ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་ཡུལ་གྱི་གཉེན་སྟོན་མཛད་སྒོ། | 2011/6/27 13:48:00

ཁྱུང་ཡུལ་གྱི་གཉེན་སྟོན་མཛད་སྒོ།

དེ་ཡང་གཉེན་སྟོན་བྱེད་པའི་མཛད་སྒོ་སྤེལ་བའི་ལུགས་དེ་ཉིད་མི་རིགས་དུ་མ་ཞིག་ལ་ཡང་ཡོད་པ་ཡིན་འདུག་མོད། དེའི་མཛད་སྒོ་སྤེལ་ཚུལ་མི་འདྲ་བ་ནི་གཙོ་བོ་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་འདྲ་མིན་གྱིས་སྣ་ཚོགས་པ་ཞིག་ཡོད། བོད་ཀྱི་ཡུལ་གྲུ་ཅིག་པུ་ལ་ཡང་མདོ་དབུས་མཐོ་སྒང་གི་ས་ཁུལ་གྱི་དབང་གིས་སྣ་ཚོགས་པ་ཞིག་ཀྱང་ཡོད། ཁྱུང་པོའི་ཡུལ་གྲུ་འདི་ཉིད་དུ་ཆོས་ལུགས་བན་བོན་གཉིས་ཀ་ཡོད་ལ། གནའ་སྔ་མོ་ཞིག་ཏུ་ཞང་ཞུང་ནས་བོད་དང་། དེ་ནས་རྒྱ་གོང་མ་དང་སོག་པོ་སོགས་ཀྱིས་དབང་དུ་བྱས། དེ་དག་གི་སྐབས་སུ་བོན་ཆོས་མེད་པར་གཏོང་བའི་ཆགས་གཞིས་ཆོས་ལུགས་སྣ་མང་དུ་གྱུར་པས། གཉེན་སྟོན་གྱི་ཆོ་ག་དེ་ཡང་སྣ་ཚོགས་པ་ཞིག་ཏུ་ཡོད། ལར་བོད་ཀྱི་བྱ་བ་ཆེ་རིགས་ཀུན་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཏུ་གནས་ཡོད་འདུག ཐོག་མར་གཉེན་བསྒྲིག་བྱ་བའི་བུ་དང་བུ་མོ་གཉིས་ཀྱི་ཁྱིམ་གཞིས་གཉིས་ཀྱི་གྲོས་མཐུན་བྱུང་ནས་གཉེན་བསྒྲིག་བྱེད་པ་ཡིན་ལ། ཐོག་མར་གཉེན་སློང་བའི་ཚེ་ན་བུའི་ཁྱིམ་ཚང་དངོས་སུ་འགྲོ་ནས་གཉེན་བསློང་བ་ཉུང་ཉུང་ཡིན་པས། ཚོགས་གཉིས་ཀར་མཐུན་པའི་མི་ཞིག་གིས་གཉེན་བསློང་བ་ཡིན། དེ་ནས་བུ་མོ་སྦྱིན་པའི་མོས་མཐུན་བྱུང་རྗེས་སུ། མོ་རྩིས་བྱེད་པ་དང་། རེ་འགས་སྔོན་དུ་མོ་བྱས་རྗེས་སུ་གཉེན་བསླང་སྲོལ་ཡོད། མོ་རྩིས་མཐུན་རྗེས་གཉེན་སྟོན་བྱེད་པ་རེད། གཉེན་སྟོན་བྱེད་ཚུལ་འགའ་ཞིག་ནི་རྩིས་པས་བཤད་པ་ལྟར་བྱེད་ལ། གཉེན་སྟོན་བྱ་བའི་རྩིས་ལ་བག་རྩིས་ཞེས་ཟེར། བག་རྩིས་ལས་བབ་པའི་ལོ་དང་སྤར་ཁ་མཐུན་མིན་སོགས་ཞིབ་རྒྱས་སུ་རྩིས་རྗེས་ད་གཟོད་མི་མཐུན་པ་རྣམས་བཅོས་ནས། བག་སྟོན་བྱེད་པ་ཞིག་རེད། དེ་དག་གི་སྐབས་སུ་བུ་མོའི་བཞོན་པ་དང་། ཐོག་མར་ལམ་དུ་ཆས་པའི་སྐབས་སུ་ཁ་ཕྱོགས་གང་དུ་གཏད་དགོས་མིན། གོན་པ་དང་། དེ་བཞིན་རྟ་ཁ་ལེན་མཁན་སྦྱིན་པའི་ཉིན་བཟང་པོ་དང་། ལེན་པའི་ཉིན་བཟང་པོ་སོགས་གལ་ཆེན་བྱེད་པ་ཞིག་རེད། དེའི་ཚེ་བུ་མོའི་ཁྱིམ་ཚང་ནས་བག་སྟོན་གྱི་སྟ་གོན་ལ་ཆང་དང་ཟས་གྲ་སྒྲིག་བྱེད་པ་མ་ཟད་རིམ་འགྲོ་བྱེད་མཁན་གཡང་བོན་ཞེས་ཆོས་ལུགས་པ་ཞིག་གིས་ཆོས་ཀྱི་བྱེད་སྒོ་སྤེལ་བ་སྟེ། གཙོ་བོ་མི་གཡང་མི་ཉམས་པའི་ཆེད་དུ་གཡང་འབོད་བྱེད་པ་དང་། གཡེན་ཁམས་ཞེས་ཡུལ་ས་གཞི་བདག་ལ་བརྔན་ཡོན་འབུལ་བ། ལོ་དུས་ངན་པ་བཅོས་ཀ་བྱེད་པ་བཅས་རེད། དེ་ནས་བུ་མོ་སང་ཉིན་གནས་ཡུལ་དུ་འགྲོ་དགོས་ཚེ། དེ་རིང་བུའི་ཁྱིམ་ཚང་གིས་བཀོད་བསྒྲིག་བྱས་པའི་བུ་མོའི་བཞོན་པ་དང་། བུ་མོ་བསུ་མཁན་བཅས་ཕྱི་དྲོའི་དུས་ཚོད་གསུམ་བཞིའི་མཚམས་སུ་བུ་མོའི་ཚོགས་སུ་འབྱོར་ཡོང་བ་དང་། དེ་ཉིད་བུ་མོའི་ཁྱིམ་ཚང་གིས་གཉེན་སྟོན་བྱེད་པའི་ཉིན་ཡིན་ཞིང་། དགའ་ཉེ་སྤུན་མཆེད་ཡུལ་མི་གྲོང་རོགས་ཚོས་དགའ་གླུ་སྐྱིད་ཆང་བྱེད་བཞིན་ཡོད། དེར་མ་ཟད་བུ་མོས་ཉིན་དེར་སྐྲ་དཀྲུ་བ་དང་བསླ་བ་སོགས་བྱེད་དགོས། བུ་མོ་བསུ་མཁན་གྱིས་ཁམས་ཆས་སྟེ། འབུ་རས་དཀར་པོའི་ནང་ལྭ་ཕུ་དུང་ནང་དུ་མི་ཞིག་ཀྱང་ཚུད་པ་ལྟ་བུ་ཞེང་དང་རིང་ཚད་སར་དྲུད་པ་ཞིག་གྱོན་པ་དང་། ཕྱི་གོས་ཚ་རུ་ལ་སྲམ་ལྤགས་ཀྱིས་བརྒྱན་པ་དོ་མ་ཡང་། འབུ་རས་དེ་བཞིན་ཆ་ཆེ་བ་ཞིག་གྱོན། མགོར་ཝ་དམར་ཞྭ་མོ་དང་། སྐེད་པར་གྲི་འོས་འཚམས་ཤིག་དང་མེ་ཆ་མདའ་ར་སོགས་བཏགས། བྱིན་རྟེན་ཁྱད་འཕགས་སོགས་ཀྱི་གའུ་རྒྱབ་ག་ཞེས་གའུ་ཆེ་ཙམ་ཞིག་སེ་རལ་ག་ཤལ་བྱས། རྟ་ཕོ་གཉིས་ཁྲིད་པས་གཅིག་བུ་མོའི་བཞོན་པ་དང་གཅིག་དེ་ཁོ་རང་ཉིད་ཀྱི་བཞོན་པ་ཡིན། རྟར་སྒ་ཆས་ལེགས་པར་སྤྲས་ཤིང་། རྟའི་གོང་དུ་ཏ་ལན་ནམ་ཏ་སྒྱེ་ཞིག་བཀལ་བའི་ནང་དུ་ནས་འབོ་གང་ཡན་མན་ཙམ་བླུག མདའ་དར་ཞིག་བཙུགས་ཤིང་ཐོན་འོང་། དེ་ནས་བོ་མོའི་ཁྱིམ་གྱི་ཁང་པའི་ཐག་རིང་ཙམ་གྱི་མཚམས་འདོམ་པ་གསུམ་བརྒྱ་ཡན་མན་རེར་བསུ་ཆང་ཞེས་ཆང་རེ་བཟུང་ནས་སྒུག་ཡོད། བསུ་ཆང་མ་མཐའ་ཡང་གསུམ་ཙམ་བྱེད་པ་རེད། དེ་ཡང་བསུ་ཆང་དང་པོ་ཐོགས་མཁན་སྟག་ཤར་གཞོན་པས་བྱེད་པ་དང་། གཉིས་པ་ན་ཆུང་བུ་མོའི་བསུ་ཆང་ཞེས་བུ་མོས་བྱེད་པ་རེད། བསུ་ཆང་རེའི་སར་ཆང་རེ་འཐུང་དགོས་ཞིང་། དེ་ཡང་བུ་མོ་བསུ་མཁན་ལ་གཉའ་བོ་ཟེར་ཞིང་། དེ་ནི་དཔང་པོ་ཞེས་པའི་དོན་རེད། གཉའ་བོས་ཐོག་མར་ཆང་ཕོར་པ་གསུམ་རེ་འཆོད་ཅིང་། སྐབས་དེར་ཕྱོགས་སོ་སོ་ནས་གྲོང་མི་དང་སྐུ་མགྲོན་ཚོས་ལྟད་མོ་ལྟས་ཡོད་པས་དེ་ནི་བརྗིད་ཉམས་ཆགས་པ་ཞིག་ཡིན་པས། གཉའ་བོ་རེ་འགས་བཞེས་ཀར་ལག་ནས་ཤོར་བ་དང་། རེ་འགའ་རྟ་ཕོ་ཞོན་བཞིན་ཆང་མཆོད་པ་སོགས་བྱེད་ཚུལ་སྣ་ཚོགས་ཡོད། སྐབས་དེའི་ཆང་ནི་ཆང་གི་དྭངས་མ་རམ་ཁུ་ཡིན་པས་གཞེས་ཀར་གསུམ་གྱིས་ཀྱང་བཟི་ཉེན་ཆེན་པོ་ཡོད། དེ་ནས་བུ་མོའི་ཁྱིམ་གྱི་སྒོའི་ཐོག་ཏུ་སྒོ་དར་ཞེས་ཁ་བཏགས་ཞིག་འབུལ་ཞིང་། སྒོར་དར་བཤད་ཅེས་ཁ་དགེ་བཀྲ་ཤིས་གང་ལེགས་བརྗོད་པ་རེད། དེ་ནས་ཁྱིམ་ནང་གི་མཆོད་ཁང་ཞེས་བོན་གཤེན་བཞུགས་གནས་སུ་གཞི་ཐོག་གོང་གི་ཏ་སྒྱེའི་ནང་དུ་ལྷ་འས་ཞེས་མདུན་ངོས་སུ་ནོར་བུ་ཆེ་བ་དེའི་གཡས་སུ་ཟླ་བ་དང་གཡོན་ཉི་མ་རྒྱབ་ཏུ་གཡུང་དྲུང་བྲིས་པའི་ཁུག་མ་ཞིག་ཡོད་ཅིང་། དེའི་ཁ་འདིག་དཀར་པོ་དང་། སྣེ་ཚར་དམར་པོ་ཡིན། དེར་ཤར་གཡུང་དྲུང་བྱང་འཁོར་ལོ་སོགས་མ་ནོར་བར་བྱེད་པ་དང་། ཁུག་མ་དེའི་ནང་དུ་གོང་གི་ནས་དེ་བླུག་དགོས། ནས་དེ་ཐོག་མར་གོང་ངེས་ཤིག་ཡོད་ཀྱང་སྐབས་དེར་བུ་མོའི་ཁྱིམ་ནས་མི་གང་བར་འགྱུར་ཟེར་བ་དང་། སྐབས་འགར་སྔར་ལས་མང་བར་འགྱུར་ཟེར་སྲོལ་ཡོད། མ་གང་ན་ལྟས་ངན་པར་བརྩི་བ་དང་། ལྷག་ན་བཟང་ལྟས་སུ་འདོད། དེ་ནས་ནས་བླུག་པའི་ཁུག་མ་དེ་ཉིད་ལྷ་གཞིའི་ཐོག་ཏུ་བཀོད། དེའི་སྟེང་དུ་མདའ་དར་དེ་བཙུགས་ཤིང་། མདའ་དར་གྱི་དར་སྣ་ལྔ་ཡང་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོ་སོགས་སུ་འགོད་དགོས། དེ་ནས་གཉའ་བོས་ཟས་རོལ་ཟིན་རྗེས་སུ་བུ་མོའི་སར་སོང་ཏེ་བུ་མོའི་སྐྲ་བསླ་བའི་སྐྲ་སྐུད་ཅེས་མགོར་སྣུམ་བསྐུ་རྒྱུའི་མར་བོད་རྒྱ་གང་ཡན་མན་དུ་སྐྲ་བསླ་མཁན་ལ་སྤྲོད་པ་དང་། སྐྲ་བསླ་མཁན་ཡང་བུ་མོའི་དབང་ཐང་གི་མ་སྟེ། བུ་མོའི་དབང་ཐང་ཆུ་ཡིན་ཚེ་སྐྲ་སླ་མཁན་ནི་ལྕགས་ཡིན་དགོས་ཤིང་། ཉིན་དེར་སྐྲ་ཉི་དྲོ་མིན་ཞེས་ཤོད་པ་དང་། སྐྲ་ཉི་དྲོ་ཞེས་ཉིན་དེར་ཉི་འོད་གསལ་ཞིང་ཉི་མ་དྲོ་ན་བུ་མོ་ཁ་དགེ་བཀྲ་ཤིས་ཅན་ཡིན་པར་སྨྲ། དེ་བཞིན་མ་དྲོ་ན་བུ་མོའི་སེམས་རྩུབ་པ་སོགས་སུ་བཤད། སྐྲ་བསླ་མཁན་ལའང་ཇ་བག་ཆེ་ཆུང་ཅི་རིགས་སུ་སྤྲོད་སྲོལ་ཡོད། དེ་ནས་བུ་མོའི་མགུར་དུ་གཡུ་ཞིག་འདོགས་པ་དེར་ད་སྐབས་བླ་གཡུ་ཞེས་ཟེར་ལ། སྔ་ནས་བུའི་ལེགས་སྐྱེས་ཡིན་པར་སྙམ། དེ་ནས་ཡང་གཡང་ཚེ་འགུག་ཅེས་རྡོ་སུམ་ཚུགས་སྟེང་དུ་ཆུ་ཟོམ་ཞིག་མཆོད་ཁང་ནང་གི་ཀ་བར་འདོགས་པ་དང་། དེའི་ནང་དུ་ཆང་གིས་བསྐང་ཞིང་། དེའི་སྟེང་སྩོ་མ་ཞེས་འབྲི་རིགས་བཅུ་བྱེད་སླས་ཧོ་ཆུང་ངུ་ཞིག་ནས་ཀྱིས་བསྐངས་ཏེ་འཇོག