ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་དང་བོན། | 2012/12/30 22:05:00

བོད་དང་བོན།

བོད་ཅེས་པའི་ཐ་སྙད་འདིར་བཤད་ཚུལ་སྣ་ཚོགས་ཤིག་བསྟན་འབྱུང་དང་ལོ་རྒྱུས་རྣམས་སུ་གསུངས་ཡོད། ཡིན་ན་ཡང་རྒྱལ་ཁབ་ཀྱི་རྣམ་པ་འབུར་དུ་དོད་པ་ནི་མི་རྗེ་གཉའ་ཁྲི་ནས་བཙུགས་པར་བཤད་ཅིང་། དེའི་སྔོན་དུ་མངའ་མཛད་དུ་མ་ཞིག་བྱུང་ཡོད། བོན་གྱི་ལོ་རྒྱུས་ལས་བོད་འདི་བདུད་ཁྱབ་པས་དབང་བསྒྱུར་དུམ་བུ་ཞིག་བྱུང་ཡོད་ཀྱང་། བདུད་ཁྱབ་པ་བོད་ཀྱི་རྒྱལ་པོ་བྱས་མེད། གཉས་ཁྲིའི་སྔོན་གྱི་མངའ་མཛད་ཚོས་བོད་དབང་བསྒྱུར་བྱས་ཚུལ་དེ་འདྲ་ཞིག་ཡིན་ནམ་སྙམ། བདུད་ཁྱབ་པས་བོད་དབང་བསྒྱུར་མ་བྱས་གོང་དེར་བོད་རང་ཁ་མ་ཡིན་ནམ་ཅི། དེ་ཡང་འདི་ལྟར་བསམ་པར་བྱ་སྟེ། ཁྲམ་གྱི་མཐའ་རིས་བོད་མི་ཡིན། བོད་ལ་སྡུག་པ་རྣམས་གསུམ་སྟེ། ཉོང་པོ་ཀོང་པོ་དག་པོ་གསུམ། ཞེས་མཛད་མདོ་གཟེར་མིག་ལས་གསུངས་འདུག བོད་ལ་སྡུག་པ་རྣམས་གསུམ་ཞེས་པ་འདིར་བསམ་ན། སྐབས་དེར་ཉོང་དག་ཀོང་གསུམ་བོད་ཀྱི་ཁྱབ་ཁོངས་ཡིན་བཟོ་འདུག དུས་སྐབས་དེར་ཀོང་པོ་ལ་རྒྱལ་པོ་ཞིག་ཡོད་ཅིང་། རྒྱལ་པོ་དེའི་མཚན་ལ་ཀོང་རྗེ་དཀར་པོ་ཟེར། ཀོང་རྗེ་དཀར་པོ་ཞེས་པ་འདི་ནི་ཀོང་རྗེའི་སྤྱི་མིང་ཞིག་ཡིན་ཞིང་། སྐབས་དེར་ཀོང་རྗེ་དེར་ཡ་གྱལ་གྱི་མིང་དུ་བྱས་ཡོད་པ་ནི། སྤུ་སྡེས་ཀོང་དཀར་པོའི་རྗེ་བོ་མཛད་ཅེས་པའི་ཐ་སྙད་འདིས་ཀྱང་ཤེས་པར་འདུག བདུད་ཁྱབ་པས་གཙོ་བོར་ཉོང་དག་ཀོང་གསུམ་དབང་བསྒྱུར་བྱས་ཤིང་མ་འགྱོང་བར་བདུད་གཤེན་རབ་ལས་ཕམ་ནས་ཀོང་དཀར་པོའི་སྲས་མོ་ཀོང་བཟའ་ཁྲི་ལྕམ་དང་རྟ་བདུན་ཁྲལ་བཅས་ཀོང་ཡུལ་བྲེ་སྣ་ནས་སྟོན་པ་གཤེན་རབ་ལ་ཕུལ་ཞིང་། དེའི་ཕྱིན་ཀོང་རྗེ་གསར་པ་ཡོད་མེད་མི་གསལ་ཡང་། བོད་རང་ཁ་མ་ཞེས་པའི་ཐ་སྙད་འདི་བྱུང་འདུག ཐ་སྙད་འདི་ཡང་སྟོན་པ་གཤེན་རབ་དང་འབྲེལ་བ་དམ་པ་ཞིག་ཡིན། བོད་རྗེ་གཉའ་ཁྲི་བརྐོས་ཤིང་བོད་ཀྱི་རྒྱལ་ཁབ་བཙུགས་པ་འདི་ཡང་སྟོན་པ་གཤེན་རབ་དང་འབྲེལ་བ་སྟེ། བདུད་ཁྱབ་པ་ལས་སྟོན་པ་རྒྱལ་བས་བདུད་ཀྱི་དབང་སྒྱུར་དེ་དག་རིམ་བཞིན་ཁ་འཐོར་དུ་ཕྱིན་པ་དང་། སྟོན་པས་བོད་རང་ཁ་མ་བྱ་བའི་གཙིགས་བྱིན་པ་འདི་ཕལ་ཆེར་དེའི་རྗེས་སུ་བོད་སུས་ཀྱང་དབང་བྱས་མེད་པ་དང་། གཉའ་ཁྲི་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་རྒྱལ་སར་སྟོན་པ་དང་། སྐུ་སྲས་མུ་ཁྲི་འཁྲུངས་ཤིང་། མུ་ཁྲིའི་བླ་བོན་ནམ་མཁའ་སྣང་བ་མདོག་ཅན་ཡིན་ལ། སྣང་མདོག་ནི་སྟོན་པ་གཤེན་རབ་ཀྱི་སློབ་མར་མཛད་སྐབས་སུ་སྟོན་པ་གཤེན་རབ་ཀྱིས་བསླབ་བྱ་འགའ་ཞིག་གནང་ཡོད་པ་དེ་དག་ལས་ཐད་ཀར་གོ་བ་ལོན་པ་ནི། དེ་དུས་དེ་དང་དུས་མཉམ་དུ། ཁ་བ་ཅན་གྱི་ཡུལ་ལྗོངས་སུ། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ཅེས་པ་ལས། ནམ་མཁའ་སྣང་མདོག་གི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་དགྲ་འདུལ་གཉེན་སྐྱོང་མཛད་དང་མཛད་དགོས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཀྱང་ཡོད་པ་རེད་ལ། དེས་ཕྱིས་ཀྱི་བོན་གཤེན་ཚོས་ལ་ལས་རྒྱལ་གྱི་སྐུ་འཚོ་བ། ལ་ལས་བློན་གྱི་གྲོས་འཚོ་བ། ལ་ལས་མཐའ་མཚམས་བསྲུང་བའི་ཚུལ་བོན་གྱི་ལོ་རྒྱུས་ཁྲོད་མངོན་པར་གསལ་བ་ཡིན། དེ་ལྟ་བུའི་དུས་སྐབས་དེ་ནི་མི་རྗེ་གཉའ་ཁྲི་ནས་མགོ་རྩོམ་ཞིང་མུ་ཁྲི་སོགས་གནམ་གྱི་ཁྲིའི་བདུན་རིང་དུ་རྒྱུན་ཆག་ཀྱི་རང་བཞིན་དུ་གྱུར་ཏོ། །བོན་དང་བོད་ནི་ཆུ་དང་ཉ་མོ་བཞིན་མཉམ་པོར་གནས་ཤིང་། མདུང་དང་མདུང་ཁྱིམ་བཞིན་གཅིག་ལ་གཅིག་བརྟེན་གྱི་སྲིད་ཕྱོགས་ནས་བོན་གཤེན་ཚོས་རྒྱལ་ཁབ་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་འབུལ་གྱི་ཡོད་པ་དང་། བོན་ཕྱོགས་ནས་རྒྱལ་པོས་ཀྱང་རྒྱབ་སྐྱོར་སྒྲོས་གཙང་བ་ཞིག་གནང་སྟེ་བོན་གྱི་འདུ་གནས་མང་དག་བཞེངས་པའི་སྦྱིན་བདག་གནང་ཡོད།  འདུ་གནས་ཞེས་པ་འདི་ནི་བོན་གཤེན་ཚོ་ལྷན་གཅིག་འདུས་སྡོད་བྱེད་ས་སྟེ། ད་ལྟའི་དགོན་སྡེ་ལྟ་བུ་ཞིག་ཡིན་ཡང་། ད་ལྟའི་གྲྭ་ཚང་བཞིན་དུས་རྒྱུན་ཁྱུ་རུ་འཚོགས་ཀྱི་མེད་ཀྱང་། ལོ་དུས་དང་ཟླ་དུས་སུ་རིགས་སྒྲ་སྒྲོག་ཅིང་། བཀའ་བགྲོ་བདེ་ཉམས་བརྡར་ས་ཞིག་ཡིན། འདུ་གནས་སོ་བདུན་ཞེས་པའི་ཐ་སྙད་འདི་དག་ཐོས་ཐེངས་རེ་ལ་ཁོ་བོ་ནི་རེབ་གོང་བོན་མང་འཚོགས་འདུ་ཡི་རྣམ་པ་དེ་དག་སལ་གྱིན་འཆར་གྱི་འདུག བོན་གཤེན་ཚོས་རྒྱལ་སྲིད་ལ་ལེགས་སྐྱེས་ཆེན་པོ་གནང་བས། སྟག་གཟིག་གི་གང་རྒྱན་སོགས་དམིགས་གསལ་བའི་ཐོབ་ཐང་དུ། གྲལ་གཡས་གྲལ་དུ་བཞག་པ་དང་། བཀའ་གསུང་གླུ་གར་སོགས་ལ་ཐོག་མའི་བྱེད་སྒོ་བོན་གཤེན་ཚོར་ཕུལ་བ་ནི། བོད་རྒྱལ་གཉིས་པ་མུ་ཁྲིས་སྤྱི་སྤུངས་ཀྱི་བོན་མི་རབས་གསུམ་དུ་གསང་བ་བྱས་པས། མི་བདུད་བཙན་དང་གསུམ་གྱིས་དལ་ཡམས་བབ་སྟེ་མ་བདེ་བ་ལ། མོ་མ་སྐྱིད་སྟིང་གིས་མོ་བཏབ། སྐུ་གཤེན་མཚེ་གཙོ་གཉིས་ཐར་བོན་གྲུ་སྐྱོལ་དང་གསུམ་གྱིས་གཏོ་བྱས་པས་རྗེ་ཡི་མངའ་ཐང་དགུང་དང་མཉམ། བོན་པོ་ལ་ཆེ་ཐབས་སུ། སྐུ་ལ་གཙིགས་བྱིན་པ། དབུ་སྐྲ་བཅད་དང་ལྟུང་དུ་མེད་པ་དང་། དར་དཀར་གྱི་འགྱིང་ཐོད་ལ་རྒོད་ལྡེམ་བཙུག་པ། གསེར་གྱི་བྱ་རུ། གཡུ་ཡི་ལྡེམ་ལྟ། དངུལ་གྱི་ཆབ་སྒྲོག ཟ་འོག་གི་ལྷམ། དབྱི་དཀར་སྤྱང་ཐུལ་ལ་སྟག་གཟིག་གུང་གསུམ་གྱི་གང་ལག གདན་ཐོག་ནས་ཆིབ་ལ་འབབ་པ་དང་ཞོན་པ། གྲལ་གཡས་གྲལ་སོགས་བྱིན། དེ་རྗེས་རྒྱལ་པོ་སྟག་གུ་སྙན་གཟིགས་ཀྱིས་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་མང་འོག་ཏུ་བཙུད་སྐབས། ལྷོ་བྲག་གི་རྒྱལ་པོ་རབ་རྗེ་བྱ་བ་མངའ་འོག་ཏུ་མ་ཚུད་པས། དེ་འདུལ་བར་རྒྱལ་པོ་དམག་དྲངས་ནས་གཡུལ་སྤྲད་པའི་ལྷོ་བྲག་རྒྱལ་ཞིང་། སྟག་གུ་སྙན་གཟིགས་བཙོན་དུ་བཟུང་། དེར་སྐུ་གཤེན་ཁྲི་ནེ་ཁོད་ཀྱིས་ཡོ་བྱད་སྣ་དགུ་མཐུ་སྔགས་ལ་བརྟེན་ནས་རྟ་ལ་བཀལ་ཏེ་ལྷོ་བྲག་ཏུ་བྱོན་ཏེ། ལྷོ་བྲག་རྒྱལ་པོ་ལ་འདི་སྐད་ཞུས། བདག་བོན་པོ་ནི་རྒྱལ་ཁམས་ཡོངས་ལ་ཆེ། རྗེ་འདི་བཙོན་དོང་ནང་དུ་བགྲོང་བར་འདུག་པས། རྟ་རྒན་འདི་གཏད་པ་དང་བཞེས་པ་འགའ་ཞིག་འདྲེན་གནང་ཞུས་པས་ལྷོ་བྲག་རྒྱལ་པོས་དེ་སྐད་གནང་། སྐུ་གཤེན་རྒྱལ་པོའི་སར་བྱོན་ནས། བོན་སྐྱོང་ལ་གསེར་ཕྱེ་མཆོད་པས་བཙོན་སྲུང་ཀུན་རྒྱལ། རྗེ་ལྕགས་སྒྲོགས་གཤོག་གྲི་དང་རལ་བས་བཅད། དེ་རྗེས་བཙོན་ནས་གཏོན། རྒྱལ་པོ་གོང་གི་རྟ་དེར་ཞོན། སྐུ་གཤེན་བྱ་རྒོད་ལ་སྤྲུལ་ནས་བྱོན་པའི་གནས་ཚུལ་སོགས་ཡོད། དེར་བརྟེན་བོན་གཤེན་ཚོས་དམག་ཚོགས་ནས་རང་གི་མཐུ་རྩལ་གྱིས་རྒྱབ་སྐྱོར་བྱས་པ་དང་། འབྱོར་ཕྱོགས་ནས་གཡང་འབོད་དང་གཡང་སྒྲུབ་དེ་བཞིན་རང་བྱུང་ཁམས་ཀྱི་འཇིག་པ་ལས་སྐྱོབས་ཕྱིར་བུམ་གཏེར་སྦ་བ་དང་། ལ་རྩེ་འཛུགས་པ་བཅས་རང་བྱུང་ཁམས་ཆེན་པོ་དང་མཉམ་གནས་ཀྱི་བྱེད་སྒོ་དུ་མ་གསར་གཏོད་དང་རྒྱུད་འཛིན་བྱས་ཡོད། དེ་དག་གི་མཐུས་མ་རིང་བར་བོད་ཡུལ་གཅིག་བསྒྱུར་བྱས་པ་དང་རྒྱལ་ཁབ་གཞན་ལའང་གཡུལ་འབྱེད་པའི་བྱ་བ་ལག་ཏུ་བླང་པ་རེད། བོན་གྱི་ཆོས་ལུགས་ནང་དུ་ཟློག་པ་ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡོད་པ་དང་། དེར་རྨི་རྟས་ངན་པ་དང་། འབྱུང་བས་འཇིག་པ་རང་ལ་སྡང་བ་དང་། གཟུགས་ཅན་གྱི་དགྲས་ཚེ་སྲོག་ལ་གནོད་པ་དང་། ནོར་ཕྱུགས་ལ་གཅན་སྤྱང་ནད་རིགས་ཀྱིས་འཚེ་བ། མི་ལ་དགྲ་བོས་འཚེ་བར་བྱེད་པ་དེ་སེལ་བྱེད་ཀྱི་རིམ་པ་ཞིག་ཡིན། དེ་དག་ཕལ་གྱི་ནང་དུ་དམག་ཟློག་ཅེས་པ་ཞིག་ཡོད་པ་དེ་ནི་དམག་སྣ་ཕར་བཟློག་པ་དང་། དགྲ་དམག་ཕམ་པར་བྱེད་པའི་ཆོ་གའི་བྱ་རིམ་ཞིག་ཡིན་པ་དང་། བོན་གཞུང་ལས་གསང་སྔགས་ཀྱི་བསྟན་པ་ནི་གཙོ་ཆེར་གནམ་གྱི་ཁྲི་བདུན་རིང་དར་བ་དང་། ཕྱིས་སུ་སྲོང་བཙན་ཡན་དུ་རྒྱུད་འཛིན་བྱས་ཤིང་། སྐབས་དེ་དག་ཏུ་བོད་གཅིག་སྒྱུར་བྱེད་པའི་དུས་སྐབས་དང་ཁེལ་བས་དམག་ཟློག་དེ་དག་སྤྱི་ཚོགས་དེའི་འཁོར་ཡུལ་དང་འཚམས་པ་ཞིག་ཡིན། འོན་ཀྱང་དེ་དག་ནི་བོན་པོའི་ལས་སྤྱོད་ཀྱི་ཆ་ལག་ཙམ་ཡིན་པ་ལས་སྤྱོད་པ་གཙོ་བོ་མིན་ཡང་། སྤྱིར་རྒྱུ་བོན