ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།།  | 2012/4/22 12:42:00

ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།།

ཐེག་ཆེན་ཡེ་གཤེན་བཀོད་པ་དོན་གྱི་འབུམ་ཅུང་ཟད་ངོ་སྤྲོད་པ་ལ། བཀའ་དེ་ཉིད་ལ་དཔྱད་ནས་ཞུ་བ་དང་། བཀའ་བརྟེན་གང་དག་གི་སྐོར་ནས་ཞུ་བ་བཅས་གཉིས་ལས། དང་པོ་ལ། དེ་ཡང་དོན་འབུམ་འདི་ནི་ལམ་འབུམ་སོགས་དང་འདྲ་བར་ཚིག་བཞི་ཚིགས་སུ་བཅད་པས་བསྟན་པ་ནིདེ་ཉིད་ལས། སྤྱོད་པ་ཀློང་ནས་མས་འཛེག་ཅིང་།། ལྟ་བ་དབྱིངས་ནས་ཡས་ཕུབ་སྟེ།། སྙིང་རྗེ་ཆེ་ལ་གཞི་བླངས་ནས།། ཐབས་ནི་ཕ་རོལ་ཕྱིན་བཅུ་སྤྱོད།། ཅེས་པས་སྤྱོད་པ་དང་། ལྟ་བ། གཞི་སྙིང་རྗེ། ཐབས་ཕ་རོལ་ཕྱིན་པ་བཅས་བསྟན་ཞིང་། གཞུང་འདིར་སྤྱོད་པ་ཟབ་མོ་ལ་བསླབ་པ་ལ་འཁོར་འདས་ཀྱི་བོན་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་སྤྱོད་པ་སྤྱོད་། སྤྱོད་པ་དེ་ཉིད་གཏན་ལ་དབབ་པ་ལ་གཞུང་ལས། བརྟགས་པའི་གནས་གཉིས་སྟེ། ཡུལ་དང་ཤེས་པའོ། །ཞེས་ཡུལ་ལ་བརྟགས་ནས་བདེན་མེད་སྒྱུ་མ་ལྟ་བུ་དང་། བློ་ལ་བརྟགས་ནས་བདེན་མེད་སྒྱུ་མ་ལྟ་བུ་གཉིས་སུ་གསུངས་སོ། །སྤྱོད་པ་དེ་ལ་འཇུག་པ་ལ་གཞུང་ལས། དང་པོ་སེམས་བསྐྱེད། བར་དུ་ཚོགས་བསགས། ཐ་མར་སྤྱོད་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་གསུངས། དེ་ཡང་དང་པོ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཅིང་། བར་དུ་ཚོགས་བསགས་པ་ལ། གཞུང་ལས། གཉིས་པ་ཚོགས་བསགས་པ་ནི། རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་གཉིས་ལས། རྒྱུ་མཆོག་དད་གུས་མཆོག་ལྡན་པས། གཡུང་དྲུང་སེམས་དཔའི་དོན་འབུམ་བཞིན་འདུས་བྱས་རིན་ཆེན་མན་ཌལ་དུ། ཡོ་བྱད་ལྷ་དང་གཤེན་གྱི་ལོང་སྤྱོད་ཐམས་ཅད་བཤམས་ནས། གཡུང་དྲུང་རྣམ་པར་དག་པ་བཞིན་དུ། དང་པོ་སྤྱན་འདྲེན། དགྱེས་པ་བསྐྱེད། བཞུགས་སུ་གསོལ། བྱིན་འབེབ། ཕྱག་ཀྱང་འཚལ། སྡིག་བཤགས། ཡི་རང་འཁོར་ལོ་བསྐུལ། འཁྲུས་གསོལ་འཆོད་འབུལ་སྐུ་ཡང་བསྟོད། གསུང་བསྒྲུབ་ཐུགས་བསྐུལ་ཡོན་ཏན་བརྗོད། ལས་བཅོལ་བཀྲ་ཤིས་སྨོན་ལམ་གདབ། མཆོད་པ་ཆ་དགུ་ཡོངས་ལ་འགྱེད། དེ་དག་འདུས་བྱས་ཡིན་མོད་ཀྱང་། འདུས་མ་བྱས་པའི་གཡུང་དྲུང་སེམས། གོང་དུ་བསྟན་བཞིན་ཡེ་ཤེས་ཀྱི་ཚོགས་ལ་གནས་པར་བྱའོ། ཞེས་གསུངས་ཤིང་། འདིར་གཞན་དོན་དུ་གཟུགས་སྐུ་རྣམས་གཉིས་སྒྲུབ་བྱེད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་ལ་གསང་བ་སྔགས་སྤྱི་དང་འདྲ་བར་སྤྱན་འདྲེནབཞུགས་གསོལ། མཆོད་འབུལཁྲུས་སོགས་ཡོད་པ་མ་ཡིན་ནམ། འདི་ལ་བསྟོད་པའི་སྐབས་སུ་ཚོགས་ཀྱི་ཡན་ལག་བཅུ་དྲུག་ཅེས་གསུངས། སྤྱིར་སེམས་ཞེས་པ་ནི་བློ་རྟགས་སྐབས་སུ། དངོས་པོ་གསུམ་གྱི་ནང་ཚན་གྱི་ཤེས་པ་ལ་གོ་ཡང་། གཞུང་ཀུན་ནས་དེ་ལྟར་མ་ངེས་སྟེ། འདུས་མ་བྱས་པའི་གཡུང་དྲུང་སེམས་ཞེས་པ་ལྟ་བ་ལ་བཤད་པ་ཅི་ལ་མིན། སྤྱོད་པ་ལ་བསླབ་པ་ལ་གཡུང་དྲུང་སེམས་དཔའི་བསླབ་པ་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ལ་བསླབ་པ་ཡིན་པ་གཞུང་ལས་གསལ་ཞིང་། དེ་དག་ནི་སྤྱོད་པ་གཡུང་དྲུང་གི་ཀློང་ནས་མས་འཛེགས་བསྟན་པ་ཡིན་པར་གསུངས་སོ།།

