ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཆི་བ་མི་རྟག་པའི་མཐོང་སྣང་ཤར་ཚུལ་འགའ།  | 2011/8/8 17:34:00

འཆི་བ་མི་རྟག་པའི་མཐོང་སྣང་ཤར་ཚུལ་འགའ།

འོ་ཅག་ཟག་བཅས་ཀྱི་ཕུང་པོ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་བ་གྲུབ་པའི་ཚེ་ན། འབྱུང་བ་རྣམ་པ་ལྔ་ལ་བརྟེན་ནས་གྲུབ་ཅིང་། འཇིག་པའི་ཚེ་ཡང་འབྱུང་བའི་ནུས་པ་ཟད་ཅིང་འབྱུང་བ་རྣམ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཆད་ནས་ཕུང་པོའི་ནུས་སྟོབས་ཉམས་ཏེ་རིམ་བཞིན་འཆི་བའི་གོ་རིམ་དེ་འགྲུབ་འགྲོ་བ་ཡིན། དེ་ཡང་དོན་ལྔ་ལ་འབྱུང་བ་ལྔས་རྟེན་བཅས་ཤིང་འབྱུང་ལྔའི་དྭངས་མ་ལས་དབང་པོ་ལྔར་དོད་པའོ། འབྱུང་བ་ནམ་མཁའ་ནི་ཕུང་པོ་སྤྱི་ལ་ཁྱབ་ཅིང་རྟེན་སྙིང་དུ་བཅས། སྒོ་མིག་ལ་དོད་པ་དང་། འབྱུང་བ་རླུང་ཡང་ཕུང་པོ་སྤྱིར་ཁྱབ་ཅིང་། རྟེན་གློ་བར་བཅས། སྒོ་སྣ་ལ་དོད། འབྱུང་བ་མེས་སྤྱིར་ཁྱབ་ཅིང་རྟེན་མཆིན་པར་བཅས། སྒོ་ལྕེ་ལ་དོད། འབྱུང་བ་ཆུས་སྤྱིར་ཁྱབ་ཅིང་། རྟེན་མཁལ་མར་བཅས། སྒོ་རྣ་བ་ལ་དོད། འབྱུང་བ་སས་ཕུང་པོ་སྤྱིར་ཁྱབ་ཅིང་། རྟེན་མཚེར་པར་བཅས། སྒོ་བར་སྤུའི་བུ་གའམ་ལུས་དབང་བྱ་ན་ཆུང་གི་སྤུ་གཤིབ་པ་ལྟ་བུ་ལ་དོད་དོ། །འབྱུང་བ་དེ་ལྔའི་ནུས་པའི་རླུང་གིས་ལུས་ཀྱི་ཡན་ལག་དང་རྩ་སྒོ་རྣམས་གསལ་ཏེ་དེ་དག་ལས་ཁྲག་རླུང་ཐིག་ལེ་རྣམ་རྒྱུ་ཞིང་། རྒྱུ་བ་སྙོམ་ཚེ་གང་ཟག་དེ་ཉིད་བདེ་ཐང་ཡིན་པ་དང་། རྒྱུ་བ་མི་སྙོམས་པའམ་འཆོལ་ཚེ་ད་གཟོད་ཕུང་པོའི་ཁམས་རྣམས་མི་བདེ་བ་བཅས་ཡིན། སྒོ་ལྔའི་རྩ་རྣམས་ཀྱང་འབྱུང་བ་རང་རང་གི་རྟེན་གྱི་དོན་ལས་གྱེས་སོ། །དབང་པོ་ལྔའི་རྟེན་དོན་ལྔའི་སྙིག་མའི་རླུང་ལྔས་སྒོ་ཕྱེས་པས་སྣོད་དྲུག་ཆགས་པ་སོགས་འབྱུང་ལྔའི་སྟོབས་ལས་ལུས་ཡོངས་སུ་ཚང་བར་གྲུབ་ཅིང་། རྐང་ལག་གི་མཛུབ་མོ་ཆད་ལྷག་དབང་པོ་ཚང་མིན་འབྱུང་བ་དེ་དག་གི་སྟོབས་རྫོགས་མིན་ལས་བྱུང་ཞིང་། འབྱུང་བའི་སྟོབས་ཆེས་ཆེ་བ་རྫོགས་པ་རྣམས་ལ་ལུས་ཀྱི་རྩ་ཕྲན་ལྷག་མ་མང་དུ་ཡོད་ཅིང་། དེར་ཁྲག་རླུང་རྒྱུ་བ་མང་བས་ལུས་ཀྱི་སྟོབས་ཆེ་རིག་པ་གསལ་ལ་རྩ་རླུང་གི་གནད་ཀྱང་མང་བའོ། །འབྱུང་བའི་སྟོབས་ཞན་པ་དཔེར་ན་རྒྱུན་པར་ཆམ་ནད་སོགས་ནད་རིགས་འགོས་སླ་བའི་འགྲོ་བ་རྣམས་ཀྱི་རྩ་ཉུང་བ་དང་། རླུང་གི་འགུལ་བསྐྱོད་ཞན་པ་སོགས་ཀྱིས་ཡིན་པར་བཤད་དོ་སྙམ། དོན་ལྔའི་དང་པོ་སྙིང་ཆགས་སྔ་ཞིང་། འབྱུང་བ་ལས་ནམ་མཁའ་དང་། དབང་པོ་ལས་མིག་དབང་ཆགས་སྔ་བ་ཡིན། དེ་ནས་རླུང་དང་གློ་བ་སྣ་བཅས་ཆག་པ་དང་།  དེ་རྗེས་མེ་དང་མཆིན་པ་ལྕེ་བཅས་ཆགས། དེ་རྗེས་ཆུ་དང་མཁལ་མ་རྣ་བ་བཅས་ཆགས། དེ་རྗེས་ས་དང་མཚེར་པ་ལུས་དབང་བཅས་གྲུབ་ནས་འབྱུང་བ་དང་དབང་པོ་དོན་ལྔ་བཅས་ཚང་པར་གྲུབ། དོན་ལྔའི་འབྱུང་བའི་སྟོབས་ཀྱི་རླུང་ལས་སྣོད་རྣམ་ཆགས་ཤིང་། རླུང་གིས་བཅུད་དྲི་ཆེན་དྲི་ཆུ་ཤ་ཆེན་ཁྲག་སོགས་འདེད་པར་བྱེད་པ་སོགས་ནས་རིམ་བཞིན་ལུས་ཀྱི་ཆ་ཡོངས་སུ་རྫོགས་པར་གྲུབ་པར་བྱེད་པའོ།།  དེ་ལྟར་ཟག་བཅས་ཀྱི་ཕུང་པོ་འདི་ཉིད་འབྱུངང་བ་དེ་དག་ལས་གྲུབ་ཅིང་ཕུང་པོའི་འབྱུང་་བ་རྣམ་ཆ་སྙོམས་པའམ་རང་རང་གི་ལམ་ནས་འཆོལ་མེད་དུ་རྒྱུ་ཚེ་ལུས་བདེ་བ་དང་། ལྷག་ཏུ་ལུས་ཀྱི་གྲུབ་ཆའི་རྩ་རླུང་གི་རྣམ་བཞག་ལ་རབ་ཏུ་མཁས་ཚེ་དེ་དག་གི་དེ་དག་ལ་བསྒྱུར་བཅོས་སྣ་ཚོགས་བྱེད་ནུས་ཤིང་། དེའི་རང་གི་ཕུང་པོ་ལ་བདེ་ཐང་གི་འཁོར་ཡུག་བཟང་པོ་ཞིག་བསྐྲུན་གྱི་ཡོད་པ་ཡིན། དེ་ནས་འཇིག་པ་ལ་འབྱུང་བ་བསྡུས་པ་དང་འཇིག་པ་གཉིས་སུ་ཡོད་ཅིང་། བསྡུས་པ་ནི་གོང་བཤད་ལྟར་རླུང་གིས་ལུས་སྤྱིར་ཁྱབ་པར་གནས་པ་དེ་ཉིད་རིམ་བཞིན་ལུས་མཐའ་སྟེ་རྐང་ལག་གི་རྩེ་ནས་ཟད་པའམ་བསྡུས་ནས་གློ་བར