་གྱི་སྐབས་སུ་དེ་ལྟ་བུའི་དགྲ་འདུལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡོད་པ་ནི་འཕྲུལ་གཤེན་གྱི་བོན་སྐོར་ཡིན། དེ་ལྟར་བོན་གཤེན་ཚོས་བོད་ཀྱི་ཆབ་སྲིད་ཐོག་ནུས་པ་ངེས་ཅན་ཞིག་ཐོན་ཡོད་པས། བོན་གཤེན་རེ་འགའ་བོད་བློན་དུ་གྱུར་བ་དང་། བོན་བློན་རེ་འགའ་བོན་གཤེན་དུ་གྱུར་བ་མ་ཟད། བོད་རྒྱལ་མུ་ཁྲི་ཡང་བོན་གཤེན་གྱི་གཙོ་གྲས་སུ་གྱུར་བ་ཡིན་འདུག བོན་གཤེན་ཚོས་ཆབ་སྲིད་ཀྱི་ཐོག་ཏུ་བྱས་རྗེས་གལ་ཆེན་ཞིག་བཞག་པ་དེས་ཆབ་སྲིད་ཀྱི་དབང་ཆ་གལ་ཆེན་རེ་ཐོབ་ཀྱི་ཡོད་པ་དང་། བོད་བློན་ཚོས་ཆོས་ལུགས་ཀྱི་ཐོག་ཏུ་ནུས་པ་གལ་ཆེན་ཞིག་བཏོན་པས་བོན་གཤེན་གྱི་གོ་གནས་གལ་ཆེན་ཞིག་ཀྱང་ཐོབ་ཡོད་པ་རེད། ཆོས་ལུགས་ཀྱི་གོ་གནས་ཅི་ཡང་མ་ཐོབ་པའི་བོད་བློན་རེ་འགའི་སེམས་སུ་འདི་དག་ཅིས་ཀྱང་བཟོད་དུ་མ་མཆིས་པའི་བློན་གཤེན་དང་། རྒྱལ་བློན་གྱི་འགལ་ཟླ་ཐོག་མ་གྲུ་གུམ་སྐབས་བྱུང་། དེར་དམིགས་ཡུལ་གཉིས་ཡོད་པ་སྟེ། གཅིག་ནི་ཆོས་ལུགས་ཀྱི་གོ་གནས་ཅི་ཡང་མེད་པའི་བློན་པོ་དེ་དག་གི་དམིགས་ཡུལ་དེ་ཡིན་པ་དང་། གཉིས་པ་ནི་དེ་སྐབས་སུ་ཕྱི་རྒྱལ་བ་སྟེ་རྒྱ་གར་གྱི་སྤྲང་པོ་རད་ན་སི་ཏི་བྱ་བ་དེའི་དམིགས་ཡུལ་དེ་གཉིས་ཡིན། རྗེའི་མཛོད་འགྲེལ་ལས། བན་དྷེའི་ཕྲག་དོག་གི་དབང་གིས་བསྟན་པ་རིན་པོ་ཆེ་རེས་ཤིག་གཏེར་དུ་གཤེགས་ཞེས་པའང་རྒྱ་གར་གྱི་བན་དྷེ་དེ་ཉིད་ཀྱི་ཕྲག་དོག་གི་དབང་གིས་རྒྱལ་གཤེན་བར་དུ་སྙན་ཕྲ་བཟོས་པར་འདུག་པ་དེ་ལ་གོ་ཡི། གཞན་མཛོད་གཞུང་འདི་ཉིད་གྲུ་གུམ་གྱི་སྐབས་སུ་གཏེར་དུ་གཤེགས་པས་ཀྱང་ཤེས་ལ། སྐབས་དེར་ཡང་རྒྱ་གར་ཆོས་ལུགས་བོད་དུ་འཛུལ་བའི་གོ་སྐབས་འཚོལ་བཞིན་ཡོད་པ་ནི་འདིས་ཀྱང་ཤེས་པར་འདུག བོད་ཁམས་བདེ་ཞིང་སྐྱིད་པ་དང་སྙན་གྲགས་ཕྱོགས་བཅུར་ཁྱབ་པ་ནི་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་དེར་རེད། བོན་གྱི་ལོ་རྒྱུས་དག་ལས་སྲོང་བཙན་སྒམ་པོའི་དུས་སྐབས་ཆོས་མེ་སྟག་ཙམ་ཞིག་བྱུང་ཟེར། འོན་ཏེ་ཆོས་ཀྱི་དབུ་ལྷ་ཐོ་ཐོ་རིའི་སྐབས་སུ་བརྙེས་པའི་ལོ་རྒྱུས་འགའ་ཞིག་ཤོད་རྒྱུ་འདུག ལྷ་ཐོ་ཐོ་རིས་གསང་བའི་སྒོ་ནས་ཆོས་ཉམས་སུ་བླང་པས་ཚེ་རིང་པོ་ཐོབ་ཟེར་བ་དང་། བོན་གྱིས་ཀྱང་བོན་ཉམས་སུ་བླང་པས་ཚེ་རིང་ཟེར། དེ་ལྟར་ན་བོན་པོ་ཚོས་གསང་བའི་ཆོས་དེ་རྒྱལ་པོས་སྤྱོད་ཀྱི་ཡོད་པ་མ་ཤེས་པས་ན་སྲོང་བཙན་སྐབས་ཆོས་མེ་རྟག་ཙམ་ཞིག་བྱུང་གསུངས་པའམ། ཡང་ན་མེ་སྟག་མཆེད་དེ་འབར་བ་ལྟར་བོད་ཀྱི་ཡུལ་འདིར་ཧ་ཅང་གི་འཕེལ་རྒྱས་ཀྱི་མེ་སྟག་ལྟ་བུ་དེ་བྱུང་བ་གསུངས་པ་གང་ཞིག་ཡིན་པ་ལས། ཆོས་ལུགས་ཕྱོགས་རེས་ཀྱིས་སྲོང་བཙན་སྐབས་གསར་དུ་དར་བར་བཤད་ཀྱང་རང་ཉིད་ལ་ཁེ་ཕན་ཅི་ཡང་མི་འདུག་ལ། ཚིག་ཟུར་རེ་གཉིས་གྲྭ་ཆག་ཟུར་འཕེལ་གྱིས་ཀྱང་ཕྱོགས་རིས་ཁོ་ནར་ཡང་ངེས་པ་མེད་དོ། །བཻ་རོའི་འདྲ་འབག་ལས། ལྷ་ཐོ་ཐོ་རི་སྙན་ཤལ་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་དམ་པའི་ཆོས་དབུ་བརྙེས། སྲོང་བཙན་སྒོམ་པོའི་སྐུ་རིང་ལ་སྲོལ་གཏོད། ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་ལ་དར་ཞིང་རྒྱས་པར་མཛད་དོ་ཞེས་ཀྱང་གསུངས་ལ། རྒྱལ་པོ་འདི་ཚེ་སྟོད་ལ་བོན་ལ་སྤྱོད་པ་དང་ཚེ་སྨད་གཙོ་བོར་ཆོས་དོན་དུ་གཉེར་བར་གསུངས་པ་དང་། སྐབས་དེ་དུས་སུ་སླར་ཡང་ངོ་ལོག་པ་དུ་མ་བྱུང་པ་རྣམས་རིམ་བཞིན་ཚར་བཅད་པ་དང་། དེར་འགས་སྲོང་བཙན་སྒོམ་པོ་བོད་རྒྱལ་མིན་པ་ཚོ་དཔོན་ཞིག་ཡིན་པར་ཤོད་མཁན་འདུག གྲུ་གུམ་དང་ལོ་ངམ་གཉིས་ཀྱི་གསུང་གླེང་ནང་ལོ་ངམ་གྱིས་ཁྱེད་ནི་སྤྱི་ཕུད་ཀྱི་རྒྱལ་པོ་ཡིན་ལ། ཞེས་པ་འདི་གྲུ་གུམ་བོད་རྒྱལ་ཡིན་འདུག་ན་སྲོང་བཙན་དེ་བས་ཀྱང་བོད་རྒྱལ་ཡིན་ངེས་སོ། །རྒྱལ་པོ་འདི་དག་གི་རིང་དུ་བན་དྷེའི་ཆོས་ལུགས་བོད་དུ་འཕེལ་རྒྱས་འགྲོ་བཞིན་པ་དང་། རྒྱལ་བློན་ཕལ་མོ་ཆེ་ཆོས་ལ་ངེས་ཤེས་འདྲེན་བཞིན་པའི་སྐབས་ཡིན་ལ། སྐབས་དེར་བོན་གཤེན་འགའ་ཞིག་བོན་ཆོས་དབྱེར་མེད་གནང་ཡོད་པ་དང་། འགའ་རེས་ནི་བོད་དུ་བན་དྷེའི་ཆོས་དར་བར་མ་རུང་བའི་རྣལ་འགྱུར་བསྟན་པའང་ཡོད་འདུག དེ་ལས་བོད་དུ་བོན་ཆོས་གཉིས་སམ་ཆོས་ལུགས་རིགས་གཉིས་དར་བ་ནི་སྡིག་ཆེ་ཞེས་པ་དེ་རེད། ཚིག་འདི་ཉིད་ཐོས་ཙམ་ན་རྒོད་བྲོ་བ་ཞིག་འདུག་ཀྱང་། ལེགས་པར་བསམ་གཞིག་བྱས་ཚེ་དེ་ནི་ཇི་འདྲའི་བདེན་པའི་གཏམ་ཞིག་འདུག བོད་དུ་ཐུབ་བསྟན་དར་རྒྱུའི་དམིགས་ཡུལ་གོང་བཤད་རྒྱལ་པོ་གྲུ་གུམ་སྐབས་ནས་མངོན་གསལ་དོད་ཅིང་། བོད་འབངས་ཚོས་བོན་བསྟན་ལ་བཅང་བའི་བརྩེ་བ་ཟབ་པ་བཅས་ཀྱིས་བསམ་འདུན་དེ་འགྲུབ་མ་ཐུབ། དེའི་འགག་རྩ་གལ་ཆེན་ཞིག་ནི་རྒྱལ་པོ་དང་བོན་གཤེན་བར་འབྲེལ་བ་དེ་ཡིན་པ་དང་། དེའི་ལྡོག་ཕྱོགས་ཤིག་ནི་བློན་པོ་འགའ་དང་བོན་གཤེན་བར་གྱི་མི་མངོན་པའི་འགལ་ཟླ་དེ་རེད། བོན་གཤེན་གྱི་གོ་གནས་ཅི་ཡང་མེད་པའི་བློན་པོ་ཞིག་ལ་མཚོན་ན་བྱ་བའི་གོ་རིམ་དང་པོ་དེ་དག་བོན་གཤེན་ཚོར་ཤོར་བས་དེ་ནི་ཟློག་ཏུ་མེད་པའི་སྙིང་གི་འཕར་སྒྲ་ཞིག་ལོས་ཡིན། སྐབས་དེར་ཐུབ་བསྟན་སྤེལ་བ་པོའི་འབྲེལ་བ་བྱ་ཡུལ་ནི་རྒྱལ་པོ་མིན་པར་བློན་པོ་དེ་དག་ཡིན་པ་དང་། བྱ་བ་བསྒྲུབ་བྱ་གཙོ་བོ་ནི་ཐུབ་བསྟན་མིན་པར་བོན་བསྟན་ལ་སྐྱོན་བཙལ་རྒྱུ་དང་། རྒྱལ་གཤེན་བར་གྱི་འབྲེལ་བ་གཅོད་ཐབས་དེ་དག་ཡིན