གཉིས་པ་ལྟ་བ་དབྱིངས་ནས་ཡས་ཕུབ་པ་ལ་གཞུང་ལས། དེ་ནས་ལྟ་བ་དབྱིངས་ནས་ཡས་ཕུབ་པར་བྱ་བ་ལ་དོན་གསུམ་སྟེ། ལྟ་བའི་ངོ་བོ་དང་། ཉམས་སུ་ལེན་ཚུལ། ཡོན་ཏན་ནོ་ཞེས་དང་། ཡང་དེ་ཉིད་ལས། དང་པོ་ལྟ་བའི་ངོ་བོ་ནི། ཡེ་ནས་གཤེན་རབ་དགོངས་པ་འདི། རང་བཞིན་རྣམ་པར་དག་པ་སྟེ། དྲི་མ་ཀུན་བྲལ་ཀུན་མཁྱེན་གྱིས། ཐ་དད་སྒྲིབ་མེད་མངོན་སུམ་གསལ། བོན་སྐུ་རྣམ་དག་མཐའ་ཡས་པས། ཤེས་བྱའི་མཐའ་ལ་མི་གནས་སྟེ། ཞེས་དང་། རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད། སྣང་བ་རྟོག་པས་བཀྲིད་པ་ལ། ལྷ་ཡི་སྐུ་དང་རྣམ་པ་སྣང་། །ཞེས་གསུངས་པས། འདི་ཡེ་གཤེན་བཀོད་པ་དོན་འབུམ་གྱི་རང་ལུགས་ལྟ་བ་བསྟན་པ་ཡིན་པས། དམིགས་གསལ་ལྟ་བ་དེ་ཉིད་ཡེ་སངས་རྒྱས་པར་འདོད་ཅིང་། དེ་ལྟ་བུའི་དབུ་མ་བ་ཞིག་ཡོད་དམ། མ་ཟད་ཐབས་ཕར་ཕྱིན་བཅུའི་བསྟོད་པའི་སྐབས་སུ་ཡང་། བོན་སྐུ་བདེ་བ་ཆེན་པོ་ཉིད། ཟད་སར་སྐྱོལ་བའི་ཡེ་ཤེས་སྟེ། མཐར་ཐུག་མཐའ་མེད་སྤྲོས་བྲལ་ངང་། དེ་བཞིན་ཉིད་དུ་གྱུར་པ་ལ། སྐུ་དང་ཡེ་ཤེས་གང་ཡང་མེད། གཟུགས་བརྙན་སྣང་བའི་བསླུས་པ་ཡིན། ནམ་མཁའི་རང་བཞིན་མ་ཡིན་པས། སྣང་བ་གྲུབ་པ་བདེན་མེད་དེ། ཞེས་གསུངས་ལ། མ་རྒྱུད་ལས་འདི་ལྟ་བུ་ལ་གྲུབ་མཐའ་སྟོང་པ་ཚལ་ཆད་འདོད་པ་ཞེས་གསུངས་ཤིང་། འདིའི་ལྟ་བ་རྩལ་མེད་ཡེ་སངས་རྒྱས་པ་དེ་ཉིད་ལ་སྐུ་ཞེས་གྲུབ་པ་མེད་ལ། མ་རིག་པ་ཞེས་སུ་ཡང་མ་གྲུབ་ཀྱང་། སྣང་བ་རྟོག་པས་བཀྲིད་པ་ལ་ཀུན་ཏུ་བཟང་པོས་དགེ་བ་ཏིལ་འབྲུ་ཙམ་ཡང་མ་སྒྲུབ་པར་སངས་རྒྱས་ཞེས་པ་བཞིན་སྐུ་དང་ཡེ་ཤེས་འཆར་བ་དང་། འཁོར་བའི་སེམས་ཅན་སྡིག་པ་ཏིལ་འབྲུ་ཙམ་མ་བྱས་པར་འཁོར་བར་འཁྱམས་པ་བཞིན་གཟུགས་བརྙན་སྣང་བས་བསླུས་དེ་བདེན་འཛིན་གྱི་མ་རིག་པ་སོགས་ཀྱིས་འཁོར་བར་འཁྱམས་ཀྱང་། མདོར་དྲིལ་ན་བཟང་ངན་གང་དུ་བཏགས་ཀྱང་ནམ་མཁའི་རང་བཞིན་ཡིན་ཞེས་རྩལ་མེད་ཡེ་སངས་རྒྱས་པའི་རང་བཞིན་ལས་མ་འདས་པར་གསུངས་སོ་སྙམ། གཞུང་འདིར་ལྟ་བ་སོགས་བཞི་པོ་དེ་གཞུང་གི་དངོས་བསྟན་དང་སླར་བསྟོད་པའི་སྐབས་སུ་བསྟན་ཡང་བདེན་མེད་དེ་ལྟ་བ་མཐར་ཐུག་ཡིན་པ་གང་དུ་ཡང་མེད་ལ། ཐབས་ཕར་ཕྱིན་གྱི་བསྟོད་པའི་སྐབས་སུ་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་བྱུང་ཡང་དེ་ནི་ལྟ་བའི་སྐབས་སུ་མིན་ཞིང་། བསྟོད་པའི་སྐབས་སུ་དེ་ནས་ལྟ་བ་ཞེས་བྱ་བ། གཞིའི་དོན་ལ་མ་ཡེངས་པར། ལྟ་བའི་ལམ་གྱི་དྲི་མ་དག། འབྲས་བུ་བྱང་ཆུབ་སེམས་སུ་གྲོལ། ཞེས་གསུངས་པ་ཙམ་ལམ་བདེན་མེད་དེ་ལྟ་བ་ཡིན་པ་ཡང་མ་གསུངས། གསུམ་པ་གཞི་སྙིང་རྗེ་བསྟན་པ་ལ་གཞུང་ལས། དེ་ནས་ཚིགས་བཅད་གསུམ་པོའི་༼པའི༽དོན། སྙིང་རྗེ་ཆེ་ལ་གཞི་བླངས་ཏེ། ཞེས་པ་ནས། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་མར་གྱུར་ཞིང་། དེ་ལྟར་མ་རྟོགས་ཤིང་དགྲ་གཉེན་བདེན་པར་བཟུང་ནས་རང་གིས་རང་ལ་སྐྱོན་བརྗོད་བྱས་པ་ལྟ་བུར་བྱས་སོགས་གསུངས་ཤིང་། སྐབས་འདིར་མི་དམིགས་པ་ཡི་སྙིང་རྗེ་ནི། ཡེ་གཤེན་དགོངས་པ་སྤྲོས་བྲལ་ལ། རང་རིག་རྟོགས་པའི་ནུས་མཐུ་ཡི། མ་རིག་ལོག་རྟོག་འགྲོ་བ་ལ། ཚད་མེད་སྙིང་རྗེ་བདལ་པར་འགྱུར། ཞེས་རང་རིག་རྟོགས་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཡིན་པར་གསུངས་ཤིང་། འདིར་ཡང་རང་རིག་ཡེ་ཤེས་རྟོགས་པ་ལ་གསུངས་པ་མིན་ནམ། འདི་དག་གིས་སྙིང་རྗེའི་སྐོར་རབ་ཏུ་བསྟན་ཞིང་། བཞི་པ་ཐབས་ཕར་ཕྱིན་བསྟན་པ་ནི་གཞུང་ལས། དེ་ནས་ཚིགས་བཅད་བཞི་པའི་དོན། ཞེས་སོགས་ཕར་ཕྱིན་བཅུའི་ཡོན་ཏན་དང་ངོ་བོ་དབྱེ་བ་སོགས་བསྟན་པ་ཡིན་ནོ།།

