ཧི་བོན་ཟིན་བྲིས།
ཁྱུང་།
སྤྱི་བསྒྲགས།
     

ལི་ཐོ།
    <<  < 2021 - >  >>
    123456
    78910111213
    14151617181920
    21222324252627
    28293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོན་གྱི་མདོ་ཕྲན་ངོ་སྤྲོད།།  | 2011/8/8 17:13:00

བོན་གྱི་མདོ་ཕྲན་ངོ་སྤྲོད།།

༡ ཁྲི་རྗེ་ལུང་བསྟན་གྱི་མདོ། གསུངས་སའི་འཁོར་ནི་དཔལ་བོན་སྟག་ལ་མེ་འབར་དང་། བདུད་བོན། བཙན་བོན། ཀླུ་བོན། ས་བདག་གི་བོན་པོ། སྲིན་བོན་ལས་སོགས་ལྷ་སྲིན་འདུལ་བའི་བོན་པོ་རྣམས་དང་། ཚངས་པ་གཙུག་ཕུད་ལས་སོགས་རྒྱུ་འབྲས་རྣམ་པར་འབྱེད་པའི་བོན་པོ། ཁྲི་བས་ལ་རྗེ་སྐུ་འཁོར་བཅས་ལ་གསུངས། དེ་ནས་གཤེན་རབ་ཀྱིས་འོད་ཟེར་སྤྲོས་ཏེ་སྔོན་འབྱུང་ལོ་རྒྱུས་བཤད། ཁྲི་རྗེ་ལས་སོགས་སྟག་ལ་མེ་འབར་གྱི་རྗེས་སུ་འབྲང་ནས་བོན་ཉན་པ། སྟོན་པས་ཀྱང་སེམས་ཅན་སྐྱེ་བའི་རྒྱུ་དང་། བར་དུ་ལས་སྤྱོད། ཐ་མ་བསྡུ་ས་བའི་ས་བཅས་དང་། མི་རྟག་པ། ཐེག་དགུའི་བོན་སྤྱོད། ཚེའི་བར་ཆོད་ཟློག་ཐབས། ནད་ཀྱི་བར་ཆོད་ཟློག་ཐབས། བདུད་ཀྱི་བར་ཆོད་ཟློག་ཐབས་བཅས་སོགས་གསུངས། དེ་དག་རེ་རེ་ལའང་གཏམ་རྒྱུད་རེ་གསུངས་ཤིང་། རྗེས་སུ་མདོའི་མཚན་ཅི་ལྟར་གཏགས་པར་ཞུས་པས་ཁྲི་རྗེ་ལུང་བསྟན་དུ་མཚན་གསོལ་ཞིང་མདོའི་ཕན་ཡོན། མ་གུས་པའི་ཉེས་པ་སོགས་ཀྱིས་རྫོགས་སོ།།

༢ རིན་པོ་ཆེ་ཁྲིམས་ཀྱི་མདོ།

མདོ་འདི་ནི་དུས་ཁྲིམས་གཙང་མ་བསྟན་པའི་གཞུང་ཞིག་ཡིན་ལ། མདོ་དེ་ལས་དུས་ཁྲིམས་བསྲུང་བའི་དུས་བསྟན་པ་དང་། བསྲུང་བྱའི་ཁྲིམས་བསྟན་པ། བསྲུང་སྐབས་སུ་བཟློ་བའི་སྙིང་པོ། བསྲུང་བའི་ཕན་ཡོན། བསྲུང་སྐབས་ཀྱི་སྤྱོད་ལམ། རྗེས་སུ་ཡི་རང་བཅས་སོ།།

༣ ཡུམ་ཆེན་བྱམས་མ་ལ་བསྟོད་པ།

ཀླད་ཀྱི་དོན་ལ་སྟོན་པའི་བཞུགས་ཚུལ། འཁོར་གྱིས་ཞུས་ཚུལ། དངོས་གཞི་བསྟོད་པ། བརྗོད་པའི་ཕན་ཡོན་བཅས་སོ།།

༤ ཡུམ་ཤེས་རབ་བྱམས་མ་ལ་བསྟོད་པ། གསུངས་པ་པོ་ཚངས་པ་གཙུག་ཕུད་ཀྱིས་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། བསྟོད་པའི་ཕན་ཡོན་བཅས་པའོ།།

༥ ལྷ་མོ་ཤེས་རབ་བྱམས་མ་ལ་གཏོ་བུ་འབུམ་སངས་ཀྱིས་བསྟོད་པ། སྟོན་པའི་སྐུ་ལས་འོད་ཟེར་སྤྲོས་ཤིང་དག་པའི་སྣང་བ་བསྟན་པ། བསྟོད་པ་དངོས་། སྟོན་པས་ལེགས་སོ་གསུངས་ཤིང་ཕན་ཡོན་བཅས་སོ། །

༦ གཤེན་ལྷ་འོད་དཀར་གྱི་མཚན་ཡང་དག་པར་བརྗོད་པ།

༧ སྲིད་པ་སངས་པོ་འབུམ་ཁྲི་ལ་བསྟོད་པ། གསུངས་པའི་གནས་བསྟན་པ། འཁོར་བསྟན་པ། བསྟོད་པའི་ཕ་ཡོན་གསུངས་པ། ཚངས་པ་གཙུག་ཕུད་ཀྱིས་བསྟོད་པ། བསྟོད་པའི་ཡོན་ཏན་ཅི་ལྟར་འབྱུང་བའི་ཞུ་ལན། སྐྱོནབརྗོད་པའི་ཉེས་མིག མཐར་མཐུན་གྱུར་ལེགས་སྨོན་བཅས་སོ།།

༨ གཤེན་རབ་ལ་མཚན་དང་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། གནས་དང་འཁོར། དེ་ནས་ཚངས་པ་གཙུག་ཕུད་ཀྱིས་ཡིད་དད་པས་རབ་ཏུ་བསྟོད་པ། བསྟོད་པའི་ཕན་ཡོན་བཅས་སོ།།

༩ སྟོན་པར་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། འཁོར་བསྟན་པ། ལྷའི་བུ་བློ་གྲོས་བསྟན་པས་ཚིགས་བཅད་དེ་བསྟོད་པའོ།།

༡༠ ལྷའི་འདོན་པ་ཀུན་འཇོམས་རྒྱལ་པོ་ཞེས་བྱ་བ། གཤེན་ལྷ་འོད་དཀར་ལ་བསྟོད་པ།

༡༡ ཡི་གེ་བཟང་པོའི་དོན་ངེས་ཚིག་ཏུ་བསྟན་པ། འཕྲུལ་གྱི་ཡི་གེ་ལ་བསྟོད་པ།།

༡༢ དྲང་བ་དོན་གྱི་མདོ།

འཁོར་བའི་ཉེས་མིག་གཙོ་བོར་བསྟན་པ།།

༡༣ ལས་དགེ་སྡིག་མ་འདྲེས་ཤིང་མ་ཆོལ་བར་བསྟན་པའི་མདོ། འཁོར་དང་ཞུ་བའི་གཤེན་བརྒྱད་བསྟན་པ། མཆོད་པ་རྒྱས་པར་ཕུལ་བ། སྟོན་པས་འོད་ཟེར་སྤྲོས་པ། མི་དགེ་བ་སྤང་པར་བསྟན་པ། ཕར་་ཕྱིན་བཅུ་ལ་སློབ་པར་བསྟན་པ་བཅས་སོ།།

༡༤ལྷའི་བོན་ཡན་ལག་བརྒྱད་པ།

༡༥ལྷའི་འདོན་པ་ཀུན་སེལ་ཞེས་བྱ་བ། ཕན་ཡོན་བསྟན་པ། གསས་ཆེན་མཁའ་འགྱིང་དཀར་པོ་ལ་བསྟོད་པ།

