ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐ་སྙད་ཀྱི་རོལ་རྩེད།  | 2012/7/30 15:02:00

        ཐ་སྙད་ཀྱི་རོལ་རྩེད། ༼ཀ

དེ་ཡང་ཁ་བ་བོད་པའི་བླ་སྲོག་ཅེས་གྲགས་པའི་སྐད་ཀྱི་རིག་པ་འདི་ཉིད་ལུགས་གཉིས་ཀྱི་མཛའ་གཤེས་སུ་བཞེངས་པ་ནས།

ཡི་གེའི་ཐོག་ཏུ་གཏིམ་སྟེ་བརྡ་སྤྲོད་པའི་གཞུང་ལའང་། སུམ་རྟགས་དག་གསུམ་ཞེས་སྡེ་ཚན་ཆེན་པོ་གསུམ་དུ་དབྱེ་བར་གྲགས་ཤིང་། ཚིག་འཕྲད་ཀྱི་སྐོར་ནས་སུམ་ཅུ་པའི་གཞུང་དང་། བྱ་བའི་སྐོར་གྱི་རྣམ་བཞག་ལས་རྟགས་ཀྱི་འཇུག་པ་དང་། མིང་གི་སྐོར་གྱི་རྣམ་བཞག་ལས་དག་ཡིག་ཅེས་པའི་སྐོར་དེ་དག་བྱུང་པ་དང་། སུམ་རྟགས་དག་གསུམ་གྱི་རྣམ་བཞག་དེ་ཉིད་བོད་རྒྱལ་སྲོང་བཙན་གྱི་སྐབས་སུ་མཛངས་བློན་ཐོན་མིའི་རྣམ་དཔྱོད་རྩལ་ལས་འཁྲུངས་པར་བཞེད་པ་དང་། བོད་རྒྱལ་གྲུ་གུམ་གྱི་དུས་སུའང་བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་དེ་དག་ཡོད་པར་འདོད་པ་སོགས་སྣ་མང་ཞིག་ཡོད་ནའང་། འདིར་ད་ལན་ཁོའི་གནའ་བོའི་བོད་ཡིག་གི་ཉམས་འགྲོས་ལས། ད་ཆར་ཡིག་རིས་འགའ་ཞིག་ཞུས་དག་བྱེད་ཚུལ་ལས་ཅུང་ཙམ་སྨྲ་བར་མོས། བོན་གྱི་དཔེ་ཆ་མ་རྒྱུད་དང་། བསེན་ཐུབ་ཁྲོ་རྒྱུད། མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་སོགས་ལས་ཡི་གེའི་སྐོར་འགའ་ཞིག་བྱུང་ཞིང་། དེ་དག་ལས་རིན་ཆེན་ཕྲེང་རྒྱུད་ལས་མིང་གཞིའི་སྐོར་འགའ་ཞིག་བྱུང་བ་ནི་གཞུང་དེ་ཉིད་ལས། རྗེས་འཇུག་འབྲི་དང་ཀློག་པ་ལ། དག་བྱེད་སྒྲ་ཡི་ངེས་པ་གསུངས། །ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། །མ་འཁྱིལ་ཡ་སྟ་ཐོབ་བྱེད་བདུན། །ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཤྲ་ཧྲ། ར་སྟ་ཐོབ་བྱེད་བཅུ་གཉིས་སོ། །རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྤ་རྦ་རྨ་རྩ་རྫ་རླ། ར་མགོ་ཐོབ་པ་བཅུ་བཞིའོ། །སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ། ས་མགོ་ཐོབ་པ་བཅུ་གཉིས་སོ། །ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་བླ་ལྷ། ལ་མགོ་ཐོབ་པའི་ཡི་གེ་བཅུ། །མི་འཕྱུག་ངེས་པར་ཐིམས་སུ་བསྟན། །སྒྲ་ཡི་ཐང་ལོག་རྣམ་པ་རྣམས། །འདྲ་ལ་མི་མཉམ་