ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགེ་རྒན་དུས་ཆེན་ལ། | 2012/9/15 12:53:00

ཟོལ་མེད་སེམས་ཀྱི་ལེགས་སྐྱེས།།

 

ཐོག་མའི་གོམ་ཁའི་རྐང་རྗེས་རེ་རེ་ཡང་།།

ཤེས་བྱའི་གནས་སུ་འདོར་ལེན་བྱེད་པ་ཡིས།།

སེམས་ཁུར་ལྕི་བའི་ནམ་ཟླ་རིང་མོ་ལ།།

འཛིན་རིམ་རེ་རེའི་སྒོ་ཐེམ་ཐོལ་གྱིས་བརྒལ།།

སྐར་གྲངས་གཤེར་བའི་བསྐུལ་ལྕག་དུ་མ་ཡིས།།

མཁྱེན་ཡོན་ཟད་མེད་བློ་གྲོས་སྣང་བ་འབུམ།།

ཐུགས་གསང་བུམ་པར་ལྟེམ་པའི་དགེ་ལེགས་ཀྱིས།།

ཤེས་བྱའི་ཕུང་པོ་བླ་ན་དེ་བཞིན་མཐོ།།

སྐད་རིགས་སྨྲ་བའི་མགྲིན་པ་རབ་གཙང་ཞིང་།།

གཞུང་བཟང་འཆད་པའི་རྣམ་དཔྱོད་གསལ་བ་ཡིས།།

མོས་ལྡན་བློ་ལ་ལེགས་བཤད་བདུད་རྩིའི་སྤྲིན།།

ཆར་ལྟར་འཇོ་བའི་འཕྲིན་ལས་ཟད་མི་ཤེས།།

གཞུང་དོན་བྱེ་བའི་ཆུ་འཛིན་ཕུང་པོ་ལས།།

བཀའ་གསང་དབྱར་རྔ་ལྡིར་བའི་དབྱངས་སྙན་གྱིས།།

སློབ་ཚོགས་མདངས་མཐའ་སྒེག་པའི་རོལ་གར་ལ།།

རྫོགས་ལྡན་གསར་བའི་ན་ཚོད་ཅི་ཡང་དར།།

འཆད་པ་ངག་གི་འགྱུར་ཁུག་རེ་རེ་ན།།

རྩོམ་པ་ལེགས་བཤད་དབྱངས་ཀྱི་ཆོ་ག་རྫོགས།།

རྩོད་པ་ཐོག་གི་ཟིལ་ཤུགས་དག་གིས་ཀྱང་།།

སྒྲོ་འདོགས་བྲག་རི་བྱེ་བ་ཕྱ་མར་འཐགས།།

རིགས་རྒྱུད་ཅིག་གི་བླ་སྲོག་བཟུང་བ་ཡིས།།

ཕན་བདེའི་གནས་སུ་འདྲེན་པའི་ཁ་ལོ་བ།།

ཁྱེད་ཡོད་ཙམ་ན་ཡིད་ཅན་བྱེ་བའི་བློ།།

རྨོངས་པའི་རིམས་ནད་མཐུ་ལས་རྣམ་པར་གྲོལ།།

བྱམས་བརྩེའི་གཟི་འོད་དམངས་ལ་རབ་དཀར་ཞིང་།།

གཞན་ཕན་ལྷག་བསམ་ནོར་གྱིས་ཕྱུག་པ་ཡི།།

དགེ་རྒན་བཟང་པོ་འགྲོ་བའི་སྒྲོན་མེ་གང་།།

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།

༢༠༡༢ལོའི་ཟླ་བ་༩་པའི་ཚེས་༡༠་ཉིན་དགེ་རྒན་དུས་ཆེན་དུ་བྲིས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.