གཉིས་པ་འབུམ་འགྲེལ་ལ་བསམ་པ་ལ། རང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་འབུམ་འགྲེལ་འདིར་གོང་དུ་འབུམ་ལས་སྤྱོད་པ་མས་འཛེག་གི་སྐབས་སུ་སྤྱོད་པ་ཟབ་མོ་ལ་བསླབ་པ་ལ་ཡེ་གཤེན་གྱི་ངེས་ཚིག་གི་སྐབས་སུ་ཐམས་ཅད་བདེན་མེད་དུ་བསྟན་པ་དེ་ཉིད་ལྟ་བ་ཡིན་པར་གསུངས་ཤིང་། རྒྱས་བཤད་ཀྱི་སྐབས་སུ་ཡང་ཡུལ་བདེན་མེད་དང་བློ་བདེན་མེད་སོགས་སུ་ལྟ་བ་ཡས་ཕུབ་བསྟན་པར་འདོད་པ་དང་། འབུམ་ལས་དངོས་སུ་གསལ་བའི་ཚིག །དང་པོ་ལྟ་བའི་ངོ་བོ་ནི། ཡེ་ནས་གཤེན་རབ་དགོངས་པ་འདི། རང་བཞིན་རྣམ་པར་དག་པ་སྟེ། དྲི་མ་ཀུན་བྲལ་ཀུན་མཁྱེན་གྱིས། ཐ་དད་སྒྲིབ་མེད་མངོན་སུམ་གསལ། བོན་སྐུ་རྣམ་དག་མཐའ་ཡས་པས། ཤེས་བྱའི་མཐའ་ལ་མི་གནས་སྟེ། ཞེས་དང་། རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད། སྣང་བ་རྟོག་པས་བཀྲིད་པ་ལ། ལྷ་ཡི་སྐུ་དང་རྣམ་པ་སྣང་། །ཞེས་གསུངས་པ་འདི་གཏན་ནས་མེད་པས་ན་གཞུང་དངོས་བསྟན་གྱི་ལྟ་བ་ཡས་ཕུབ་ཀྱི་འགྲེལ་བ་བྱུང་མེད་ཅིང་། སྤྱོད་པ་མས་འཛེག་གི་ཐོག་མར་ཡེ་གཤེན་གྱི་ངེས་ཚིག་གི་སྐབས་སུ། བདེན་འཛིན་བཀག་ནས་སེམས་སམ་བློ་ཡིན་པ་དང་། དེའི་མཐའ་ཡེ་གཤེན་གྱི་དགོངས་པ་ལས་མེད་པར་བསྟན་པ་ལས། བདེན་སྟོང་དེ་ཉིད་དང་། ཐབས་ཕར་ཕྱིན་བཅུའི་ས་ཏྲིག་ཨེར་སངས་ལ་བསྟོད་པའི་སྐབས་ཀྱི་བདེན་སྟོང་རྣམས་ལྟ་བ་ཡས་བབ་ཡིན་པ་བསྟན་པ་ཙམ་ལས་མེད་ཅིང་། གཞུང་འགྲེལ་འདིའི་གོ་རིམ་ལ་གཞིགས་ན། འདི་དག་ནི་གཡུང་དྲུང་སེམས་དཔའི་ལུགས་ལྟར་ཡིན་ཞེས་པ་ལས་གཞུང་འདི་གཡུང་དྲུང་སེམས་དཔའི་གཞུང་ཡིན་གསུངས་པ་ག་ལ་ཡིན་སྙམ། ལར་དབུ་མ་བདེན་གཉིས་ཀྱི་གཞུང་ཞེས་པ་ཞིག་བོན་པོར་ཡོད་ཀྱང་། དབུ་མ་ཞེས་པའི་ཐ་སྙད་འདི་བོན་ལུགས་ཀྱི་ཐ་སྙད་སྒྲོས་གཙང་ཞིག་ཡིན་མིན་སླར་ཡང་བསམ་བྱར་གནས་སོ། །དཀའ་ཐུབ་རྣམ་བཤད་ལས། རང་རེ་གཡུང་དྲུང་བོན་གྱི་རིང་ལུགས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་ལ་དབྱེ་ན་མཚན་མ་ཀུན་བྲལ་ཁམས་བརྒྱད་ཀྱི་དངོས་བསྟན་སྟོང་པ་ཉིད་དང་། ཤུགས་བསྟན་ཕར་ཕྱིན་གྱི་ལམ་རིམ་བསྟན། རོལ་པ་སྐྱེ་མཆེད་པ་འདིས་ཡེ་གཤེན་དོན་འབུམ་གྱི་དགོངས་དོན་ཟབ་མོ་སྟོང་ཉིད་འཆད་པར་འདོད་པས་ཞེས་དང་། ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་ལས། གཡུང་དྲུང་བོན་གྱི་རང་ལུགས་ཐེག་ཆེན་དབུ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་རྒྱས་འབྲིང་བསྡུས་པའི་ཚོགས་ཀྱིས་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཟབ་མོ་དབུ་མའི་ལྟ་བ་དང་། ཐེག་ཆེན་ཡེ་གཤེན་པའི་ལུགས་ཀྱི་ཟབ་མོ་དབུ་མའི་སྟོང་པ་ཉིད་གཉིས་སུ་འཆད་ཚུལ་ཡོད་པའི་དང་པོ་ནི་ཞེས་སོགས་གསུངས་པས། དཀའ་ཐུབ་རྣམ་བཤད་ལས་རོལ་པ་སྐྱེ་མཆེད་པའི་ཡེ་གཤེན་བཀོད་པ་དོན་འབུམ་བཞིན་ལྟ་བ་འཆད་གསུངས་པ་ལས། ཡེ་གཤེན་བཀོད་པ་དོན་འབུམ་རོལ་པ་སྐྱེ་མཆེད་པའི་གཞུང་ཡིན་པར་མ་གསུངས་ཤིང་། ཕྱི་མ་འདིར་ཐེག་ཆེན་ཡེ་གཤེན་པ་ཞེས་པ་བྱུང་ཡང་། ཆེས་གྲགས་ཆེ་བ་ནི་སྔགས་ཡེ་གཤེན་པ་ཞེས་བྱུང་མོད། ཡེ་གཤེན་དབུ་མ་བ་ཞེས་རོལ་པ་སྐྱེ་མཆེད་ལ་ཐ་སྙད་མཛད་པ་ལས། དཀའ་ཐུབ་རྣམ་བཤད་ལས་ཀྱང་། རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད། སྣང་བ་རྟོག་པས་བཀྲིད་པ་ལ། ལྷ་ཡི་སྐུ་དང་རྣམ་པ་སྣང་། །ཞེས་གསུངས་པའི་རྩལ་མེད་ཡེ་སངས་རྒྱས་པའི་ལྟ་བ་འདི་རོལ་པ་སྐྱེ་མཆེད་བ་ལ་འགྲེལ་མེད་པས་ཀྱང་། གཞུང་འདི་ཡོངས་འཛིན་ཆེན་མོས་ཀྱང་རོལ་པ་སྐྱེ་མཆེད་པའི་གཞུང་ཡིན་པར་མི་བཞེད་དོ་སྙམ། ལར་འོ་ཅག་གིས་ཆེས་མཐོང་མྱོང་བ་ནི། ཀུན་མཁྱེན་ཕར་ཕྱིན་སྐབས་དང་པོ་ལས། དགུ་པ་རྟོགས་ཚད་ཀྱི་སྒོ་ནས་ཐེག་པ་རིམ་དགུའི་བཀའ་སྟེ་ཞེས་པ་ནས། བརྒྱད་པ་ནི་ཡེ་གཤེན་བཀོད་པ་དོན་གྱི་འབུམ་ལྟ་བུའོ་ཞེས་གསུངས་པས་གཞུང་འདི་ཀུན་མཁྱེན་གྱིས་ཀྱང་སྔགས་ཡེ་གཤེན་ཐེག་པའི་གཞུང་དུ་གསུངས་པ་མིན་ནམ་སྙམ་མོ།།