་འདུས་པར་གྱུར་པ་སོགས་ཕུང་པོ་སྤྱིར་ཁྱབ་པའི་འབྱུང་བ་རྣམ་བསྡུས་ནས་རང་རང་གི་རྟེན་དོན་ལྔ་ཁོ་ནར་གནས་པར་འགྱུར། དེ་རྗེས་འབྱུང་བ་ཞིག་ཚེ་རང་རང་གི་རྟེན་དོན་ལྔའི་ནུས་པ་ཟད་ནས་འབྱུང་བ་རྣམ་གྱི་རྟེན་གཞི་མེད་སོང་བས་ན་འབྱུང་བ་རྣམ་རང་རང་གི་ལུས་ཕུང་ལས་བྲལ་འགྲོ་བ་རེད། དེ་ཡང་བསྡུ་བའི་ན་ཕྱི་ལུས་གྱི་རྣམ་འགྱུར་དམ་ནད་རྟགས་དང་། ནང་སེམས་ཀྱི་འཆར་སྣང་ངམ་ཚོར་སྣང་རྣམས་འབྱུང་བ་རང་རང་ལ་ཚུལ་རེ་ཡོད་པ་དང་། འཇིག་པའི་ཚེ་ནའང་དེ་བཞིན་ཡོད་ལ། འབྱུང་བ་རྣམས་ཐོག་མར་བསྡུ། དེ་ནས་འཇིག་འགྲོ་བ་བཅས་རེད། འོན་ཀྱང་གློ་བུར་དུ་འཆི་བ་དང་། དོན་ལྔ་ནད་ཀྱིས་ཡིན་རིང་མནར་ནས་འཆི་བ་རྣམས་ལ་ནད་རྟགས་དེ་དག་མངོན་གསལ་དོད་པོ་ཡེ་མེད་པ་དང་། ལ་ལ་ཕྱི་དབུག་ཆད་ནས་བསྡུ་བ་དང་། རེ་འགའ་ནང་དབུག་ཆད་ནས་བསྡུ་ཞིང་འཇིག་པ་སོགས་སྣ་ཚོགས་སུ་གསུངས་སོ། །དེ་ཡང་འཇིག་པའི་གོ་རིམ་ལ་ཆགས་ཚེ་ནམ་མཁའ་ནས་ས་ལ་ཐུག་གི་བར་ཆགས་པ་དང་། འཇིག་ཚེ་ས་ནས་ནམ་མཁའ་ལ་ཐུག་པར་འཇིག་པ་ཡིན་ལ་དེ་ཡང་འཇིག་སྣང་དང་བསྡུས་སྣང་གཉིས་ཀ་ལྷན་དུ་བཤད་དེ། ཐོག་མར་སའི་འབྱུང་བ་བསྡུས་ཤིང་འཇིག་ཚེ་ཐོག་མར་ཆུ་ལས་བྱུང་བ་ལྟར་འདིར་ཆུ་ལ་ཐིམ་ཞིང་མཚེར་པ་སའི་ཁམས་ཉམས་པ་དང་། དེའི་ཚེ་གང་ཟག་དེའི་ཕྱི་ལུས་ཀྱི་རྣམ་པ་ལ་ལུས་འགུལ་དུ་མེད་པར་འགྱུར་བ་དང་། གང་ཟག་རང་ཉིད་ཀྱི་སྣང་བར་ལྗིད་ཚན་པོ་ཆེས་མནོན་པའི་སྣང་བ་འབྱུང་ཞིང་། སྐད་ཅིག་བདུན་རེར་སྔར་ལས་ཇེ་ལྕི་རུ་འགྲོ་བ་དང་། རང་ཉིད་སའི་ནང་དུ་ནུབ་པར་འགྲོ་བའི་སྣང་བ་དང་། གཞན་སེམས་ཀྱི་སྣང་བར་སྨིག་སྒྱུ་གཡོ་འགུལ་ལྟར་གྱ་གྱུར་སྣང་ཞིང་། ལུས་མར་ལྷུང་བའི་སྣང་བ་འབྱུང་བས་ཡར་ཐེག་ཤོག་ཟེར་བ་འབྱུང་། དྲི་ངན་པ་འཐུལ་བ། མཆུ་ཐུང་ངུར་གྱུར་ནས་རྣིལ་མཐོང་བར་འགྱུར།  