ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་རྒྱལ་གྲི་གུམ་འདས་རྐྱེན་ཆ་ཙམ་བརྗོད་པ།།  | 2011/7/8 13:44:00
  1. བོད་རྒྱལ་གྲི་གུམ་འདས་རྐྱེན་ཆ་ཙམ་བརྗོད་པ།།

 དེ་ཡང་ཆབ་སྲིད་དང་ཆོས་ལུགས། དམངས་ཀྱི་འཚོ་བ་སོགས་ཀྱི་དབང་གིས། འབངས་གྱེན་ལོག་

བྱས་པའི་ལོ་རྒྱུས་བོད་དུ་དུ་མ་བྱུང་ཡོད་ལ། དེ་དག་ལས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཆབ་སྲིད་ཀྱི་ཉེས་ཅན་ཞིག་དང་། བན་དྷེའི་ཚབ་མཚོན་རང་བཞིན་གྱི་མི་སྣ་ཞིག་ཏུ་བཤད་ཀྱིན་འདུག་མོད། དེར་བརྟེན་ལོ་རྒྱུས་སྨྲ་བ་པོས་དེ་མཚུངས་འབངས་ལོ་ངམ་གྱིས་བོད་རྒྱལ་བཀྲོངས་པ་ལའང་བོན་ཆོས་ཀྱི་ཆེད་དུ་ཡིན་མདོག་གི་བཤད་སྒྲོས་རེ་འགའ་མངོན་བཞིན་འདུག །དེའི་འགག་རྩ་ཡང་གྲི་གུམ་གྱིས་ལོ་ངམ་དང་མ་འཐབ་ཀྱི་སྔོན་དུ་བོན་པོར་འཐབ་རྩོད་བྱས་ནས་བོན་བསྟན་སྐོར་འགའ་ཞིག་བོད་རི་བཞིའི་ནང་དུ་སྤྱོད་སྤེལ་བྱེད་དུ་མེད་པར་བཟོས་པ་དང་། བོན་གཤེན་ཕལ་མོ་ཆེ་ཡང་བོད་རི་བཞི་ལས་ཕྱི་འབུད་བྱས་པའི་གནས་ཚུལ་དག་གིས་ཡིན་འདུག །དེ་ལ་འདིར་བོད་རྒྱལ་གྲི་གུམ་གྱིས་བོན་བསྟན་བསྣུས་དགོས་པའི་འགག་རྩ་དང་།   འབངས་ལོ་ངམ་གྱིས་ཇི་ལྟར་བྱས་ནས་བཀྲོངས་པའི་སྐོར་འགའ་ཞིག་ཞུ་བ་ལ། མཛོད་སྒྲ་འགྲེལ་ལས། དུས་རེས་ཤིག་ན། རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང་། བློན་པོ་བློ་ནོར་བ་དང་།  གཡུང་དྲུག་གི་བོན་ཟབ་ལ་གཏིང་རིང་བ་རྣམས་ཐང་གཅིག་ནུབ་ཏུ་ཐོ་སྟེ་ཞེས་དང་། ཁྲོ་བོ་དབང་ཆེན་ལས། རྒྱལ་གྲི་གུམ་བཙན་པོ་རྒྱལ་པོ་གླེན་པའི་རིང་ལ། བོད་ཀྱི་ས་སྐོར་དུ་སྲིད་པའི་བོན་ཐང་གཅིག་ནུབ་པ་ལགས་ཏེ། གཤེན་རབ་རྣམ་པ་དང་། རྒྱལ་པོ་གླེན་པའི་བར་དུ་སྙན་ཕྲ་ཞུགས་ཏེ། བཀའ་ཁྲིམས་ལ་གནས་པས། གཤེན་པོ་རྣམ་བོད་ཡུལ་དུ་བཞུགས་པ་ཐུགས་ལ་མ་བདེ་ནས།  