༡༦ རྒྱལ་པོ་ཀྱེ་ཤ་མྱ་ངན་སྦྱོང་བའི་མོད། རྒྱལ་པོ་ཀྱེ་ཤའི་རྒྱལ་བུ་ཚེ་ལས་འདས་པས་མྱ་ངན་རབ་ཏུ་བྱས་པ། དེ་འདུལ་བར་སྟོན་པ་གཤེན་རབ་འཁོར་བཅས་བྱོན་པ། འཇིག་རྟེན་མི་རྟག་པའི་དཔེས་མྱ་ངན་བཟློག་པར་མཛད་པ། སྡུག་བསྔལ་གྱི་དབྱེ་གསལ་མཛད་པས་མྱང་བཟློག་པར་མཛད་པ། གཤེན་རབ་ལ་རྗེས་སུ་ཡི་རང་ཕུལ་བ་བཅས་སོ།།

༡༧ ཐབས་དང་ལམ་གྱི་མདོ།།

གཏོ་བུས་ཞུས་པ། ཕར་ཕྱིན་བཅུའི་སྨོན་ལམ་བཅས་སོ།།

༡༨ ཤེས་རབ་རྣམ་གསུམ་སྦྱོང་བའི་ཡོན་ཏན་བསྟན་པའི་མདོ།།

༡༩ བོན་སྤྱོད་བཅུ་པའི་མདོ། བོན་སྤྱོད་ཀྱི་ཡོན་ཏན་། སྨོན་ལམ་བཅས་སོ།།

༢༠ གཡུང་དྲུང་སེམས་དཔའི་སྒྲིབ་སེལ་གྱི་མདོ།

སྔོན་བྱུང་གི་ལོ་རྒྱུས། ཕྱག་བཤག་གི་སྐོར་བསྟན་པ་བཅས་སོ།།

༢༡ ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ།།

༢༢ ས་བཅུའི་སྨོན་ལམ་བཅས་སོ།།

དེ་ཡང་བོན་གྱི་གཞུང་ལུགས་ནི་སྔོན་གྱི་བོད་རྒྱལ་ཚོས་གསུངས་པ་ལྟར་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པར་དཀའ་ཞིང་རྟོགས་པར་དཀོན་པའི་གནས་སུ་ངེས་ཤིང་། མདོ་འདི་དག་ལ་གཞིགས་ཏེ་བསམ་ན། སྔོན་གྱི་མཁས་ཚོའི་གཞུང་ལུགས་རྣམས་སུ་མཚན་ཐ་ཐོར་དུ་ཡོད་པ་ནི། དབང་ཁྲིད་རྣམས་སུ་དྲང་བ་དོན་གྱི་མདོ་ལས། ཞེས་སོགས་དང་། ཀུན་མཁྱེན་ཤར་རྫ་བའི་བཀའ་ལུང་རྒྱ་མཚོ་ལས། རྒྱལ་པོ་ཀྱེ་ཤ་མྱ་ངན་སྦྱོང་པའི་མདོ་ལས། ཞེས་དང་། ཀུན་མཁྱེན་ཉི་མའི་ཕར་ཕྱིན་སྐབས་པོ་ལས། མདོ་ཕྲན་གྱི་ལྷ་བུ་བློ་གྲོས་བསྟན་པས་སྟོན་པ་ལ་བསྟོད་པའི་མདོ་ལྟ་བུ་ཞེས་སོགས་མཚན་རེ་གཉིས་ཙམ་མ་གཏོགས་མཐོང་དཀའ་བ་དང་། དྲང་བ་དོན་གྱི་མདོ་སོགས་གང་དུ་ཡོད་ནམ་སྙམ་པ་ཆེས་ཆེ་བ་ནི། སྤྱིར་མདོ་འདི་དག་ཁྲི་རྗེ་ལུང་བསྟན་གྱི་མདོ་ཡིན་འདུག་སྙམ་པ་སོགས་ཀྱིས་སོ། མདོ་འདི་ལས་ནི་ལྷའི་བོན་ཡན་ལག་བརྒྱད་པ་དང་། ཡུམ་མདོ། ས་བཅུའི་སྨོན་ལམ། གཡུང་དྲུང་སེམས་དཔའི་སྒྲིམ་སེལ་མདོ་སོགས་དུས་གཏན་དུ་བོན་པོ་ཚོས་འདོན་ཀློག་བྱེད་བཞིན