བསྟན་པ་ཇི་ཙམ་གནས་པའི་ཡུན་ཚད།
གསུམ་པ་བསྟན་པ་ཅི་ཙམ་གནས་པའི་ཡུན་ཚད་ལ་གསུམ། ཡུན་ཅི་ཙམ་གནས་པ་དང་། སྔར་ཅི་ཙམ་སོང་། ད་ཅི་ཙམ་གནས་པའོ། །དང་པོ་ལ་དྲང་དོན་དང་ངེས་དོན་གཉིས་ལས། དང་པོ་ནི། མདོ་ལས། འཁོར་བ་མ་སྟོང་བར་དུ་བོན་མི་ནུབ། །ཅེས་དང་། ཞི་ཁྲོ་རྩ་འགྲེལ་དང་། འཕྲུལ་ངག་བོན་གྱི་སྒྲགས་བྱང་ལས། བསྟན་པ་ལྔ་བརྒྱ་ཕྲག་བཅོ་བརྒྱད་གནས་པར་གསུངས་པ་དང་། དྲན་པའི་སྒྲགས་བྱང་ལས་ནི་གཞན་སྡེ་དང་མཐུན་པར་ལྔ་བརྒྱ་ཕྲག་བཅུར་གནས་པར་གསུངས་པ་རྣམས་ནི་དགོངས་པ་ཅན་ཏེ། དང་པོ་ནི། སྤྱིར་སངས་རྒྱས་ཀྱི་ཐུགས་རྗེ་ལ་བྲི་བཀོལ་མེད་པས་གདུལ་བྱ་མ་སྟོང་བར་འདུལ་བྱེད་ཀྱི་བོན་ཡང་མི་ནུབ་པར་ཙམ་ལ་དགོངས་ཏེ། ཇི་སྐད་དུ། ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་དང་གསུམ། དང་པོ་ནི། སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ་ལྔ་བརྒྱ་ཕྲག་དྲུག་རེར་ལྷག་པར་དར་བ་ལ་དགོངས་པ། དགོས་པ་ནི། གདུལ་བྱ་རྟག་འཛིན་ཅན་རྣམས་ལ་རྒྱལ་བའི་བསྟན་པ་ཡུན་རིང་དུ་མི་གནས་པས་མྱུར་དུ་བྱང་ཆུབ་སྒྲུབ་དགོས་པར་སྟོན་པའི་ཕྱིར་རོ་ཞེས་ཀུན་གྲོལ་གྲགས་པ་དང་མཁན་ཉི་མས་བཞེད། དངོས་ལ་གནོད་བྱེད་ནི། དྲི་མེད་ལས། གཤེན་རབ་སྐུ་གསུང་ཐུགས་ཀྱི་བསྟན། །མི་ལོ་སྟོང་ཕྲག་བཅུ་རེའོ། །ཞེས་པ་སོགས་འོག་ནས་བཤད་པ་རྣམས་སོ།།
གསུམ་པ་ནི། ཀུན་གྲོལ་གྱིས། ཐུབ་པའི་དབང་པོ་ཉིད་དྲག་པོ་ལྕགས་སྤྲེལ་ལོར་སྐུ་འཁྲུངས་ནས་ཐུགས་བསྟན་གྱི་གཙོ་བོ་བླ་ཆེན་དྲན་པ་སྣ་ཚོགས་ཆུ་རྟ་ལ་སྐུ་འཁྲུངས་པའི་ཕྱི་ལོ་གསུང་བསྟན་རྫོགས་པའི་བར་ལ་མི་ལོ་ཉེར་གཉིས་ལས་མེད་པས་ཆོས་ལུགས་ཀྱི་བསྟན་པ་དངོས། བོན་ལུགས་ཀྱི་ཐུགས་ཀྱི་བསྟན་པ་དར་ཆ་ཆེ་བའི་དུས་ཚིགས་ལ་དགོངས་སོ་ཞེས་བཞེད་ལ། འོན་ཀྱང་མཁན་ཉི་མས། གསུང་བསྟན་རྫོགས་ནས་ཐུགས་བསྟན་གྱི་དབུར་དྲན་པ་བྱོནཟེར་བ་དེ་ལྟར་ན། དྲན་པའི་ཞལ་ནས། ད་ལྟར་གསུང་བསྟན་མ་རྫོགས་བར་གསུངས་པས་དྲན་པ་དེ་སྔོན་མ་བྱོན་པར་ཐལ་བས་གནོད་ཅིང་། འོན་ཀྱང་རྒྱུད་ཉི་སྒྲོན་ལས་དེ་ལྟར་གསུངས་སྲིད་ཀྱང་། དེ་ནི་བླ་ཆེན་ཉིད་ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཡིན་པ་དང་། དེས་གསུངས་པའི་བོན་སེམས་ཕྱོགས་ཕལ་ཆེ་བ་ཐུགས་བསྟན་སྐབས་རབ་ཏུ་དར་བ་འགྱུར་བས་ཐུགས་བསྟན་གྱི་དབུ་འཛུགས་མཛད་པ་ལ་དགོངས་པ་སྟེ། རྒྱུད་ལས། དེ་ནས་གསུངས་གི་བསྟན་པའི་དཀྱིལ། །ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ། །འཛམ་གླིང་དབུས་ཀྱི་ལྟེ་བ་རུ། །རི་བོ་གངས་ཅན་མདུན་དྲུང་དུ། །བྱམས་སེམས་ནམ་མཁའ་ལྟ་བུ་ཡི། །ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང་། །ཞེས་གསུངས་པས་སོ་ཞེས་བཞེད། །དེས་ན་ད་ལྟར་གསུང་བསྟན་རྫོགས་ནས་ཐུགས་ཀྱི་བསྟན་པ་ཡིན་པར་འདོད་པ་མི་འཐད་དེ། །ལི་ཤུ་དང་དྲན་པའི་ཁ་བྱང་ལས། དེང་དུས་གསུང་བསྟན་ཡིན་པར་གསུངས་པ་དང་། སྒྲགས་བྱང་ལས། སུམ་ཅུ་གསུང་གིས་འདུལ་ཏེ་ཆོས་སུ་བསྟན། ཞེས་གསུངས་པའི་ཕྱིར་རོ། །དེ་བས་ལྔ་བརྒྱ་ཕྲག་བཅུ་པ་གསུང་གི་བསྟན་པ་ལ་དགོངས་སམ་བརྟགས་པར་བྱའོ།།
གཉིས་པ་ནི། འོ་ན་རྒྱལ་བསྟན་གནས་པའི་ངེས་པ་གང་ལ་བཟུང་ཞེ་ན། དྲི་མེད་ལས། གཤེན་རབ་སྐུ་གསུང་ཐུགས་ཀྱི་བསྟན། །མི་ལོ་སྟོང་ཕྲག་བཅུ་རེ་སྟེ། །ཞེས་དང་། མདོ་གཟེར་མིག་ལས། སུམ་ཅུ་སྐུས་འདུལ། སུམ་ཅུ་ཐུགས་ཀྱི་འདུལ། དེ་ལྟར་དགུ་བཅུ་ལོན་ནས་ཚེ་ལོ་བཅུ་ལ་ཐུག ཅེས་དང་། འཕྲུལ་ངན་བོན་གྱི་སྒྲགས་བྱང་ལས། བརྒྱ་ཐུབ་དུས་གསུམ་སུམ་ཅུ་སྐུས་འདུལ་ཏེ་སྐུ་ངོ་བོ་བཞུགས་ཏེ་བོན་སྟོན་ཏོ། །སུམ་ཅུ་གསུང་གིས་འདུལ་ཏེ་ཆོས་སུ་བསྟན། སུམ་ཅུ་ཐུགས་ཀྱིས་འདུལ་ཏེ་འཕྲིན་ལས་རྣམ་པ་བཞི་རུ་བསྟན་ནོ། །ཞེས་པ་ལ་སོགས་པ་རྣམས་ནི་དགོངས་པ་མཐུན་པར་ངེས་པའི་དོན་ཡིན་པར་མཁན་ཉི་མ་སོགས་ཀྱིས་བཞེད་པ་སྟེ། དེ་ཡང་གཟེར་མིག་དང་། སྒྲགས་བྱང་གི་ལུང་དོན་སུམ་ཅུ་ཞེས་པ་དེ་སྔ་རབས་ཀྱི་མཁས་པ་རྒྱལ་མཚན་དཔལ་དང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་སོགས་ཀྱིས་དེ་