ཁྱད་པར་ཆེ། །ས་འོག་ཀླུ་དང་ཁ་ཡི་གླུ། །བཙོན་ནོར་བླུ་དང་ལྷགས་པའི་རླུང་། །བྱམས་པའི་གཉེན་དང་རྫས་མཉེད་མཉེན། །ད་གཟོད་གཅད་དང་སྔོན་དུ་བཅད། །གཏམ་སོགས་བཟླ་དང་ནམ་མཁའི་ཟླ། །མ་བཅོལ་གཏོགས་དང་ཤེས་ཤིང་རྟོགས། །མཆོད་པའི་གདུགས་དང་མ་ཁུགས་རྡུགས། །དྲི་མནམ་མེ་དང་ནམ་མཁའི་གནམ། །མདའ་བརྡེག་གཞུ་དང་འཁྱགས་པ་བཞུ། །སྟེང་གི་གཟའ་དང་ཁ་ཡིས་བཟའ། །ཞལ་ནས་གསུངས་དང་དྲི་ཞིམ་བསྲུང་། །སེམས་ཀྱི་དགའ་དང་འཁོགས་པའི་རྒས། །ས་ཕྱོགས་དམའ་དང་ལུས་ཀྱི་རྨ། །བྱིན་གྱིས་རླབས་དང་ཆུ་དར་རླབས། །བྲོ་དོར་མནའ་དང་གདོད་མའི་གནའ། །ཕོངས་པའི་དབུལ་དང་ཞབས་ཏོག་དབུལ། །ཚོན་རྩི་མཚལ་དང་མི་འདོད་འཚལ། །བྱ་བྱེད་མཛད་དང་ཡོ་བྱད་འཛད། །གདོད་མའི་སྔོན་དང་འདས་པའི་སྔུན། །བདེན་པར་ངེས་དང་འཁྲུལ་ན་ཉེས། །བོན་གྱི་ཕྲེང་དང་སེམས་འཕྲེང་བ། །གཅོད་པའི་གྲི་དང་སྣོམ་པའི་དྲི། །རྒྱ་མཚོའི་གྲུ་དང་ཕུགས་ཀྱི་དྲུ། །སེམས་ཉིད་དྲང་དང་ཆུ་རླུང་གྲང་། །འབྲུ་ཡི་གྲོ་དང་ཉི་མའི་དྲོ། །སྔར་དུ་གྱུར་དང་ད་གཟོད་འགྱུར། །གོ་བྱེ་བརྡ་དང་རོ་ཞིམ་བདའ། །ཁ་དོག་དཀར་དང་ཕར་ལ་བཀར། །རིན་ཆེན་དངུལ་དང་ལུས་ཀྱི་རྔུལ། །དཔོན་གྱི་རྗེ་དང་ལུས་ཀྱི་དགྱེ། །གྲངས་ཀྱི་དགུ་དང་ལུས་དབྱིབས་སྒུར། །འོག་གི་ས་དང་ཁ་ཡི་སྭོ། །རྗེས་འཇུག་ཡི་གེ་རྣམ་བཅུ་ནི། །གག་དང་ངང་དང་བྱུང་ངོ་དང་། །འདུས་ཏེ་སྒྱུ་མ་སྨྲིག་རྒྱུའོ། །བྲག་ཅ་གོ་ཆ་མར་མེ་ཏོག །གདུགས་དང་བདུག་པ་རྡུགས་པའོ། །ཞེས་སོགས་གསུངས་ཤིང་། གཞུང་ལུགས་འདིར་བསམ་ན་དག་ཡིག་གི་སྐོར་དེ་ཡང་གནའ་སྔ་མོ་ཞིག་ནས་ཡོད་པའང་བོན་པོས་ཀྱང་འདོད་དགོས་པར་སྙམ། དེ་ཡང་ཡིག་གཟུགས་ཀྱི་ཆ་ནས་བཤད་ན་ཟོལ་ཡང་བ་དང་། བརྗོད་དོན་སྟོན་པར་བྱེད་པའི་སྒྲ་གདངས་ཐོན་པ་བཅས་ཡིན་ཞིང་། སྒྲ་གདངས་ཕན་ཚུན་མི་འདྲེ་བའམ་གཟུགས་མི་འདྲ་བ་མཚོན་བྱེད་དུ། མི་འགྱུར་བའི་རྟག་པ་དང་། མཚོན་བྱེད་ཀྱི་རྟགས་ལྟ་བུའི་ས་དང་། མིང་གཞི་དང་སྔོན་འཇུག་མི་ནོར་བའི་ཕྱིར་དུ་རི་དྭགས་ལྟ་བུའི་འ་ཟུར་དང་། དེ་བཞིན་མིང་ཚིག་དང་བྱ་ཚིག་མི་འདྲེས་པར་གསུང་དང་གསུངས་ལྟ་བུའི་རིགས་མང་བ་ནི་བསྡུས་དང་ཟུར་ཆགས་རབ་ཏུ་མང་བར་བཤད་དོ། །དེ་ཡང་དགུ་འདི་ལྟ་བུ་ཞིག་དང་རྒུ་འདི་ལྟ་བུ་ཞིག་མཐོང་ཚེ་འགྲེལ་བྱེད་མཁན་དུ་མ་ཞིག་གིས་ཀྱང་། སྔ་མ་ནི་གྲངས་ཀ་དགུ་ཐམ་པའི་དོན་ཡིན་ཞིང་། ཕྱི་མ་ནི་དགུར་མ་ངེས་པར་གྲངས་མང་བའི་དོན་ཡིན་ཞེས་འགྲེལ་ཞིང་། དེ་ཡང་སྔོན་ཆད་དགུ་དང་རྒུ་གཉིས་འདྲ་མ་འདྲེས་སུ་འབྲི་ཞིང་ཕྱིས་སུ་མཁས་པ་རྣམས་ཀྱིས་དགུ་འདི་ནི་དགུ་ཐམ་པ་གྲངས་ངེས་པའི་དོན་དང་། ཕྱི་མ་རྒུ་ནི་དུ་མ་ཞེས་པ་དང་འདྲ་མཉམ་དུ་ཐག་བཅད་པ་ལྟ་བུ་ཐོས་ཤིང་། སྐྱེ་དགུ་ཞེས་པ་འདི་འདྲ་ཞིག་ལ་འདོད་ཁམས་ནས་འདོད་ཁམས་སུ་སྐྱེ་བ་དང་། འདོད་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་དང་། འདོད་ཁམས་ནས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་སྟེ་གསུམ་དང་། དེ་བཞིན་གཟུགས་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་དང་། གཟུགས་ཁམས་ནས་འདོད་ཁམས་སུ་སྐྱེ་བ་དང་། གཟུགས་ཁམས་ནས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བཅས་གསུམ། གཟུགས་མེད་ཁམས་ནས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་དང་། གཟུགས་མེད་པའི་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་དང་། གཟུགས་མེད་པའི་ཁམས་ནས་འདོད་པའི་ཁམས་སུ་སྐྱེ་བ་བཅས་དགུ་ཡིན་ཞེས་པ་དང་། སྐྱེ་རྒུ་འདི་འདྲ་ཞིག་མཐོང་ཚེ་སྐྱེ་བ་ཐོག་མ་མེད་པ་ནས་ཞེས་པ་ལྟ་བུའི་གྲངས་མེད་པར་འཁོར་བར་སྐྱེས་པའི་དོན་ཡིན་གསུངས་སྲོལ་ཡོད། ང་ཚོས་གནའ་རབས་ཡིག་རྙིང་རྣམ་རིམ་པར་ཀློག་ཚེ་འདི་ལྟར་མཐོང་སྟེ། རྔོས་གྲུབ་སྩོལ་ལྟ་བུའམ། །མཁས་རྩུན་བཟང་གསུམ་ལྟ་བུ། དེ་བཞིན་རྒ་སྤྲོ་ཆེ། འགྲུབ་པར་རྐ། རྨིགས་སུ་མེད། ཚངས་པ་རྩུག་ཕུད་ལྟ་བུ་ཡིན་ཞིང་། འདི་དག་མཐོང་ཚེ་ཕལ་གྱིས་རྔོས་གྲུབ་ལྟ་བུ་དངོས་ལྟར་བཅོས་པར་ངེས་ཤིང་། དོན་དངོས་ཐོག་རྩུན་ལྟ་བུའི་ཡིག་ཟོལ་བཙུན་ལྟ་བུ་ལས་ཡང་པ་དང་། དངོས་ཞེས་པའང་རྔོས་འདི་ཟོལ་ཡང་བ་ཡིན། འོན་ཀྱང་དེ་ལྟ་བུའི་བསམ་ཤེས་མེད་པའི་ཞུས་དག་པ་རེ་འགས་ཧམ་ཤེད་ཀྱིས་བཅོས་པ་ནི་ཆེས་ནོར་འཁྲུལ་རེད་སྙམ། །འོན་ཏེ་གསེར་དངུལ་ཞེས་པ་ལ་འདི་རྔུལ་བྲིས་ན་ནོར་ཆ་ཆེ་བ་དང་། དངོས་གྲུབ་ལྟ་བུ་ལ་ཚིག་གྲོགས་ཀྱི་དབང་གིས་རྔོས་གྲུབ་སྩོལ་ཞེས་བྲིས་ན་སྐྱོན་མི་འདུག