སྐབས་དེར་བླ་མ་དགེ་བའི་བཤེས་དང་། དྲིན་ཅན་ཕ་མ་གྲོགས་པོ་སོགས་ཅི་རིགས་ཀྱིས་དེ་དག་ཁྱོད་ཀྱི་ལུས་ཀྱི་འབྱུང་བ་ས་འཇིག་པ་དང་། ཤའི་ནུས་པ་ཟད་འགྲོ་བའི་རྟགས་ཡིན་པ་ལས་ལྷུང་བ་སོགས་མིན་པར་ངོ་སྤྲད་དགོས། དེའི་དུས་སུ་སྙིང་གི་མདུན་ངོས་སུ་གཏི་མུག་གི་རྩ་ལས་ས་དྭངས་མ་འོད་སེར་ལམ་ལམ་དུ་འཆར་རོ།། དེ་ནས་ཆུ་མེར་ཐིམ་ཞིང་ཆུ་བསྡུ་འཇིག་གི་སྐབས་སུ་དྲི་ཆུ་སྡོམ་ནི་ཤེས་ཤིང་དྲི་ཆུ་ཤོར་བ་དང་། ཁ་སྣའི་རློན་ཞག་ཡལ་ཏེ་སྐམ་ཐག་སེ་འགྱུར། སྐེམ་དད་སྐྱེ། རྣ་བའི་རྩེ་མོ་ནང་དུ་ཞུམ་ཞིང་། སྒྲ་འཆལ་བར་ཐོས། ལུས་ཀྱི་བཀྲག་མདངས་ཡལ་ཏེ་རོ་མདོག་དོད་དོ། །དེའི་དུས་སུ་སྙིང་གི་གཡས་ངོས་ཀྱི་ཕྲག་དོག་རྒྱུ་བའི་རྩ་ལས་འོད་སྔོན་པོ་ཞིག་ཤེས་པ་ལ་འཆར། སྣང་རྟགས་སུ་སྐྱ་རེངས་ཤར་བ་ལྟ་བུའི་སྣང་བ་འཆར་རོ།། དེ་རྗེས་མེ་རླུང་ལ་ཐིམ་པ་དང་མེ་འཇིག་དུས་སུ། ལུས་ཀྱི་དྲོད་ཡལ་སྟེ་རྐང་པ་གྲང་སྟེ་སྲོས་ཀྱང་མི་དྲོས། ང་འཁྱགས་སོ་ཞེས་སོགས་ཟེར། དེ་ནས་མཆིན་པ་མེའི་ཁམས་ཉམས་ནས་སྨྲ་ཡང་མི་ཤེས། མིག་མི་གསལ། ལྕེ་འདྲིལ་བའམ་ཐུང་ངུར་འགྱུར། ནང་རྟགས་སུ་ཁྲ་ཆེམ་ཆེམ་གྱི་སྣང་བའམ་སྲིན་བུ་མེ་འཁྱེར་ལྟ་བུའི་སྣང་བ་འཆར། སྙིང་གི་རྒྱབ་ཕྱོགས་སུ་འདོད་ཆགས་ཀྱི་རྩ་ལས་འོད་དམར་པོ་ཞིག་སེམས་ལ་འཆར་རོ།།

དེ་རྗེས་རླུང་ནམ་མཁར་ཐིམ་པ་དང་འཇིག་པའི་ཚེ། ལུས་ལ་བསྔངས་པའི་རྣམ་པ་འདར་རྒྱུག་བྱེད། འཇུ་ས་འཚོལ་བ་ལྟར་ལག་པས་ཉུག་ཉུག་བྱེད། སྣས་དྲི་མི་ཚོར་བ་དང་། སྣ་མཁལ་རྡིབ། དབུགས་རིང་འབྱིན། སྙིང་གཡོན་ང་རྒྱལ་གྱི་རྩ་ལས་འོད་དམར་ལྗང་ཞིག་ཤེས་པ་ལ་འཆར། དེ་ནས་མིག་གྱེན་ལ་ཟློག་ཅིང་བཙུམ་མི་ཤེས། ཞེ་སྡང་གི་རྩ་ལས་འོད་མཐིང་ཀ་ཞིག་ཀྱང་འཆར། དེ་ནས་སླར་ཡང་མིག་ལམ་དུ་ཟེར་གཞའ་ཚོན་སྣ་ལྔ་ལྟར་འཆར། རྣ་བར་སྒྲ་འུར་རླབས་ཆེན་པོར་གྲག