གཤེན་ལོ་ཡིན་པར་བཟུང་ནས་གཤེན་ལོ་དགུ་བཅུ་མི་ལོ་དགུ་སྟོང་དུ་བསྟན་པ་གནས་པའི་ལུགས་ཀྱང་སྣང་མོད། བརྟགས་ན་དེ་གཤེན་ལོ་མ་ཡིན་ཏེ། གཤེན་རབ་འདི་ཉིད་ཚེ་ལོ་བརྒྱ་པའི་སྟོན་པ་ཡིན་པ་ལ། དེ་ནས་བདུན་ཅུའི་བར་གྱིས་སུམ་ཅུ་དེ་སྐུས་འདུལ། དེ་ནས་བཞི་བཅུ་བར་གྱི་སུམ་ཅུ་དེ་གསུང་གིས་འདུལ། དེ་ནས་བཅུ་པའི་བར་གྱི་སུམ་ཅུ་དེ་ཐུགས་ཀྱི་འདུལ་བ་སྟེ། དེ་ལྟར་ན་དྲན་པའི་ཞལ་ནས། རྒྱལ་བའི་གསུང་རྟེན་ཁ་གསུམ་ཆ་གཉིས་རྫོགས། །མི་རྣམས་ཕལ་ཆེར་ལྔ་བཅུ་དུས་ཀྱི་ཚད། །ཞེས་གསུངས་པ་དང་མཐུན་ནོ། །དེ་གཤེན་ལོར་འདོད་པ་ལ་གནོད་བྱེད་ནི། གཤེན་ལོ་གསུམ་ཅུ་སྐུས་འདུལ་བ་ལ་བརྟགས་ན་དེ་མི་འཐད་དེ། ལུང་རིགས་གཉིས་དང་འགལ་བའི་ཕྱིར། དང་པོ་ཡོད་དེ། མདོ་འདུས་ལས། མི་ལོ་བརྒྱ་ལ་གཤེན་ལོ་གཅིག །གཤེན་ལོ་བརྒྱད་ཅུ་ཐམ་པ་ལ། །བདུད་ཀྱིས་མྱ་ངན་འདའ་ཞུས་ཏེ། །བདུད་སེམས་ལྷ་རུ་བསྒྱུར་བའི་ཕྱིར། །ལོ་གཉིས་ཕྱི་གཤོལ་བཏབ་པ་ཡིན། །དེ་ནས་བརྒྱད་ཅུ་གྱ་གཉིས་ལོན། །ཞེས་པ་ནས་འཁོར་བ་མི་རྟག་ཚུལ་བསྟན་ཕྱིར། །བདག་ནི་ཡོངས་སུ་མྱ་ངན་འདས། །ཞེས་དང་། ཉི་སྒྲོན་ལས། གཤེན་ལོ་བརྒྱད་ཅུ་གྱ་གཉིས་ལ། །གཤེན་རབ་དུས་ཡོལ་མྱ་ངན་འདས། །ཞེས་དང་། དྲི་མེད་ལས། མཐར་ཕྱི་དགའ་བ་བདེ་ལྡན་གྱི་མཛད་པ་ལ་དགུང་ལོ་གྱ་གཉིས་ཀྱི་བར་དུ་བཞུགས་པ་ནི་སྐུ་ཚེའི་ཚད་དུ་འཛིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཡོད་དེ། གཤེན་ལོ་སུམ་ཅུ་སྐུས་འདུལ་བ་དེ་ལྟར་ན། རྫོགས་པའི་སངས་རྒྱས་བོན་ཅན། མྱ་ངན་ལས་འདས་པའི་མཛད་པ་རྫོགས་ནས་སླར་གཤེན་ལོ་གཅིག་ནས་རབ་བྱུང་མཛད་པ་ཡིན་པར་ཐལ། གཤེན་ལོ་སུམ་ཅུའི་དུས་སུ་མྱ་ངན་ལས་འདས་པར་འདོད་པ་གང་ཞིག