་སྙམ། དེ་བཞིན་བོད་མའི་ཁ་སྐད་འགར་བྲག་ལ་བག་ཅེས་པ་དང་། སྐྲག་ལ་སྲག་ཅེས་པ་དང་། མྱི་ལ་མི་དང་། མྱེ་ལ་མེ། སྐྲ་ལ་སྲ། སྤྲད་ལ་སྤད། ས་བོན་ལ་སོན་སོགས་ཡོད་ཅིང་། བྲག་རི་དང་བག་རི་ཞེས་གང་བརྗོད་ཀྱང་ཁྱད་མེད་ལ། སྤྱིར་ན་བོད་ཀྱི་ཡུལ་གྲུ་ཕལ་གྱི་སྐད་འདི་ཡང་དག་པར་གོ་བ་ན་དེ་ལས་ལྷག་པའི་དག་ཡིག་ཅིག་ཀྱང་མེད་ལ། མདོ་དབུས་ཁམས་གསུམ་གྱི་སྐད་གཉིས་སྨྲ་བ་ཞིག་མིན་ཚེ་ད་གཟོད་སྐད་འདི་ནི་མ་དག་གོ་ཞེས་སྨྲ་བ་ནི་ཅོལ་ཆུང་ལས་མ་འདས་སོ། །ལྷག་དུ་མདོ་དབུས་མཐོ་སྒང་གང་སར་ནས་འོང་པའི་སློབ་མ་དག་ལ་བོད་སྐྱི་སྒྲ་རིག་པ་སློབ་ཁྲིད་བྱེད་མཁས་ཞིག་ཡིན་ན་སྐད་དེ་དག་ལ་བག་ཆགས་ཅུང་ཟད་རེ་མེད་ན། སློབ་མ་དུ་མ་ཞིག་དོན་མེད་ཀྱིས་ཉི་མ་འཆོར་ཉན་ཆེ། དེ་ནས་དཔེ་བསྐྲུན་ཀྱི་ལས་དོན་གཉེར་མཁན་དག་གིས་ཀྱང་ཡིག་ཟོལ་ཡང་མིན། བརྡ་སྤྲོད་པའི་འགྲོས་དང་མཐུན་མིན། དཔེ་དེ་ཉིད་དང་མཚམས་པའི་ཐ་སྙད་དག་ལ་བསམ་གཞིག་ནན་པོར་བྱ་དགོས་པ་ལས། བཅོས་དྲགས་ནའང་དོན་མེད་ཀྱི་ལས་ཀར་འགྱུར་འདུག་སྙམ།།

དཔེ་རྒན་འགའ་ཀློག་སྐབས་སུ་ཀོ་རྒྱལ་བཤད་གྲྭར་བྲིས།།

Re:ཐ་སྙད་ཀྱི་རོལ་རྩེད། | 2012/7/30 21:12:29
སྐུ་མགྲོན་u05Ctg(སྐུ་མགྲོན)དངོས་ནས་ཡག་པོ་རེད། བོན་ནག་ཚང་ནས།
རྩོམ་པ་པོ།:སྐུ་མགྲོན་u05Ctg(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐ་སྙད་ཀྱི་རོལ་རྩེད། | 2012/7/30 23:37:14
yungdrunབརྩེ་བའི་མཆེད་རྙིང་སྐུ་ཁམས་བཟང་། ལྗགས་རྩོམ་ཡག་པོ་བྲིས་བཞག་ཐུགས་རྗེ་ཆེ། མུ་འཐུད་དེ་མཇལ་ཡོང་།
Re:ཐ་སྙད་ཀྱི་རོལ་རྩེད། | 2012/8/6 16:28:12
སྐུ་མགྲོན་I41Pgt(སྐུ་མགྲོན)རྒྱབ་སྐྱོར་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ། ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་I41Pgt(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐ་སྙད་ཀྱི་རོལ་རྩེད། | 2012/8/28 13:58:24
yountenགྲོགས་མཆེད་ལགས། སྐུ་ཁམས་བཟང་། སློབ་ཞོར་དུ་གནད་ལ་སྨིན་པའི་ལྗགས་རྩོམ་འདི་འདྲ་སྤེལ་བར་རྣམ་པ་ཀུན་ཏུ་ཡི་རང་ཞུ། གྲོགས་རྙིང་ཀུ་ས་ལི་ཞེས་པས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.