རླུང་ཞིག་པའི་སྟོབས་ཀྱིས་ལུས་རྩ་ཕྲན་ན་གནས་པའི་ཁྲག་རྣམས་སྙིང་ནང་དུ་འདུས། སྙིང་ནང་ཁྲག་ཐིག་གསུམ་ལྷུང་བས་སྣང་བར་ཁྲག་ཆར་འབབ་པའི་སྣང་བར་འཆར། དེ་ནས་ཧ་ཟེར་ཏེ་ཕྱི་དབུག་ཆད་དོ། །དེ་ནས་སྣང་མཆེད་ཐོབ་གསུམ་འབྱུང་ཞིང་། ཉེར་ཐོབ་ཀྱི་སྐབས་ཐ་མལ་གྱི་གང་ཟག་རྣམ་དྲན་མེད་བརྒྱལ་བ་ཡིན། དེ་རྗེས་རིག་པ་སྔར་ལས་དགུ་འགྱུར་གྱིས་གསལ་བ་དང་། རླུང་རགས་པ་ཆད་པས་སེམས་གནས་ཆ་དང་ལྡན་པ། སྒྲིམ་མེད་རང་འབྱུང་གི་ཡེ་ཤེས་མངོན་དུ་ཤར་བའོ། སྐབས་འདིར་ནང་དབུག་ཆད་འགྲོ་བས་རྟགས་སུ་གཤིན་དྲི་ངན་པར་འཐུལ། དེ་ནས་བོན་ཉིད་ཀྱི་བར་དོའི་སྣང་བ་རྣམས་ཤར་བའོ། རྣམ་ཤེས་དྲོད་དང་འགྲོགས་ནས་འགྲོ། རྣམ་ཤེས་ལུས་ཆ་གང་ནས་འཕོ་བའི་རྟགས་སུ། ལུས་དྲོད་བསྡུ་སྐབས་སུ་རྣམས་ཤེས་བསྡུ་གནས་དེ་ན་དྲོད་ལྷག་པར་འཕྱུར་བ་ཡིན་ལ་དེ་ནས་རྣམ་ཤེས་འཕོ་བར་བཤད་དོ། །དེ་རྣམ་ཤེས་ལུས་ཀྱི་སྨད་ནས་ཡལ་ན་ངན་སོང་དུ་སྐྱེ། རྣམ་ཤེས་ལུས་ཀྱི་སྟོད་ནས་ཡལ་ན་མཐོ་རིས་སུ་སྐྱེ་བར་གསུངས། དེ་དག་གསོན་པོ་རྣམས་ཀྱིས་ངན་སོང་དོང་སྤྲུག་གི་སྙིང་པོ་བཟླས་ཏེ་སྨད་ནས་རིམ་བཞིན་དྲོད་སྤྱི་བོར་བསྡུ་རུ་འཇུག་པ་དང་། གོང་བཤད་ལྟར་འབྱུང་བའི་བསྡུ་ཚུལ་དང་། འབྱུང་བ་བསྡུ་བའི་སྣང་བ་དེ་དག་འབྱུང་བ་བསྡུ་བའི་སྣང་བ་རུ་ངོ་སྤྲད་དེ་འཇིག་སྣང་ཡལ་དུ་འཇུག སྐབས་དེར་ཆགས་སྡང་གི་གཏམ་སོགས་གཤིན་ཡུལ་དུ་འགྲོ་བཞིན་པའི་གང་ཟག་དེར་ཐོས་སུ་མི་འཇུག བར་དོའི་འཆར་ཚུལ་དང་སྣང་ཚུལ་རྣམ་ངོ་ཤེས་ཚེ་རབ་མངོན་སངས་རྒྱས་པ་དང་། འབྲིང་ལུས་མཆོག་ཏུ་གྱུར་པར་སྐྱེ། ཐ་མའང་བདེ་འགྲོར་སྐྱེ་བར་འགྱུར་བས། སྐབས་དེའི་འཆི་བ་ངོ་ཤེས་ན་བསྐལ་པ་དུ་མར་བསགས་པའི་དགེ་བ་དུས་ཐུང་ངུ་དེའི་ནང་དུ་འགྲུབ་ཐུབ་པ་དང་། གནས་ལུགས་ལ་ཉམས་མྱོང་ཅུང་ཟད་རེ་ཡོད་ཚེ་ཡང་འཆི་བའི་སྐབས་ཀྱི་གནས་ལུགས་རང