། དེ་ལྟ་བུའི་གནས་ཚུལ་དེ་དག་ནི་ཐོན་པ་ནི་བོན་གཤེན་ཚོས་དགོངས་སྲིད་ཀྱང་། སྙོམས་ལས་སུ་གཏོང་བ་སྟེ། བོན་བསྟན་ནུབ་རྐྱེན་ཅིག་ནི་བོན་པོ་ཁོང་ཡངས་པ་དང་ཞེས་པས་ཀྱང་ཤེས་པའོ། །དེ་ཡང་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ་ལས་ཀྱང་། བྷོ་དྷི་སཱ་ཏོ་དང་ཆོས་བློན་གསལ་སྣང་གཉིས་སྔར་ཞང་ཞུང་དང་བོན་པོ་རྣམས་ཀྱིས་བཀག་བཟློག་ཁེལ་ནས་མ་རངས་བ་ཡོད་ཕྱིར། ཐབས་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་པོ་བསྐྱོད་པའི་ཐབས་བྱས་ཏེ། བོན་གྱི་སྔགས་སྦྱོར་སྒྲོལ་གྱི་ལས་སྦྱོར་སྐོར་དང་། ཞང་ཞུང་ཛྭ་དམར་སོགས་མི་དགེ་བའི་ལས་ཤིག་ཡིན་པས་ཅིས་ཀྱང་བསྣུབ་པར་འཚལ་ཞུས་པར། རྒྱལ་པོས་སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱིས་ཞང་ཞུང་ཛྭ་དམར་དང་སྔགས་ཀྱི་སྐོར་ཅིག བཟོ་བ་དྲྭའི་སྐོར་བཅས་བསྣུབ་དགོས་པའི་བཀའ་བསྩལ་ཏེ་ཞེས་དང་། བོན་གྱི་དཔེ་རྒྱུན་སྔ་མ་རྣམས་སུ་བྷོ་དྷི་སཱ་ཏོ་བོད་མི་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་ཞིང་། བོད་ཡུལ་མི་བདེ་བའི་གཞི་དེར་ཐུག་པས་ཡུལ་གཞན་དུ་རྫོང་དགོས་ཞེས་མོ་བ་ཞིག་གི་ངག་ལས་བརྟེན་ནས་སྤྱུག་པས་ཕྱིས་དམ་པའི་ཆོས་ལ་མཁས་པར་གྱུར་བ་དང་། དེ་ནས་སྔོན་སྤྱུག་པའི་ཞེ་ནད་ཀྱིས་རྒྱལ་པོ་དང་བོན་གཤེན་བར་དུ་ཕྲ་མ་བྱས་པར་བཤད་ཡོད། འོན་ཏེ་ཡོང་འཛིན་བསྟན་འཛིན་རྣམ་དག་མཆོག་ནས་སྔོན་སྤྱུག་པའི་མི་དེ་དང་བྷོ་དྷི་སཱ་ཏོ་གཉིས་དོན་གཅིག་ཏུ་རུང་མིན་དཔྱད་བྱར་གསུངས། ད་དུ་ཡང་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ལས། བློན་པོ་སྡུག་པ་ཅན་དང་། རྒྱལ་པོ་དང་གཤེན་པོའི་བར་སྙན་འཕྲ་བཙུད་ནས། ནུབ་ལུགས་ནི། ཨ་ཙ་ར་ཀླུའི་རྒྱན་མཚན་དང་། རྨ་རིན་ཆེན་མཆོག་དང་། རླང་བྱང་ཆུབ་གཞོན་ནུ་དང་། རྐ་བ་དཔལ་བརྩེགས་བཞིས་གྲོས་བྱས་ནས། བོན་ལ་བསྐུར་པ་འདེབས་པར་བྱས་པས། རྐ་བ་དཔལ་བརྩེགས་རྗེ་ཡི་སར་བྱུང་ནས། མངའ་རིས་རྒྱལ་ཁམས་བོན་པོས་དབང་བྱས། ཞང་ཞུང་རལ་ཁྱུང་དང་། གྱེར་ཟླ་མེད་ཀྱིས་ཕྱག་མཁརདང་སེང་ལ་དཀར་པོའི་ཐོད། ཆགས་ཟ་འོག་གི་འབོལ་ཅན། གཅན་གཟན་སྤུ་སྡུག་ཡོ་བོན་པོས་ཁྱེར། རྗེ་ཡང་དམངས་ལ་དབབ་ཅིང་གྲལ་ཡང་བོན་པོས་འཕྲོག་པར་འོང་ངེས་བྱས། ཞེས་པ་ལྟ་བུ་རེད། དེའི་སྐབས་སུ་ཕྱོགས་ཅིག་ནས་བོན་བསྟན་ལ་སྐྱོན་ཅན་ཞིག་ཡིན་པར་བཤད་པ་དང་། ཅིག་ནས་བོད་ཀྱི་མ་འོངས་པའི་ཚང་མ་བོན་པོས་དབང་དུ་ཤོར་འགྲོ་བའི་ཆབ་སྲིད་དང་ཆོས་ལུགས་གཉིས་ཀའ་ཐོག་ནས་རྒྱལ་གཤེན་གཅིག་བསྒྱུར་གྱི་ལྟ་བ་མེད་པར་བཟོས་པ་རེད། སྒ་སྟོན་གྱི་བསྟན་པའི་ཤན་འབྱེད་དུ་གྲུ་གུམ་སྐབས་དང་ཁྲི་སྲོང་སྐབས་འདྲ་མ་འདྲེས་སུ་བཀོད་འདུག