུས་སྟོད་སྨད་གཉིས་སོ། ཞེས་དང་། དགའ་སྟོན་གྱི་གཏེར་གྱི་ཁ་བྱང་ལས། ཁུ་ཚ་བྲང་༼གྲང་༽ཡིབ་མ་གསོལ་བས་ཁུ་ཚ་གྲོང་། འབུམ་ཆུང་གཅིག་ཀྱང་བཞེངས་འདུག་ཅེས་པ་དེ་ནི་ཁམས་རྩ་དེ་ཉིད་ཡིན་པ་དང་། ཡང་དེ་ཉིད་ལས། མགར་གྱིས་བོན་ཚོ་ཞུ་དགོས་བྱས། རྟ་གནམ་ལ་མེ་འབར་བྱ་བ་དང་། གསུང་རབ་ཁམས་བརྒྱད། བེར་གཅིག རོང་ཕྲུག་གཅིག ཞིང་ཁལ་གཉིས་པ་ཇོ་མོ་རྣམས་ཕུལ་ནས་ཞེས་པར་ལྟར་ན་སྤ་བྲོ་ནས་བྱོན་པའི་དུམ་པ་ཉི་ཤུ་མ་ཞེས་པ་དེ་ཡང་མགར་གྱིས་ཕུལ་བ་དེ་མིན་ནམ་སྙམ། གཞན་དུམ་པ་ཉི་ཤུ་མ་དེ་སྤ་བྲོ་ནས་བྱོན་ཚུལ་མ་མཐོང་། ཁམས་ཆེན་དུམ་པ་བཅུ་དྲུག་པ་འདི་ཉིད་གཏེར་ལས་དྲོང་མཁན་གཤེན་ཀླུ་དགའ་མ་གཏོགས་མ་བྱུང་བ་ལྟ་བུ་འདུག་ཅིང་། འདི་ཉིད་གཏེར་དུ་སྔ་ཕྱི་གཉིས་སུ་གཤེགས་པ་སྟེ། སྔ་མ་ནི་གྲི་གུམ་གྱི་སྐབས་སུ་དང་། ཕྱི་མ་ཁྲི་སྲོང་གི་སྐབས་སོ། ཁྲི་སྲོང་གི་སྐབས་སུ་ཡང་འབྲི་མཚམས་སུ་སྦས་པ་ལྟ་བུ་གསུངས་ཤིང་། ད་ལྟའི་གཤེན་གཏེར་ནི་སྔོན་གྲི་གུམ་གྱི་སྐབས་སུ་སྦས་པ་དེ་ཉིད་ཡིན་པར་གསུངས། ཁམས་ཆེན་བོད་སྐད་དུ་ཐེངས་གཉིས་སུ་བསྒྱུར་བ་ལས། སྔ་བསྒྱུར་ཕྱི་བསྒྱུར་གཉིས་ཀྱང་མི་འདྲ་བ་ཡོད་ཤས་ཆེ་སྙམ། གཤེན་ཀླུ་དགས་སྤྱི་ལོ་༩༩༥ལོར་གཏེར་ལས་དྲོངས་པ་དང་། ཁྲི་སྲོང་གིས་བོན་བསྣུབ་ནས་ད་བར་ལོ་༡༢༦༡འདས་པ་དང་། ཁྲི་སྲོང་གིས་བོན་བསྣུབ་པ་དང་ཀླུ་དགས་གཏེར་ལས་ཐོན་པ་གཉིས་ཀྱི་བར་དུ་ལོ་༢༢༡ཡོད་འདུག འོན་ཀྱང་བོན་གྱི་ལོ་རྒྱུས་འགའ་ཞིག་ཏུ་བོན་གཡུང་དྲུང་ཁམས་ཆེན་ནི་ཆོས་ཀྱི་སྟོང་ཕྲག་བརྒྱ་པར་བསྒྱུར་ཞེས་སོགས་གསུངས། དེ་སྲོང་བཙན་གྱི་སྐབས་སུ་བོད་དུ་བཞུགས་པའི་ཁམས་ཆེན་ནི་སྤུ་ལྡེ་གུང་རྒྱལ་གྱིས་མཆོད་ཡོན་མཛད་དེ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་ཐེངས་གཉིས་པའི་