སུམ་ཅུ་སོ་གཅིག་གི་དུས་སུ་རབ་བྱུང་མཛད་པ་ཡིན་པིའ་ཕྱིར། དང་པོ་གྲུབ་སྟེ། ཁས་བླངས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་འདུས་ལས། དགུང་ལོ་སུམ་ཅུ་སོ་གཅིག་ལ། །ཁྱིམ་སྤངས་རབ་ཏུ་བྱུང་བ་སྟེ། །ཞེས་དང་། ཉི་སྒྲོན་ལས། མི་ལོ་སུམ་སྟོང་ཆིག་བརྒྱ་ལ། །གཤེན་ལོ་སུམ་ཅུ་སོ་གཅིག་སྟེ། །འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱི། །ཁྱིམ་སྤངས་རབ་ཏུ་བྱུང་བའི་དུས། །ཞེས་དང་། དེ་དང་མཐུན་པར། དྲི་མེད་དང་དྲང་དོན་མུན་སེལ་སྒྲོན་མ། མཉམ་མེད་ཆེན་པོའི་འདུལ་འགྲེལ་སོགས་ལས་ཇི་སྙེད་ཅིག་གསུངས་པའི་ཕྱིར་རོ། །གཉིསཔ་ནི། དགོན་མཛད་མདོ་ལས། ལྔ་གསུམ་བཅོ་ལྔ་རྒྱལ་བུའི་ཚད། །ལྔ་གསུམ་བཅོ་ལྔ་ཁྱིམ་པའི་ཚད། །ལྔ་གསུམ་བཅོ་ལྔ་རབ་བྱུང་ཚད། །ལྔ་གསུམ་བཅོ་ལྔ་དགོན་པའི་ཚད། །ལྔ་གསུམ་བཅོ་ལྔ་མཐར་ཕྱིན་ཚད། །ཅེས་གསུངས་པའི་བསྟན་པ་བཞིན་སྟོན་པ་ཉིད་ཤིང་ཕོ་བྱི་བར་སྐུ་འཁྲུངས་ནས་གྱ་གཉིས་པ་ལ་སྙུངས་ཚུལ་བསྟན་པའི་ཚེ་འཁོར་རྣམས་ཀྱིས་ཞུས་པའི་ངོར་དགུང་དྲུག་ཏུ་སྐུ་ཚེ་སླར་བསྲིང་བའི་གཤེན་ལོ་གྱ་གཉིས་མི་ལོ་བརྒྱུད་སྟོང་ཉིས་བརྒྱ་དང་བཅུ་འདས་པའི་ཆུ་ཡོས་ལ་གཤེགས། །དེ་ནས་གཤེན་ལོ་བཅོ་བརྒྱད་མི་ལོ་ཆིག་སྟོང་བདུན་བརྒྱ་དགུ་བཅུ་པ་ཆུ་ཡོས་ལ་སྐུ་བསྟན་ཁྲི་གཅིག་རྫོགས་ཏེ་དྲུག་ཅུ་སྐོར་བརྒྱ་དང་རེ་དྲུག་ལྷག་མ་བཞི་བཅུ་སོང་ངོ་། །དེ་ནས་གསུངས་གི་བསྟན་པའི་དུས། བདག་གི་གསུང་གི་བསྟན་པ་ནི། །མི་ལོ་སྟོང་ཕྲག་བཅུ་ལ་གནས། །ཞེས་གསུངས་པ་ལྟར། སྐུ་བསྟན་རྫོགས་པའི་ཕྱི་ལོ་ཤིང་འབྲུག་ལ་གདུང་སོབ་བྱོན་ནས་གསུང་བསྟན་དབུ་ཟུག དེ་ནས་མི་ལོ་སྟོང་ང་དྲུག་པ་ལྕགས་སྤྲེལ་ལ་ཐུབ་དབང་བྱོན། །དེ་ནས་ཞེ་དྲུག་པ་མེ་རྟ་ལ་བླ་ཆེན་འཁྲུངས་ཏེ་གསུང་བསྟན་ལ་མི་ལོ་ལྔ་སྟོང་ཆིག་བརྒྱ་དང་གཉིས་སོང་། །དེ་ནས་མི་ལོ་ཆིག་སྟོང་བཞི་བརྒྱ་གྱ་གསུམ་པ་ས་གླང་ལ་རྒྱལ་པོ་སྲོང་བཙན་འཁྲུངས། དེ་ནས་བརྒྱ་དང་ཞེ་དགུ་པ་ས་རྟ་ལ་རྒྱལ་པོ་ཁྲི་སྲོང་འཁྲུངས། །དེ་ནས་མི་ལོ་སོ་གཅིག་པ་ས་གླང་ལ་བོན་གཏེར་དུ་གཤེགས་པ་སྟེ། ཁྱོན་སྡོམ་པའི་གསུང་བསྟན་ལ་དྲུག་སྟོང་བདུན་བརྒྱ་རེ་ལྔ་སོང་། དེ་ནས་ཉིས་བརྒྱ་རེ་བརྒྱད་མེ་སྦྲུལ་ལ་གཤེན་ཀླུ་དགས་འབྲི་མཚམས་མཐའ་དཀར་གྱི་ཟབ་གཏེར་བཞེས་ཏེ་བསྟན་པ་ཕྱི་དར་གྱི་དབུ་ཟུག