རྒྱ་གར་བའི་དམ་ཆོས་བོད་དུ་དར་བར་བྱེད་པའི་ཆེས་དམིགས་ཡུལ་ནི། སྒྲག་པ་གླིང་གྲག་ལས། མཐའི་རྒྱལ་པོ་ཐམས་ཅད་ཁོའི་༼ཁོས་༽འདུས། རྒྱ་གར་གེའུ་ཁྲི་སྒོ་ཡང་བོད་ཀྱི་དམགས་བྱས་ནས་བོད་ལ་ཤོར་ལ་ཁད་ཟེར་ནས། དེ་དུས་རྒྱ་གར་རྒྱལ་པོས་རྒྱ་ནག་རྒྱལ་པོ་ལ་བང་ཆེན་མི་གསུམ་རྫང་ནས། འུ་བུ་རྒྱ་གར་ནག་གཉིས་སྟག་གཟིག་དང་གསུམ་ལ། བོད་ཀྱི་རྒྱལ་པོ་དྷི་གནོད་པར་འདུག་པས། དེ་འདུལ་བའི་ཐབས་ལ་རེམ་ཞིག་ཟེར་རོ། །རྒྱ་ནག་རྒྱལ་པོས་ན་རེ། རྒྱ་གར་རྒྱལ་པོ་བདེན་ཏེ། ཡུ་བུ་གཞན་མི་རྗེ་མིས་བྱེད། ཁོའི་མི་རྗེ་ལྷས་བྱེད་པར་འདུག ད་རྒྱལ་པོ་དབང་ཆེ། བློན་པོ་གྲོས་ཆེ། བོན་པོ་མཐུ་ཆེ་བས། ཡུའུ་གཞན་གྱིས་མི་ཐུབ། ད་བོད་ཀྱི་རྒྱལ་པོ་ཕུང་བའི་ཐབས་ལ་ཆོས་བོད་དུ་བཏང་དགོས་དང་། དེས་ཕུང་ནུས་པ་ཡིན་གསུངས་སོ། །ཞེས་སོ། །རྒྱལ་པོས་བོད་དུ་དམ་ཆོས་སྤེལ་སྐབས་བོད་ཀྱི་ལྷ་འདྲེ་གཞི་བདག་མ་དགའ་བས། བོད་ལ་ནད་རིམས་སྣ་ཚོགས་བྱུང་། བོན་ལ་དགའ་བའི་བློན་པོ་ཚོས་ཆོས་འདི་སྤྱོད་པས་བོད་ལ་མི་བདེ་བ་བྱུང་ཞེས་བོད་ཀྱི་རྒྱལ་བློན་དང་ཡུལ་སྡེའི་བར་དུ་འགལ་བ་ཆེན་པོ་བྱུང་། སྐབས་དེར་བན་བོན་ཆོས་ལུགས་གཉིས་ཀྱི་འཐབ་བརྩོད་དེ་ནི་བོད་བྱིངས་ཀྱི་འཐབ་རྩོད་དུ་གྱུར་ཏོ། །རྒྱལ་པོའི་ཁྱིམ་ཙང་ནང་ཁུལ་དུ་རྒྱལ་པོ་དང་རྒྱལ་སྲས་བར་དུ་ཆོས་ལུགས་ཀྱི་འགལ་ཟླར་གྱུར་ཏེ་བོན་ལ་དགའ་བའི་ལྷ་སྲས་རྒྱང་འབུད་གཏོང་། དམ་ཆོས་ཐོང་ཅིག་ནུབ། སླར་ཡང་ཆོས་ལ་དགའ་བའི་བློན་པོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བློན་ཆེན་མ་ཞང་དོང་ནང་ལ་གསོན་སྦས་བྱས། བྱང་སེམས་ཀྱི་རྒྱུན་བརླན་པས་བོན་གཤེན་གཡོ་རྒྱུས་རྐེ་བྲེག་པ་སོགས་བྱས། རྗེ་ཡི་མགུལ་ལྷ་དང་བརྟེན་མ་རྣམས་ནི་བོད་ལ་དགའ་ཞིང་བོན་ལ་གདུང་བ་དང་། རྒྱལ་ཁབ་གཅེས་སྐྱོང་བྱེད་པའི་མཐུ་ནུས་དང་ལྡན་པ་ཞིག་ཡིན་མོད། སློབ་དཔོན་པད་མའི་དེ་དག་གི་མཐུ་ནུས་མེད་པར་བྱས། སླར་ཡང་བོན་སྤྱོད་མི་ཆོག་པའི་བཀའ་ཁྲིམས་ཕེབས། སྔོན་དུས་ཀྱི་མཐའ་མཚམས་བརྟན་བསྲུང་བྱེད་པའི་བོན་པོ་ཚོར་དེ་དག་བསྲུང་དུ་མ་འཇུག་ནས། དེའི་ཚབ་ཏུ་བན་དྷེ་འགའ་ཞིག་བཞག་ཀྱང་། དེ་དག་གིས་བོད་ཀྱི་མཐའ་མཚམས་མང་པོ་ཕྱི་རྒྱལ་ལ་ཤོར། སླར་ཡང་བོད་ཁམས་སུ་དམག་གི་འཇིགས་སྣང་དང་། ལོ་ཉེས་ནད་རིམས་མང་དུ་བྱུང་། དེ་ནས་བོན་པོ་ཚོར་རེ་བ་ཞུས་པས། སྔར་གྱི་འཇང་ཡུལ་སོགས་མཐའ་མཚམས་ཚུར་ལོན། མཐའ་བསྲུང་གི་བོན་གཤེན་བཀོད་སྒྲིག་བྱས། འོན་ཀྱང་བོན་བསྣུབ་དགོས་པ་དེ་ཟློག་ཏུ་མེད་པའི་བཀའ་ཁྲིམས་ནི། རྒྱལ་པོས་དེ་ལྟར་བོད་ལ་གྱ་ཉེས་པའི་ནང་འཐབ་རང་བྱུང་གི་འཇིགས་སྣང་བྱུང་བ་ཤེས་མོད། རྒྱལ་པོས་ཐག་བཅད་ཟིན་པ་ཟློག་ཏུ་མེད་པ་ནི་བཀའ་ཁྲིམས་ཡོད་། བཀའ་ཁྲིམས་འདི་ནི་བོད་རྒྱལ་གྲུ་གུམ་གྱི་སྐབས་སུ་ཡང་བོད་ལ་ཡོད་ངེས་འདུག་སྟེ། སྐབས་དེར་རྒྱལ་པོས་སྨྲ་བ་ཐེངས་ཅིག་སྨྲ་ཞེས་པས་ཤེས་སྙམ།    