་ཡོད་པས་མཚན་སྨོས་པ་ཙམ་གྱིས་དེའོ་སྙམ་སླ་བ་རེད་མོད། མདོ་གཞན་དག་རྣམས་ཧ་ཅང་མཐོང་དཀོན་པའི་གཤིས་སུ་སྣང་སྙམ། མདོ་འདི་དག་ལས་བསྟོད་ཚོགས་སྐོར་འགའ་ཞིག་འབྱུང་བ་ལས་གཞན་བོན་གྱི་གཞི་ལམ་འབྲས་གསུམ་མམ་ལྟ་སྒོམ་སྤྱོད་གསུམ་བསྟན་པའི་མདོ་ལྟར་ན། ཁྲི་རྗེ་ལུང་བསྟན་གྱི་མདོ་ལས་ཐེག་པ་རིམ་དགུ་བོན་སྤྱོད་སྐོར་བསྟན་པ་དང་། རིན་པོ་ཆེ་ཁྲིམས་ཀྱི་མདོ་ལས་ནི་ཁྲིམས་ཀྱི་སྐོར་བསྟན་པ་དང་། དྲང་བ་དོན་གྱི་མདོ་ལས་སྡུག་བསྔལ་འཁོར་བའི་ཉེས་པ་བསྟན་པ། ལས་དགེ་སྡིག་མ་འདྲེས་ཤིང་མ་ཆོལ་བར་བསྟན་པའི་མདོ་ལས་སྡིག་པ་སྤང་བྱ་དང་། དགེ་བ་བླང་བྱ་བསྟན་པ། ཡུམ་གྱི་མདོ་ལས་ལྟ་བ་སྤྲོས་བྲལ་བསྟན་པ། ས་བཅུའི་སྨོན་ལམ་ལས། སའི་ཡོན་ཏན་ནམ་སྒྲིབ་པ་དག་པའི་དགེ་མཚན་བསྟན་པ་སོགས་ཡིན་འདུག་པས་ན་མདོ་ཕྲན་ཞེས་པ་འདི་ནི་ཟབ་ཅིང་རྒྱས་པའི་གཞུང་ཞིག་ཏུ་གྱུར་བར་སྙམ། འོན་ཏེ་མདོ་ཕྲན་ད་ཆའི་བོན་གྱི་བཀའ་འགྱུར་ཆེན་མོ་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་བསྐྲུན་གནང་བའི་ནང་དུ་མདོ་སྣ་ཁ་ཉེར་གཉིས་མ་གཏོགས་མེད་པ་དང་། སྟེང་དགོན་གྱི་དཔེ་རྙིང་དཔར་བསྐྲུན་ནང་གི་རྣམ་རྒྱལ་སྒྲུབ་གཞུང་ཁྲོད་ཀྱི་ཡུམ་མདོ་ལས། མདོ་ཕྲན་ལ་མདོ་གྲངས་བརྒྱ་དང་ཉེར་གཅིག་ཡོད་པ་ལས་འཐོར་ཟིན་ཞིང་ད་ཡོད་ཉེར་གཅིག་ཡོད་ཅེས་དང་། ད་ཡོད་རྣམ་གྲངས་ཉེར་གཉིས་འདུག་པས་སྔར་ཁ་འཐོར་ཐེངས་མང་ཕྱིན་པར་མངོན། འོ་ན་འདི་དག་མདོ་ཕྲན་ཞེས་པ་དེ་ཡིན་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ནི་ཀུན་མཁྱེན་ཉི་མའི་ཕར་ཕྱིན་ལུང་ལྟར་ལྷ་བུ་བློ་གྲོས་བསྟན་པའི་སྟོན་པ་ལ་བསྟོད་པའི་མདོ་འདི་ཉིད་མདོ་ཕྲན་ལས་ཡིན་པ་གསལ་བ་དང་། ཡུམ་མདོ་གོང་དེ་ཉིད་ལས་ཀྱང་ཡུམ་མདོ་མདོ་ཕྲན་ནང་ཚན་ཡིན་པ་བཅས་སོགས་ཀྱིས་ཞུས་པ་ཡིན་ནོ་ཞེས་འབྲོག་སྨན་གཡུ་རྩེའི་ཉེ་འདབས་སུ་བྲིས་པའོ།། ༢༠༡༡ ༧ ༢༧ལའོ།།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.