དེ་ནས་མི་ལོ་སུམ་བརྒྱ་སོ་དགུ་པ་དབང་ལྡན་ཞེས་པ་མེ་སྤྲེལ་ལ་མཉམ་མེད་ཆེན་པོ་བལྟས། དེ་ནས་བགྲང་བྱ་བཞི་བརྒྱ་གྱ་དྲུག་པ་དགེ་བྱེད་ཆུ་སྟག་ལོར་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་བརྩམས་པའི་ལོ་ལ་གསུང་གི་བསྟན་པ་ལ་བདུན་སྟོང་བརྒྱད་བརྒྱར་བརྒྱད་འདས་ལ། དེ་ནས་ལོ་བརྒྱད་ཅུ་པ་ད་ལྟའི་རབ་བྱུང་བཅོ་ལྔ་པའི་ནང་གི་རྔ་ཆེན་ཞེས་བྱ་ཆུ་ཁྱིའི་ལོར་བསྟན་འབྱུང་ལེགས་བཤད་རིན་པོ་ཆེའི་མཛོད་འདི་བརྩམས་པ་སྟེ། འདི་ཡན་ཆད་ལ་གསུང་བསྟན་བདུན་སྟོང་དགུ་བརྒྱ་སོ་བརྒྱད་འདས་ཤིང་། སྐུ་གསུང་གི་བསྟན་པ་ཁྱོན་བསྡོམ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་སོ་བརྒྱད་འདས་ཏེ་སུམ་ཅུ་སྐོར་གསུམ་གྱི་བར་མ་ན་ཡོད་དོ།།
གསུམ་པ་ནི། ཕྱིན་ཆད་ཆུ་མོ་ཕག་ལོ་ནས་བཟུང་གསུང་བསྟན་ཉིས་སྟོང་རེ་གཅིག་གནས་པ་དེའི་སྟེང་ཐུགས་ཀྱི་བསྟན་པ་ཁྲི་ཕྲག་གཅིག་བཅས་རྫོགས་པའི་ཆུ་མོ་ཕག་ལོའི་དགུན་ཟླ་ཐ་ཆུང་གི་གནས་སྟོང་གླང་གི་ཆུ་ཚོད་ལ་ཚེ་ལོ་བཅུ་ལ་ཐུག་ཅིང་རྣམ་འདྲེན་གཤནེ་རབ་མི་བོའི་འགྲོ་དོན་མཐར་ཕྱིན་པ་སྟེ། དེ་ལྟར་ཡང་། དྲི་མེད་ལས། ཐུགས་ཀྱི་བསྟན་པ་རྫོགས་ནས་སུ། །མི་རྣམས་ཚེ་ལོ་བཅུ་ལ་ཐུག །དེ་མཐར་ཕྱི་རབས་སྟོན་པ་སྟོན། །དེ་ཚེ་བདག་དང་བདག་ལ་འབྲེལ། །བདག་གི་སློབ་མར་གྱུར་པ་རྣམས། །ཕྱི་མི་ལྡོག་པའི་ས་ནོན་ནས། །བོན་ཉིད་དབྱིངས་སུ་ཐར་པ་འཁོད། །ཅེས་གསུངས་སོ། །གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ལེགས་བཤད་རིན་པོ་ཆེའི་མཛོད་ལས། བཀའ་གཏེར་གྱི་བསྟན་པ་ཕྱིས་སུ་དར་ཚུལ་དང་བསྟན་པའི་གནས་ཚད་དང་བཅས་པ་བསྟན་པའི་སྐབས་ཏེ་རབ་བྱེད་བདུན་པ་རེ་ཞིག་གྲུབ་བོ།།
ལོ་གཅིག་ཙམ་རིང་ཟིན་བྲིས་སུ་ཞུགས་མ་ཐུབ། དྲྭ་གྲོགས་ཚོ་དགོངས་འགལ་མེད་པར་ཞུ། ༢༠༡༤ ༨ ༡༡ཉིན།
- ཟིན་ཐོ་གོང་མ།གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན།
- ཟིན་ཐོ་འོག་མ།དབྱངས་སྙན་འཇོལ་མོའི་མགྲིན་གླུ།།