བསམ་ཡས་ལྷ་ཁང་བཞེངས་པ་དང་། བོད་ལ་ནད་ཡམས་སོགས་བྱུང་བས་བོན་པོ་ལ་རེ་བ་སྐྱབས་སུ་ཞུས་ནས་རིག་འཛིན་སྟོང་རྒྱུང་གདན་དྲོང་། སྟོང་རྒྱུང་གིས་བརྔན་མོ་ཆེ་མཛད་དེ་བོད་བདེ་བར་བྱས། རྒྱལ་པོས་ལྐོག་ཏུ་བོན་པོ་དང་འབྲེལ་བ་བྱས་ཏེ་བོན་གཞུང་དུ་མ་ཞིག་མེ་ཆུར་མ་སྐྱོན་པར་རྒྱལ་པོའི་དཀོར་མཛོད་དུ་སྦས། རྒྱལ་པོ་ནི་བླ་དྲན་པ་དང་སྙ་ལི་ཤུའི་སློབ་མར་མཛད། རྫོགས་ཆེན་གྱི་བོན་སྡེ་དུ་མ་ཞིག་མངའ་བདག་རྗེ་ལ་གཏད་དེ་གཏེར་དུ་སྦས། དེ་ལྟར་དུ་བོད་རིགས་ནང་འཛིང་གི་འབྱུང་རྩ་ནི་བན་བོན་གཉིས་ཀྱིས་བྱས་པས་ན། ད་གཟོད་གོང་དུ་བཤད་པ་ལྟར། བོད་ལ་ཆོས་ལུགས་མི་འདྲ་བ་གཉིས་དར་བ་འདི་ནི་ཅི་འདྲའི་སྡིག་ཆེ་བ་ཞིག་མ་ཡིན་ནམ། དེ་ལྟར་རྒྱལ་པོ་འདིའི་རིང་དུ་བོན་ཆོས་གཉིས་ཐང་རེ་ནུབ་ཅིང་སླར་གཉིས་ཀ་དར་བ་ཡིན་འདུག བོན་གྱི་གཞུང་དུ་མ་ཞིག་རྩ་མེད་དུ་གྱུར་བ་དང་། མེས་པོ་གོང་མ་ཚོས་ཆབ་སྲིད་ཀྱི་ལག་ཆར་སྤྱོད་པའི་རིག་གཞུང་དུ་བ་མ་ཞིག་བོར་བརླག་ཏུ་གྱུར་ཅིང་། བོན་ལ་ཉམས་རྒུད་ཐེབ་པ་བཞིན་བོད་ལ་ཉམས་རྒུད་ཐེབ་པར་སྣང་། དེ་ནས་བཟུང་བོད་དུ་ཆོས་ལུགས་ཀྱི་རིགས་དབྱར་གྱི་རྩི་ཏོག་བཞིན་རྒྱས་ཤིང་དེ་དག་གིས་བོད་ནང་འཁྲུགས་དེ་རྒྱ་ཇེ་ཆེར་སོང་ཞིང་། བོན་གྱི་སྡེ་དགོན་དུ་མ་ཞིག་རིམ་བཞིན་རྙིང་ར་བསྒྱུར། དེ་རྗེས་དགེ་ལུགས་པའི་གྲུབ་མཐའ་བྱུང་བས་རྒྱལ་དབང་ལྔ་པས་ཐབས་སྣ་ཚོགས་ཀྱིས་བོན་གྱི་འབངས་སུ་གྱུར་པ་དུ་མ་ཞིག་ཆོམ་ལ་ཕེབས། ཟུར་བལྟས་ངོས་མཐོང་གི་དཔེ་ལྟར་བོད་བཙན་པོས་རྒྱལ་གར་གྱི་ཆོས་ལུགས་ནང་འདྲེན་བྱས་པ་དེས་མཐར་བཙན་པོའི་རྒྱལ་ཁམས་ཀྱང་རྒྱ་གར་ཆོས་པས་བྱེད་ཐབས་སྣ་ཚོགས་ཀྱིས་མཇུག་རྫོགས་པ་འདི་ནི་སྔར་རྒྱ་ནག་རྒྱལ་པོས་བོད་ཆོམ་ལ་ཕེབས་པའི་ཐབས་སུ་ཞུས་པ་དེ་བཞིན་བྱུང་འདུག་སྙམ། དེ་དག་ནི་བོད་རང་ཉིད་ཀྱི་ལུགས་གཉིས་ཀྱི་རྣམ་བཞག་ཇི་ལྟར་ཉམས་པའི་ཚུལ་ཙམ་བརྗོད་པའོ།།                                                      
Re:བོད་དང་བོན། | 2013/3/30 9:58:24
boncuteརྒྱལ་ལོ་རྒྱལ་ལོ། དཀྱེལ་ཡངས་དང་རྟོགས་སད་ཀྱི་བསམ་བློ་ངར་མ་ཞིག་ཡིན་ས་རེད། གངས་ཐིག་གིས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.