ལྷོ་བལ་མོན་གྱི་ཡུལ་དུ་བསྟན་པ་གཟུགས་པར་དགོངས་ནས། ཀུ་ཧྲང་གསོན་མ་དང་། མ་ཧེ་གསོན་མ་ལ་རྒྱུ་འབྲས་ཀྱི་བོན་སྒོ་ཆེན་པོ་དགུ་བཀལ་ཏེ། ཡུལ་སྟོད་བྱེ་མ་གཡུང་དྲུང་། མཁར་གད་ཀྱི་བྱི་བ་མཁར་ནས་ཆས་ཏེ་གཤེགས། ཞེས་གསུངས་པ་ལྟར་རྒྱལ་པོས་བོན་བསྣུས་པ་ནི་གུ་དོག་པའི་བློན་པོ་འགའ་ཞིག་གིས་རང་ཉིད་ལ་ཡོད་པའི་བློན་གྱི་གོ་གནས་བོན་གཤེན་དག་དང་ཤོར་གྱིས་དོགས་པའམ། བོན་བློན་ཚོའི་གོ་གནས་དང་ཐོབ་ཐང་དེ་དག་ལ་ཕྲག་དོག་གིས་དང་། བོན་གཤེན་ཚོར་མཐུའི་དྲེགས་པ་ཆེ་བ། རྒྱལ་པོ་དབང་གི་དྲེགས་པ་ཆེ་བ། ཆོས་ལུགས་གཞན་དག་བོད་ལ་བཙན་འཛུལབྱེད་པའི་དམིགས་ཡུལ་གྱིས་རྐྱེན་ལས། རྒྱལ་པོའི་སེམས་ལ་འགྱུར་བ་ཐེབ་པས་ན་རྒྱལ་པོའི་ཐུགས་སུ་གདོན་ཞུགས་ཟེར་ལ། དེ་ཡང་མཛད་མདོ་འབྲིང་པོ་ལས། ཁ་བ་ཅན་གྱི་ཡུལ་ལྗོངས་སུ། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། གསུངས་པ་ལྟར། བོན་གཤེན་རྣམས་ཀྱིས་རང་གི་རྒྱལ་ཁབ་ལ་བདག་གཅེས་ཟབ་མོར་གནང་ཡོད་པ་ནི། སྒྲ་འགྲེལ་ ལས། རྒྱལ་པོའི་སྐུ་འཚོ་བའི་གཤེན་པོ་བཅུ་ཐམ་པ། ཞེས་དང་། བློན་གྱི་གྲོས་འཚོ་བཅུ་ཐམ་པ། རྒྱ་བོད་མཐའ་སྲུང་སྟོད་ན་བཅུ་གཅིག སྨད་ན་བཅུ་གཅིག་སྟེ། ཞེས་སོགས་ཀྱིས་དེ་སྐབས་ཀྱི་ཆོས་ལུགས་མི་སྣ་དེ་དག་ནི་མཐུ་ཆེ་ལ་རྩལ་དྲག་པས་རང་གི་རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་བསྲུང་དང་། རྒྱལ་པོའི་སྐུ་བསྲུང་དང་། བློན་པོའི་གྲོས་བཟང་ངན་ཉེན་རྟོག་པ་དང་བློ་འདོན་པ་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད་ལ། དེ་བཞིན་གྱི་ལས་ཀར་ནུས་པ་ཐོན་གྱིན་ཡོད། དེར་རྒྱལ་པོ་དག་གིས་གཙིགས་ཆེན་གནང་བར་ལྷག་ཏུ་བློན་པོ་ཚོའི་བློར་འབབ་གི་མེད་པས། རྒྱལ་པོ་ལ་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་འདུག་ནའང་། ནམ་ཞིག་སྲས་རྒྱུད་ཕྱི་མའི་རིང་ལ་རྒྱལ་པོའི་སྲིད་བོན་པོ་ཚོར་འཆོར་པའི་ཉན་ཁ་ཆེ་ལུགས་སོགས་སུ་གཡོ་རྒྱུའི་སྒོ་ནས་ཞུས་པ་དང་། ཕྱི་ཕྱོགས་ནས་ནང་འཛུལ་བྱེད་པའི་རྣམ་པ་ལའང་། རྒྱ་གར་གྱི་སྤྲང་པོ་རདྣ་སི་ཏི་བྱ་བ་ཞིག་གིས་ཀྱང་གོང་གསལ་བཞིན་རྒྱལ་སྲིད་ཀྱི་ཐུགས་ཆེ་མདོག་གིས་སྙན་ཕྲ་ཞུས་ཀྱང་། རྒྱལ་པོའི་སེམས་སུ་དེ་འདྲའི་བསལ་ཚུལ་མེད་མོད། བློན་པོ་དེ་དག་གིས་ཐབས་ཀྱིས་རྒྱལ་པོའི་སེམས་བསྒྱུར་འདུག་པ་སྟེ། སྒྲ་འགྲེལ་ལས། རྒྱལ་པོས་གསུངས་པ། གཡུང་དྲུང་བོན་ནི་གཉན་ལ་གཏིང་ཟབ། གཙང་རིགས་ཀྱི་ལྷ་སྨན་ཡང་ཡ་ང་ལ་རུ་ཐུལ་བས། འོ་སྐོལ་ལ་ཡང་ཉེས་པ་མི་འབྱུང་ངམ་གསུངས་པས། ཡང་བྲུ་ཞ་གནམ་གསས་ན་རེ། བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་བསྟན་པ་མ་བཞག་ན། རྒྱལ་པོ་ཡང་སྐུ་མི་རྟག་ཉེན་མཆིས། ལར་ཡང་སྒྲོས་འདི་འདྲེ་ཡིས་བྱེད་པ་ཞིག་གདའ་བས། བོན་སྒོ་བཞི་འདི་སྟོན་པའི་སྐུ་གཤེན་ཞིག་མེད་ན།  ལྷ་རྒོད་ལྕམ་དྲལ་རྣམས་ཀྱང་རུ་འཐུལ་བར་འཆི་ཞེས་གླེངས་སོ། ཞེས་སོ། །གཏམ་རྒྱུད་འདིའི་གོ་རིམ་ཁྲོད་རྒྱལ་པོས་གང་བྱུང་དུ་བོན་སྣུབ་མི་ཕོད་པས། བོད་ཀྱི་ལྷ་སྲུང་དེ་རིགས་ལ་སྐྲག་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་དོགས་པ་དང་བཅས་པས་ན། ལྷ་བོན་སྒོ་བཞི་བོད་རི་བཞིར་སྤྱོད་བཞིན་ཡོད་པ་དང་། རྒྱལ་པོས་གཤེན་རྣམས་བསྡུས་ནས་འདི་ལྟར་གསུངས་འདུག་སྟེ། སྒྲ་འགྲེལ་ལས། ཕལ་བ་སྐུ་གཤེན་རྣམ་གསོན་དང་། དབུ་ཡི་ཞྭ་ཆེ་ན་ལུས་པོ་རྔུལ་གྱིས་ལྕི།  ཟས་ཞིམ་པོ་མྱང་དྲག་ན་སྐྱུག་བྲོ། །ཤིག་འཁྱམ་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་ཏུ་སྙོག། གཡུང་དྲུང་བོན་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་མི་འོང་བར་གདའ། གཙང་རིགས་ཀྱི་ལྷ་རྒོད་ནི་ཡ་ང་ལ་རུ་འཚུར། ཁྱེད་གཤེན་པོ་རྣམ་ནི་དབུ་མཐོ་ལ་དྲེགས་ཆེ། ཞེས་པ་ལས་ རྩོགས་ཏེ་གོང་རྣམས་བཟླས་ནས། ད་ལྷ་བོན་སྒོ་བཞི་དང་། གྱིམ་བུ་ལན་ཚ་དང་། གེ་ཁོད་ཐིས་འཕེན་རྣམས་བདག་གི་སྐུ་གཤེན་དུ་བཞག་འཚལ། ཕྱི་མ་རྣམས་བོད་རི་བཞི་ལས་འདས་པ་ཞིག་ཏུ་གཤེགས་འཚལ་ཞེས་གསུངས་སོ། །ཞེས་པ་འདིར་དཔྱད་ན། གོང་དེར་རྒྱལ་པོས་བོན་གཤེན་ཚོར་གསུངས་པ་དེའང་རྒྱ་གར་བ་དང་བློན་པོ་དེ་དག་གི་འདོད་བློས་ཟེར་སྲོལ་དེ་ཡིན་པ་དང་། རྒྱལ་པོ་རང་ཉིད་ལ་དེ་ལྟ་བུའི་དཀྱུས་མའི་བསམ་ཚུལ་དེ་དག་མེད་ཅིང་། བོད་ཀྱི་རྒྱལ་ཁབ་ལ་བྱས་རྗེས་ཆེ་ཞིང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་བོན་གཤེན་དང་འཐབ་འདོད་མེད་ལ། བོན་གཤེན་གཙོ་གྲས་ཀྱི་གྱིམ་བུ་སྐུ་བསྲུང་དུ་མཛད་པ་དང་། ལྷ་བོན་སྒོ་བཞི་བསྣུབ་མི་ཆོག་ པར་འཇོག་དགོས་པའི་བཀའ་གསུང་འདིས་ཤེས་པར་འདུག རྒྱལ་པོས་གང་བྱུང་དུ་དེ་ལྟར་གསུངས་པ་ནི་བོན་གཤེན་ཚོའི་སེམས་སུ་སུ་ཞིག་གི་གཡོ་འཁྲུལ་ཡིན་པར་རྟོག་པར་བྱ་བའི་གནས་སུ་ངེས། སྐབས་དེར་འཚོགས་ཆེན་དེའི་ཐོག་ཏུ། བློན་ར་སང་ཁོད་རམ་གྱིས་འདི་ལྟར་ཞུས་ཏེ། སྒྲ་འགྲེལ་ལས། དེ་ལ་བློན་ཆེན་པོ་ར་སངས་ཁོད་རམ་གྱིས་གསུངས་པ། བློན་པོ་སྨྲ་བ་ མང་ན་རྒྱལ་པོའི་ཐུགས་ཁྲེལ་ཆེ། རྒྱལ་པོ་ཁྱེར་རྐམ་ཆེས་ན་རྒྱལ་སྲིད་རྨངས་ཀྱིས་ཁྱེར། གཡུང་དྲུང་བོན་ལ་སྤྱོད་ན་འདི་དང་ཕྱི་མ་བདེ། རྗེ་བཙན་པོས་བཀའ་དེ་མ་གསུངས་བར་ཞུ་ཞེས་ཞུས་པས་མ་བཞེད་དོ། །སྐབས་དེར་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས། རྒྱལ་པོས་སྨྲ་བ་ཐེངས་ཅིག་ཡིན། གཅམ་བུ་སྨྲ་བ་ཡང་ཡང་སྨྲ། བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། གྱིམ་བུ་ལན་ ཚ་ཡང་མ་བཞུགས་གཤེགས་གསུངས་མོད། གྱིམ་བུས་ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་འཛིན་པས། བདག་ཀྱང་སྡད་པར་ལེགས། ལྷ་བོན་ཡང་མ་ནུབ་ན་དགེ་ཟེར་ནས། མཆིར་མ་ཉན་ནོ། །བོན་གཤེན་གཞན་རྣམས་ཞང་ཞུང་ཁ་ཡུག་གི་རུ་མཚམས་གད་ཀྱི་བྱི་བ་མཁར་དུ་འཚོགས་ནས། ཡུལ་གྲུ་གཞན་དུ་བསྟན་པ་སྤེལ་བའི་བཀའ་བགྲོས་མཛད་ནས་ བོན་རྣམས་སོ་སོར་བགོས། སྐབས་དེར་བོད་ཡུལ་དུ་བོན་སྡེ་དགུ་ཡོད་ཅིང་། དེ་དག་ལས་གྱིམ་བུ་ལན་ཚར་བོན་སྐལ་དུ་བོན་སྡེ་གཉིས་དང་ཕྱེད་ཀ་བྱིན་པ་ད་ང། བྱང་གསང་བའི་བྲག་ རྒྱ་བོ་ལ་ཕྱེད་ལུས་པས་ཁྱོན་སྡོམ་བོན་སྡེ་དྲུག་ལྷོ་མོན་ཕྱོགས་སུ་བསྣམ་ཡང་། ལྷོ་མོན་དུ་བསྟན་པ་མི་ཚུགས་པའི་རྟགས་ཤར་བས། བོན་སྡེ་དེ་དག་གཏེར་གནས་སྣ་ཚོགས་སུ་སྦས་ཏེ། གཤེན་པོ་རྣམས་འཇང་སོགས་སུ་བྱོན་པ་ཡིན། དུས་སྐབས་འདིར་བོན་ནུབ་ཅེས་པ་དེ་ཡང་བོན་སྡེ་ཕལ་ཆེར་སྤྱོད་མི་ཆོག་པ་དང་། བོན་གཤེན་ཕལ་ཆེར་བོད་དུ་བཞུགས་མི་ཆོག་པ་བཟོས་ པས་དེ་ལ་བོན་ནུབ་ཅེས་བྱ་ཞིང་། བོན་གཏེར་དུ་སྦས་པའི་མགོ་འདི་ནས་བྱུང་བས་ན་གཏེར་གྱི་རྣམ་བཞག་གྲུ་གུམ་ནས་བརྗོད་པའོ། །སྐབས་འདིར་བོན་གཤེན་ཕལ་ཆེར་བོད་རི་བཞི་ལས་བརྒལ་བར་གཤེགས་ཀྱང་གྱིམ་བུ་ལན་ཚ་བོད་རྒྱལ་གྱི་སྤྱན་སྔར་བཞུགས་ཡོད། གྱིམ་བུ་བཞུགས་དགོས་པའི་རྒྱུ་མཚན་རྒྱལ་པོའི་ངོས་ནས་བཤད་ན་རྒྱལ་གྱི་སྐུ་གཤེན་དུ་དགོངས་མོད། གྱིམ་བུ་རང་ཉིད་ ཀྱི་ཐུགས་དགོངས་སུ་བོན་བསྟན་ལྷ་བོན་སྒོ་བཞི་དར་རྒྱུའི་ཆེད་དང་། ལྷ་བོན་སྒོ་བཞི་དར་ན་ བོན་བསྟན་གྱི་གཞི་རྩ་གནས་པའི་རྒྱུ་མཚན་གྱིས་གྱིམ་བུ་གཤེགས་མ་འདོད་པ་དང་། ཕྱིས་སུ་འབངས་ལོ་ངམ་དང་གཡུལ་འབྱེད་ཀྱི་སྐབས་སུ་གྱིམ་བུས་རྒྱལ་གྱི་སྐུ་གཤེན་རྣམ་དག་ཅིག་མཛད་མེད་པས་རྒྱུ་མཚན་གྱིས་ལོ་ངམ་གྱི་གཡོ་འོག་ཏུ་རྒྱལ་པོ་ཚུད་པ་ཡིན་འདུག །དེ་ལྟར་རྒྱལ་པོས་བོན་གཤེན་རྣམས་མཐའ་རུ་སྤྲད་རྗེས་རང་གི་རྒྱལ་ཕྲན་ལོ་ངམ་དང་དམར་འཛིང་བྱེད་རྒྱུའི་བློ་ངན་འཆར་ཞིང་། འདིའི་སྐོར་སྐབས་འདིར་གླེང་བྱའི་གཙོ་གནད་ཡིན་ཞིང་། སྐབས་དེར་བོད་ཡུལ་དུ་བོན་གཤེན་རེ་གཉིས་ཙམ་ལས་མེད་ཅིང་། བོན་གཤེན་དང་ལོ་རྔམ་བར་གྱི་འབྲེལ་བ་ཡང་སུ་ལ་བརྗོད་དུ་མེད་ལ། གལ་ཏེ་བོན་གཤེན་ཚོའི་རྒྱལ་པོ་ལ་བརྣག་པ་དེ་ཙམ་སྐྱེས་ཚེ་རྒྱལ་འཁོར་ཅི་སྨོས་ཏེ། བོད་ཡུལ་ཡང་སྐད་ཅིག་ལ་བརླག་པར་ནུས་མོད། བོན་པོ་ཁོགས་ཡངས་པའི་སེམས་ཁམས་རིག་པས་རྒྱལ་པོ་ལ་ཅི་ཡང་བྱས་ཚུལ་མེད་ཅིང། དུས་ཕྱིས་སུ་ལྷ་ལུང་དཔལ་རྡོ་ཆབ་སྲིད་ཀྱི་ཉེས་ཅན་པ་ཞིག་དུ་བརྩིས་པ་ནས། གོང་ཞུས་ལྟར་བོན་གཤེན་དང་བོན་ལ་གྲུ་གུམ་འདས་པའི་ཉེས་ཅན་པ་ཞིག་ཏུ་འདོད་འཁན་ཡོད་འདུག །རྒྱལ་པོ་རང་ཉིད་ལའང་རྒྱལ་ཁབ་ལ་གཅེས་ཤིང་ཡབ་མྱེས་ཚོའི་སྙིང་ལྟར་གཅེས་པའི་བོན་གཤེན་རྣམས་དང་འཐབ་རྩོད་ཤོར་བ་སོགས་ཀྱིས་བློ་མི་བདེ་བའི་དབང་གིས། ཕ་ཚན་དང་མ་ཚན་དེ་དག་དགྲ་རུ་བཙལ་ཡང་སུས་ཀྱང་འཐབ་མ་ཕོད་པས་དེ་དག་ཆབ་གསོལ་ཟིན་པ་དང་། འབང་ལོ་རྔམ་འཐབ་ ཟླར་བཙལ་ཡང་ལོ་ངམ་གྱིས་འཐབ་མ་ཕོད་མོད། རྒྱལ་པོས་བཙན་ཤེད་ཀྱིས་ལོ་ངམ་ ལ་འཐབ་ཏུ་བཅུག་པ་རེད། ལོ་ངམ་རྟ་རྫི་ཞེས་པ་འདིའི་ཐད་དུ། གང་ཟག་གང་ལའང་རྟ་རྫི་ཞེས་པའི་ཐ་སྙད་ཐོག་ན་མི་ཚེར་རྟ་རྫི་བྱེད་མི་དགོས་པས་ན། ལོ་ངམ་དེ་དང་ཐོག་ རྒྱལ་པོའི་རྟ་རྫི་དང་ནང་གཉེར་སོགས་བྱས་ལ། འཇོན་པོ་བྱུང་ནས་རྒྱལ་ ཕྲན་ཞིག་ཏུ་འགྱུར་མི་སྲིད་པ་ཡང་མིན། ལོ་ངམ་རྟ་རྫི་ཞེས་པ་དེའང་མཐའ་གཅིག་ཏུ་ལོ་ངམ་རང་ཉིད་ལའང་གོ་དགོས་པའི་ངེས་པ་མེད་པར་ལོ་ངམ་ནི་རྒྱལ་ཕྲན་ཞིག་དང་དེའི་རྟ་རྫི་ལ་ལོ་ངམ་རྟ་རྫི་ཞེས་བརྗོད་པ་བཞིན་ནོ། འོན་ཀྱང་ལོ་རྒྱུས་ཕལ་མོ་ཆེར་ལོ་ངམ་དང་རྟི་དེ་གཉིས་གང་ཟག་གཅིག་ཏུ་འདོད་པ་ལས་གཉིས་སུ་གསུང་མཁན་ཡོད་ཚོད་མི་འདུག །དེ་ལྟར་ནའང་གོང་ཞུས་རྟ་རྫི་ཞིག་རྒྱལ་ཕྲན་དུ་འགྱུར་བའི་གོ་རིམ་ནི་ཡོད་ངེས་པ་ཞིག་རེད། ལོ་ངམ་རང་ཉིད་ཀྱིས་ རྒྱལ་པོ་གསོད་དགོས་པའི་རྒྱུ་རྐྱེན་རང་ཉིད་ངོས་ནས་ཡོད་དམ་མེད་པ་ནི་དཔྱོད་པར་བྱ་བའི་གནས་སུ་འདུག་པས། ཁྲོ་འགྲེལ་ལས། ཡབ་འབངས་དང་ཡུམ་འབངས་བཅས་ལ་དགྲ་རུ་སྡང་བས་ གོང་བློན་སྙིང་རིང་ནས། མཐར་ལོ་ངམ་གྱི་བསད་ཅེས་པ་འདིར་མཚོན་ན། རྒྱལ་པོའི་ཐལ་ཆེ་བའི་སྤྱོད་པ་དེ་དག་ལ་བློན་པོའི་སེམས་སུ་སྡང་སེམས་སྐྱེས་ཡོད་ཚོད་འདུག །དངོས་སུ་འཐབ་པའི་སྤོབས་ནུས་ལོ་ངམ་ལ་མེད་ཀྱང་རྒྱལ་པོས་བཙན་ཤེད་ཀྱིས་འཐབ་ཏུ་འཇུག་ཡོད་པ་ནི། དར་རྒྱས་གསལ་སྒྲོན་ལས། རྒྱལ་པོ་གྲུ་རུམ་གྱིས་བོན་བསྣུབས་པའི་ཞེ་རྔམ་སྐྱེས་ནས། ལྷོ་བྲག་གི་ལོ་ངམ་རྟ་རྫི་ལ་འཕྲིན་རྫོངས་ནས། ང་དང་མཉམ་པའི་བོན་པོ་ནི་སྤྱུགས། ད་ང་ལ་འཐབ་ཟླ་མེད་པས། ཁྱེད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས། ལོ་ངམ་ན་རེ། ཁྱེད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་བ་ཡིན། རྒྱལ་འབངས་འཁྲུགས་པ་ག་ལ་འོས། རྗེ་ཡི་འཐབ་ཟླ་མི་འོས་པས། བཀའ་དེ་མི་གསུངས་པར་ཞུ་བྱས་པས། རྒྱལ་པོ་ན་རེ། ང་དང་མཉམ་པའི་བོན་གཤེན་ རྣམས་ནི་མཐའ་རུ་སྤྱུགས། ད་ང་ལ་འཐབ་ཟླ་འོས་པ་མི་ཧྲག་རྟ་ཧྲག་པ་ཁྱེད་ལས་མེད་པས། དམག་དང་བཅས་ནས་མི་འོང་ན་རྐེ་ལ་ཆབ་གསོལ་ཟེར་རོ། །དེ་ནས་ལོ་ངམ་གྱིས་བསམ་པར། ད་འདིའི་འཐབ་ཟླ་མ་བྱས་ན་ནི་ཆབ་གསོལ་བར་འདུག །བྱེད་པར་ཁས་བླང་ནས་བྲོས་ཀྱང་། རྒྱལ་པོའི་བཀའ་བཅག་པས་ཕྱིས་སུ་བོད་དུ་མི་ཆུད་པར་འདུག ཅེས་གསུང་པས་ཤེས་ པར་འདུག་ལ། དེ་ལྟར་ལོ་ངམ་བློ་མ་བདེ་བའི་ངང་ནས་མཚན་མོ་རྨི་ལམ་བརྟགས་ པས་རྒྱལ་པོ་ལ་ཐབས་འཕྲུལ་སྣ་ཚོགས་བསྟན་ན་རྒྱལ་ཁ་ཐོབ་པར་ཤེས། དེ་ནས་རྒྱལ་པོ་ལ་འཕྲིན་ལན་གཙོ་བོ་འདི་ལྟར་བསྐུར་ཏེ། རྒྱལ་པོའི་དཔྲ་བར་མེ་ལོང་ཞིག་འདོགས་དགོས་པ་དང་། གླང་ དུ་མ་ལ་ཐལ་སྒྲོ་དང་མདུང་མོ་བཀལ་ནས་རྒྱལ་རྟ་ལ་ཆིབ་སྟེ་ཉང་རོར་ཕེབས་དགོས་པ་དང་། དེ་ནས་ཐོག་མར་བདག་རྒྱལ་ཕྲན་ཡིན་པས་བསུ་བའི་ཚུལ་དུ་རོལ་མོ་སྣ་ཚོགས་དཀྲོལ། དེ་རྗེས་འཐབ་རྒྱུ་ཡིན་ཞེས་པའི་འཕྲིན་ལན་ཕུལ་བས་རྒྱལ་པོའི་ཐུགས་རབ་ཏུ་མཉེས། རྒྱལ་པོས་དེ་བཞིན་མཛད་དེ་ཕེབ། ལོ་ངམ་གྱིས་རོལ་མོ་དཀྲོལ་བས་གླང་འདྲོགས་ཏེ་མདུང་རྩེསས་ཐལ་སྒྲོ་ཕུག་ ནས་རླུང་འཚུབ་འཁོར་བའི་ནང་དུ་རྒྱལ་པོའི་མེ་ལོང་ལ་གཏད་དེ་མདས་གསད། དེ་རྗེས་ཉང་རོ་ཤམ་པོའི་རྒྱལ་ས་ལོ་ངམ་གྱིས་ལོ་བཅུ་གཉིས་ལ་གཟུངས་ཤིང་། རྒྱལ་སྲས་ཀོང་པོར་བཅུག་པ་དང་། བཙུན་མོ་ལུག་རྫི་བྱས་པ་བཅས་རེད། དེས་ན་ལོ་ངམ་གྱིས་རྒྱལ་པོ་དཀྲོང་པ་ནི་བོན་བསྟན་ གྱི་ཆེད་དུ་ཡིན་ཚུལ་གང་ཡང་མེད་ཅིང་། ལོ་བཅུ་གཉིས་རིང་ལོ་ངམ་གྱིས་ བོན་བསྟན་སྤེལ་མེད་ལ། རང་སྲོག་ལ་མི་གཅེས་པའི་སྐྱེ་བོ་དཀོན་ཕྱིར་མཐར་གཏུག་ན་ལོ་ངམ་རང་ཉིད་རང་ཤི་རྒྱག་ཏུ་མ་གཏུམ་པར་འུ་ཐུག་གི་ངང་ནས་རྒྱལ་པོ་དང་དམར་འཛིང་བྱས་པ་རེད། གལ་སྟེ་བོན་བསྟན་གྱི་ཆེད་དུ་ལོ་ངམ་གྱིས་བོད་རྒྱལ་བསད་པ་ཡིན་ཚེ་ལོ་བཅུ་གཉིས་རིང་དུ་བོན་ལ་བྱ་བ་བྱས་ཚུལ་ཅི་ཡང་མི་གསལ་བ་དང་། ལོ་ངམ་བོན་ལ་དད་པ་ཅན་ཞིག་ཡིན་ནའང་། བོན་གྱི་མི་སྣ་ཞིག་མིན་པ་དང་། སྲས་སྤུ་ལྡེ་རྒྱལ་སར་འཁོད་རྗེས་གཟོད་བོད་རི་བཞིའི་ནང་དུ་བོན་བསྟན་སྤེལ་བའི་ལོ་རྒྱུས་འདི་དག་འབྱུང་དོན་མེད། གྲུ་གུམ་གྱིས་ལོ་ངམ་ལ་ འཕྲིན་གནང་སྐབས་དེར་བོད་རྒྱལ་གྱི་ཕ་ཚན་དང་མ་ཚན་དེ་དག་སྐེ་ལ་ཆབ་གསོལ་ཟིན་ཡོད་པ་དང་། ལོ་ངམ་གྱིས་རང་སྐེ་ལ་ཆབ་གསོལ་དུ་མ་འདོད་པར་རྒྱལ་པོ་དང་འཐབ་པས་རྒྱལ་ཁ་ཐོབ་པ་ཞིག་རེད་འདུག་གོ། ༢༠༠༩--ལོར་ཀོ་དགོན་བཤད་སྒྲུབ་འདུས་གྲར་བྲིས།

 

Re:བོད་རྒྱལ་གྲི་གུམ་འདས་རྐྱེན་ཆ་ཙམ་བརྗོད་པ།། | 2011/8/15 15:32:12
yongdromལོ་ངམ་གྱིས་རང་སྐེ་ལ་ཆབ་གསོལ་དུ་མ་འདོད་པར་ཞེས་པའི་སྐབས་ཀྱི་ཆབ་གསོལ་ཞེས་པ་དེ་ཅི་ཞིག་རེད་ལན་གསལ་འདེབ་མཛད་པར་མཁྱེན།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
ཆབ་གསོལ་ཞེས་པ་ནི་རང་མེད་བྱེད་དགོས་པའི་དོན་རེད། དེ་ཡང་རང་སྐེ་རང་གིས་གཅད་དགོས་ཞེས་པ་རང་འདུག་སྙམ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.