་བཞིན་གྱིས་མཐོང་བ་དང་སྔར་རང་ཉིད་ཀྱི་ཉམས་མྱོང་གཉིས་མ་བུ་འདྲེས་ཏེ་སངས་རྒྱས་པར་བྱེད་པས་ན། འདའ་དགའ་འཆི་བྲོད་ཅེས་པའང་ཅིས་མ་བདེན། ཐ་མལ་གྱི་གང་ཟག་རྣམས་ནི་ནང་དབུག་ཆད་ནས་རིག་པ་བརྒྱལ་ལ་ཞག་གསུམ་བར་དུ་བརྒྱལ་བའང་ཡོད། དེའི་སྔོན་དུ་སད་པའང་ཡང་། གོང་རྒྱལ་བ་དེ་ལས་སད་དེ་རིག་པ་ཕྱི་རོལ་དུ་ཐོན་པ་ལ་གསང་དབུག་པ་ཆད་ཟེར་རམ་སྙམ། སྐབས་འདི་དག་ཏུ་རང་གི་ཕུང་པོ་ལ་བདག་གཅེས་སུ་འཇིན་ནས་རྣམ་ཤེས་ཡང་ཡང་ཕུང་པོའི་ནང་འཇུག་པ་དང་། ཤི་ངོས་མ་ཟིན་པ་རྣམས་ལ་ནང་མི་གཏམ་སྨྲས་པས་མི་གོ་བས་ལན་བྱེད་ཀྱི་མི་འདུག་དང་། ཟས་སྐལ་མི་བཞིན་པ་དང་། འདུག་གྲལ་མི་སྟེར་བ་སོགས་རང་སྣང་ལོག་པའི་བསམ་པ་མང་པོས་སྡུག་བསྔལ་བྱེད་པ་སོགས་ཤི་བའི་སྡུག་བསྔལ་བསམ་དུ་མེད་དོ།། འདི་དག་གི་སྐབས་སུ་ཡང་ངོ་སྤྲོད་ཀྱི་གདམས་པ་འདེབས་པ་ཤིན་ཏུ་གལ་ཆེ་ཤིང་། བོན་ལུགས་ལྟར་ན་ངོ་སྤྲོད་ཀྱི་གདམས་པ་རྣམས་གཙོ་བོའི་གཞུང་རྣམས་ཀྱིས་བསྟན་པའི་བར་དོའི་རྣམ་བཤད་དག་ལས་བྱུང་ཞིང་། དེ་ཡང་སྔགས་རྫོགས་ཀྱི་གཞུང་ཡིན་འདུག དེ་ལྟར་འཆི་ལྟས་ཀྱི་རྣམ་བཞག་ཉུང་ངུ་འདི་དག་ནི་འཆི་བའི་དུས་སྐབས་དེ་ནི་བདེ་སྡུག་གི་སོ་མཚམས་དང་། འདི་ཕྱིའི་བཟང་ངན་གྱི་ལམ་མདོ་ཡིན་པས་ན། དགེ་བ་ལ་བློ་ཁ་ཚེ་འདི་ལ་མ་ཕྱོགས་ཀྱང་། སྐབས་འདི་ནས་འཆི་བའི་འོད་གསལ་དང་འབྱུང་བའི་བསྡུ་སྣང་རྣམས་ངོ་ཤེས་པས་ཀྱང་སྐྱེ་བ་དུ་མར་བདེ་གནས་སུ་སྐྱེ་བའི་རྒྱུ་རུ་བྱེད་དོ། །དེའི་ཕྱིར་སྐྱེ་བོ་ཕོ་མོ་སུ་ཞིག་ཡིན་ཡང་གཙོ་བོ་མ་ཤིའི་གོང་དུ་འདི་སྐོར་ཡིད་ལ་ཤར་ཚེ་འཆི་སྐབས་སུ་ངོ་ཤེས་ཤིང་སྐྱབས་གནས་ལ་བློ་འཁོར་བ་སོགས་འབྱུང་བས་ན། ཤིན་ཏུ་ནས་ཕན་བདེ་ཆེ་བར་སྙམ་མོ།། ༢༠༡༡ ༨  ༧ལ་ཀོ་རྒྱལ་བཤད་གྲྭར་བྲིས་སོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.