ཁམས་ཆེན་དེ་ཉིད་ཡིན། དེ་ནི་ཁམས་ཆེན་བོད་དུ་བར་དར་བྱུང་བའི་དུས་སྐབས་སུ་འདོད་པའོ། །སྲས་སྤུ་ལྡེས་རྒྱལ་ས་ཟིན་ནས་སྔོན་གྱི་བོན་དཔེ་གཏེར་བདག་ལ་མ་བཅོལ་བ་རྣམས་བསློག་ཅིང་སྤྱོད། གཏེར་བདག་ལ་བཅོལ་ཟིན་པ་རྣམས་ཀྱི་མ་ཕྱི་ཞང་ཞུང་ནས་དྲོངས་པའོ། །སྲས་སྤུ་ལྡེས་སྦྱིན་བདག་གནང་བའི་ཁམས་ཆེན་དུམ་པ་བཅུ་དྲུག་མ་དེ་ཉིད་ཁྲི་སྲོང་གི་སྐབས་སུ་གཏེར་ལ་གཤེགས། དེ་ནི་ཁམས་ཆེན་དར་ནུབ་ཐེངས་གཉིས་པ་ཡིན་ལ་གཤེན་ཀླུ་དགས་གཏེར་ལས་ཐོན་པ་ནས་ཕྱི་དར་གྱི་དབུ་ཟུགས་པ་ཡིན། དེ་གཤེན་ཆེན་པོས་ཅོག་ལ་གཡུ་སྐྱིད་ལ་གནང་ཞིང་ཅོག་ལའི་ཐོག་མར་ཚར་གཅིག་བྲིས་ནས་བླ་མ་གཤེན་ཆེན་པོར་ཕུལ། དེ་ནས་སླར་ཡང་ཚར་གཅིག་བྲིས་པར་བཤད་ཅིང་། ཕྱིས་སུ་ཅོག་ལས་ཁམས་ཆེན་ལ་སྤྲོ་བསྡུ་བྱས་ཞེས་པ་དང་། ཅོག་ལའི་ཁམས་ཆེན་ཞེས་འགྲེས་རྐང་རྒྱས་པ་ཅན་ཞིག་མདོ་སྨད་དུ་ཡོད་པར་གྲགས་ཞེས་ལེགས་བཤད་མཛོད་སོགས་སུ་གསུངས་སོ། །གཞན་བན་དེས་ཡུམ་རྒྱ་གར་དུ་ཀླུ་གྲུབ་ཀྱི་སྐབས་སུ་སླར་ཡང་བྱུང་བ་དེ་ནི་ཁྲི་སྲོང་ལས་སྔ་བས་བོན་དཔེ་བན་བསྒྱུར་གྱི་སྐོར་དེ་རྫུན་ཡིན་ཞིང་ཆོས་དཔེ་བོན་བསྒྱུར་དུ་བཤད་ཡོད། ཀླུ་གྲུབ་ཀྱི་རྣམ་ཐར་ཞིག་ཏུ་རྒྱ་གར་གྱི་བྱང་ཕྱོགས་བྲག་ཕུག་ཞིག་ནས་ཀླུ་ཡུལ་དུ་བྱོན་ནས་ཆོས་དཔེ་མང་དག་གདན་དྲོངས་པ་གསུངས་པ་ཞིག་འདུག དེས་ན་འབུམ་བསྒྱུར་མཁན་གཙོ་བོ་ཀླུ་གྲུབ་མིན་ནམ་སྙམ། ཡིན་ནའང་ཡུམ་དང་ཁམས་ཆེན་བར་གྱི་དཔྱད་གཏམ་པ་ཐོག་གྲས་རང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་བོན་ཆོས་རྣམ་འབྱེད་ལས། ཡང་ཁམས་ཆེན་འདི་ལ་འགྱུར་གཉིས་ཡོད་པས། ཕྱི་དཔེ་དུམ་ཉི་ཤུ་པ་གཤེན་རབ་ལ་སྒྲིབ་སེལ་གྱི་གཡུང་དྲུང་སེམས་དཔའ་སོ་གཉིས་ཀྱི་བསྐོར་ནས་གསུངས་པ་ཞིག་ཡོད་པ་དེ། བཻ་རོས་ཆོས་ཀྱི་འབུམ་རྒྱས་པ་འདྲ་མིན་དུ་བསྒྱུར། ཡང་དེ་ལས་དཔེ་བླངས་ནས་འབྲོམ་སྟོན་ལ་སོགས་ཀྱིས་བསྒྱུར་བའི་འབུམ་དང་གཉིས་ཡོད་དེ། ཉོག་ལ་མང་བ་གཅིག་ཡོད་དོ། །བཻ་རོས་འབུམ་བསྒྱུར་བའི་འཕྲོ་ལུས་ཏེ། ཞབས་དུམ་བཞི་ལུས་པ་ཀླུ་ཡུལ་དུ་ལུས་ཞེས་སྨྲས་སོ། འབྲིང་པོ་དང་བསྡུས་པ་གཉིས་ལའང་དེ་བཞིན་ཡོད། འབུམ་དེ་ཁྱོད་བོན་ལས་བསྒྱུར་བ་རྟགས་མ་གྲུབ་ཅེ་ན། རྟགས་གྲུབ་སྟེ། ད་ལྟ་བོན་གྱི་ཁམས་བརྒྱད་སྤ་དྲོ་ནས་བྱོན་པའི་དུམ་པ་ཉི་ཤུ་ཡོད་པ་ལ་དཔེར་བླངས་ནས་བློ་བཟོ་བྱས་པ་ཡིན། ཀླུ་ཡུལ་ནས་ཀླུ་སྒྲུབ་ཀྱིས་རྒྱ་གར་གྱི་སྐད་དུ་བསྒྱུར་ཟེར་ཡང་། རྒྱ་གར་ན་འབུམ་འདི་ཡེ་ནས་མེད་པས། རྣ་ཐོས་མཁས་པ་ཀུན་གྱིས་མ་ཚོར་བ་དང་། རྒྱ་གར་བའི་མཁས་པ་ཀུན་ལ་དྲིས་པས་ཡེ་ནས་མེད་ཟེར་རོ། །བལ་པོ་ལི་ཤིན་ཏིའི་སོགས་མཁས་པ་ཀུན་གྱིས་འབུམ་འདི་རྒྱ་གར་ན་ཡེ་ནས་མེད་པས་བོད་ནས་ཕར་གདན་དྲངས་ནས་བོད་ཀྱི་མི་ལ་ཀློག་ཏུ་འཇུག་པར་འདུག རྒྱ་གར་སྐད་ལ་བསྒྱུར་ནུས་པའི་མི་ཡོད་ན་བདག་རྐྱེན་བྱེད་ཟེར་བ་འདུག་སྟེ། བལ་པོ་ལ་སྐད་གཉིས་ཤན་སྦྱར་བའི་ལོ་ཙཱ་མ་བྱུང་ངོ་། །ཞེས་གསུངས་སོ། །ད་ཆ་གོ་མཐོང་བྱུང་བའི་ཁམས་ཆེན་གྱི་དཔེ་ནི་རྒྱ་རོང་ཤིང་པར་མ་དང་། ཀུན་གྲོལ་ལྷ་སྲས་བཀའ་འགྱུར་ནང་གི་ཁམས་ཆེན། ཨ་གཡུང་དཔར་མའི་བཀའ་འགྱུར་ནང་གི་ཁམས་ཆེན་བཅས་ཡོད་པ་ལས་དེ་དག་ལའང་འགྲེས་རྐང་མང་ཉུང་འགའ་ཞིག་འདུག འདི་དག་རྨེའུ་ཁམས་འགྲེལ་དང་དང་། ཕར་ཕྱིན་ནང་གི་བམ་པོའི་གྲངས་བཅས་ལ་བཞིག་ནས་ཞུས་དག་གནང་དགོས་པར་མཐོང་ངོ་།།
- ཟིན་ཐོ་གོང་མ།ཁྱུང་ཡུལ་གྱི་གཉེན་སྟོན་མཛད་སྒོ།
- ཟིན་ཐོ་འོག་མ།དཔལ་གྱི་སྟེང་ཆེན།
ཚིག་འདི་དཔེ་ཆ་ག་བར་འདུག་གམ།
ཀློག་པ་པོ་ལགས། ཚིག་འདི་སྦྲང་ཆར་ཟེར་བའི་མཚོ་སྔོན་གྱི་དུབ་དེབ་ཞིག་ཡིན་ཚོད་ཡོད།