སྨྲས་པ།

རྩལ་མེད་ཡེ་སངས་རྒྱས་པའི་ཨེ་ཀློང་ནས།།

བོན་ཀུན་བདེན་པས་དག་པ་རབ་འབྱམས་ཤིང་།།

ཚོར་ཤེས་ལྷ་སྐུའི་འཁོར་ལོའི་བསོད་ཚོགས་ཅན།།

 རྒྱལ་དགོངས་ཇི་བཞིན་མཐོང་བའི་མཐུ་སླར་སྩོལ།།

དེ་སྐད་རང་གཞུང་ཀློག་པའི་ཧྲག་བར་ནས།།

འབུམ་དོན་ཡེ་གཤེན་ལྟ་བ་ཟབ་མོའི་དབྱངས།།

ཇི་བཞིན་ལེན་ལ་རེ་བས་རབ་བསྐུལ་ཏེ།།

རྟགས་ལེན་བསམ་གཞིགས་སེམས་ཀྱི་ང་རོ་འདི།།

མཐོང་སྨོན་ཁྱུང་ཡུལ་དཔལ་གྱི་ཕྱོགས་ནས་ཐལ།།

འདི་ནི་རང་གཞུང་དགོངས་དོན་རྟོགས་ཕྱིར་ལས།།

རང་ཁེ་གཞན་ཕམ་ཀུན་སློང་དག་གིས་མིན།།

 རྒྱལ་གསུང་ཇི་བཞིན་ཡུལ་དུ་བྱེད་ཕྱིར་ལས།།

མཁས་དབང་གང་ལའང་ཟུར་ཟའི་ཚུལ་དུ་མིན།།

ཅེས་པ་འདི་ནི་དྲྭ་གྲོགས་བསྟན་པ་དར་རྒྱས་ལགས་ཀྱི་ཟིན་བྲིས་སུ་ཁོ་བོས་རྟགས་མ་གྲུབ་ཞུས་པས། རྟགས་ལན་བརྩི་དགོས་པའི་དགོངས་འཆར་གནང་འདུག་ཅེས་གྲོགས་པོ་འགའི་ངག་ནས་ཐོས་པས་དེ་དོན་ཅུང་ཞིག་བྲིས་ལ། འགལ་འཁྲུལ་གྱུར་ན་རྩོད་གྲོགས་གམ་དེར་འཆགས།།

འདི་ཉིད་བསྟན་པ་དར་རྒྱས་མཆོག་གི་རྩོམ་ཡིག་དེའི་དབུ་མཐོང་ཙམ་ནས་བྲིས་ཤིང་། གཞུང་དངོས་རྩོམ་ཡིག་འདི་སྤེལ་རྗེས་མཐོང་ངོ་།

 

Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/4/23 10:50:25
སྐུ་མགྲོན་rVm8PD(སྐུ་མགྲོན)བཟང་གི་ཤིན་ཏུ་འཟང་གི།
རྩོམ་པ་པོ།:སྐུ་མགྲོན་rVm8PD(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/5/4 12:10:19
སྐུ་མགྲོན་Kof6Iu(སྐུ་མགྲོན)ནམ་མཁའ་ལགས་རྩོམ་འདི་སྤྱིའི་ཆ་ནས་ཤིན་ཏུ་བཟང་ཡང་། ལྟ་བ་ཡས་ཕུབ་ཞེས་པའི་འགྲེལ་བཤད་འདི་ལ་མཚོན་ན་ཡས་ཕུབ་དང་མས་འཛེག་ཞེས་པའི་གོ་དོན་ཅུང་ཙམ་ལོག་པར་སྙམ། འགྱུར་རྣམ་པས།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
ཅིའི་ཕྱིར།
རྩོམ་པ་པོ།:སྐུ་མགྲོན་Kof6Iu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/5/24 21:55:16
སྐུ་མགྲོན་Lpg6KW(སྐུ་མགྲོན)མདོ་དབུ་མ་པ་ཞིག་གི་ལྟ་བ་ལ་སྔགས་ཡེ་གཤེན་པའི་ལྟ་བ་ཡས་ཕུབ་ཞེས་པའི་ལྟ་བ་དེ་ཡིན་ཞེས་བྲིས་པ་དེའི་ཕྱིར། ཡེ་གཤེན་པ་ལྟར་ན། རྩལ་ཡོད་ཡེ་སངས་རྒྱས་པ་ལ། ལྷ་ཡོད་སྐུ་དང་ཞིང་ཁམས་གྲུབ་དགོས་ཏེ། གཞི་ཡི་ངང་ལ་ཁ་མིག་རྣ་བ་ཅན་གྱི་ལྷ་སྐུ་གྲུབ་དགོས་པ་སློབ་དཔོན་དྲན་པའི་གསུངས་སོ།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
གཞུང་འདི་མདོ་དབུ་མ་བ་ཟེར་བ་དེ་རེད་ཟེར་ཀྱི་མེད། དེར་མ་ཟད་ཐེག་དགུའི་ནང་གི་སྔགས་ཡེ་གཤེན་པ་ཡང་རེད་ཟེར་བ་ཡང་མེད། འདི་ཐེག་དགུའི་ནང་གི་ཡེ་གཤེན་ཐེག་པའི་གཞུང་ཡིན་པ་དེ་སྐབས་དང་པོའི་དགོངས་པ་རང་རེད། ལར་བོན་ལུགས་སུ་མདོ་སྔགས་ཀྱི་ལྟ་བ་ལ་དེ་འདྲ་ཁྱད་ཆེན་པོ་ཞིག་ཡོད་ན། རང་ལུགས་ཀྱི་མདོ་ཟེར་བའི་གཞུང་དེ་གང་དག་ལ་ངོས་འཛིན་དགོས། དཔལ་ཆེན་ཁམས་འགྲེལ་ལས་ནི་སྟོང་ཕྲག་བརྒྱ་པ་ནི་ལྟ་བ་གབ་པ་དང་མཉམ་གསུངས་སོ། ངོ་མ་ངས་བོན་མིན་བན་དེ་ཚོ་སེར་སྐྱགས་ཕོག་འདུག་སྙམ། དཔལ་ཆེན་པོའི་དགོངས་པ་ལྟར་ན་འཕེན་ཡུལ་དྲང་སྲོང་བའི་གཞུང་མིན་གསུངས་ཡོད། ཡིན་ནའང་ཁམས་ཆེན་ནི་ང་ཐེ་བའི་གྲོགས་པོ་འགས་དྲོང་སྲོང་འཕེན་ཡུལ་བའི་གཞུང་ཡིན་པར་འདོད་ཀྱི་ཡོད། དྲན་པས་གསུངས་ཟེར་ན་བོན་སྟོན་དྲན་པས་གསུངས་སམ་བོན་སྤོང་དྲན་པས་གསུངས། ཧེ་ཧེ།
རྩོམ་པ་པོ།:སྐུ་མགྲོན་Lpg6KW(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/7/13 12:33:47
སྐུ་མགྲོན་vAQd7H(སྐུ་མགྲོན)འགྱུར་རྣམ་བེ། ལྟ་བ་ཡས་ནས་དབབ་དགོས་ན། ཆེས་མཐོན་པོ་ཞིག་ནས་དབུབབ་དགོས་པ་ལས། ལྟ་བ་ཡིན་ཡིན་ཡས་བབ་ཡིན་པ་སུས་སྨྲ་བར་ནུས།
རྩོམ་པ་པོ།:སྐུ་མགྲོན་vAQd7H(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/7/13 18:49:51
སྐུ་མགྲོན་ptk8OB(སྐུ་མགྲོན)དོན་ངོ་མ་ཁྱེད་ཀྱིས་ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་འདི་སྔགས་ཀྱི་གཞུང་ཡིན་པ་འདོད་ཀྱི་ཡོད་དམ། ཡང་ན་དབུ་མ་པའི་གཞུང་ཡིན་ཟེར་གྱི་ཡོད།
རྩོམ་པ་པོ།:སྐུ་མགྲོན་ptk8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་རྟགས་ལན་སེམས་ཀྱི་ང་རོ།། | 2012/8/6 16:02:05
སྐུ་མགྲོན་I41Pgt(སྐུ་མགྲོན)དེ་ཙམ་གོ་བ་མི་འདུག་གམ།
རྩོམ་པ་པོ།:སྐུ་མགྲོན་I41Pgt(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.