དེའི་སྟེང་དུ་བལ་དཀྱུད་ཅིག་བསྐོན་པ་དང་། དེའི་སྟེང་དུ་ཟངས་དཀར་ལུང་བཞིར་མར་གྱིས་རིགས་རྟགས་བརྒྱན་པའི་ནང་དུ་ཆང་གིས་བསྐང་ཞིང་། ནང་དུ་བསྒྲུབ་སྨན་བླུག ཆང་བླུག་བྱེད་སྐྱོགས་དཀར་རྒྱབ་ཤིང་ཅན་ཁ་བཏགས་ཀྱིས་བརྒྱན་པ་ཞིག་དང་། ཆང་བླུག་མཁན་སྐྱེས་ཕྲན་དར་མ་གཉིས་གཅིག་གིས་ཕོར་པ་མར་གྱིས་བརྒྱན་པ་དངུལ་ཁ་མ་ཞེས་པ་ཞིག་བཟུང་། དེ་ནས་ཆོས་ལུགས་པ་དེས་སྨན་གྱི་ཆོ་ག་དང་། སྨན་འཛབ་ལན་གྲངས་གྱེར་ཞིང་། སྨན་གྱི་མཆོད་འབུལ་རྒྱས་བསྡུས་ཅི་རིགས་སུ་བྱ། དེ་ནས་དང་པོ་ཆོས་ལུགས་པ་ཚོས་ལྷ་དར་ཅིག་གཞི་མདུན་དུ་འཇོག་པ་དང་། ཅིག་ཆང་བཅུ་བྱེད་ཀྱི་སྐྱོགས་ཐོག་ཏུ་བཀོན་པ་དང་། དེ་ནས་ཆང་བཞེས་ཕོར་སུམ་འདྲེན་བྱེད་པ་རེད། དེ་ནས་གཉའ་བོས་དེ་ལྟར་བྱེད་པ་ནས། སྐུ་མགྲོན་ཚོས་རིམ་བཞིན་དེ་ལྟར་བྱེད་པ་དང་། མཐར་ཁྱིམ་གྱི་བུ་མོའི་ཕ་མའི་དེ་ལྟར་བྱས་རྗེས་སུ་ཉིན་དེའི་གཉེན་སྟོན་གྲོལ་ལ་ཉེ། སྐབས་འདིར་གཡང་བོན་ནས་སྐུ་མགྲོན་བར་ཕོར་པ་གཅིག་གི་ནང་དུ་ཆང་འཐུང་བ་ལས་དམིགས་གསལ་ཤ་མི་ཟ་མཁན་ལ་ཕོར་པ་གཞན་པ་ཞིག་གོ་སྒྲིག་བྱེད་པ་ཡང་ཡོད། གཉེན་སྟོན་གྲོལ་སྐབས་སུ་སྒོ་ཁར་བསྐྱེལ་ཆང་ཞེས་ཡང་ཆང་གིས་མགྲོན་པོ་ཚོར་བསྐྱེལ་མ་བྱེད་པ་རེད། དེ་ནས་ཕྱི་ཉིན་གཟའ་སྐར་དང་བསྟུན་ཏེ་བུ་མོས་རྒྱན་གོས་གཟབ་རྒྱས་སྤྲས་ཤིང་། བུ་བསྐྱེལ་མཁན་བུ་མོའི་ཕ་མ་གཅིག་པའི་མིང་པོ་གཅིག་དང་། བུ་མོའི་ཞང་པོ་གཅིག་བཅས་ངེས་པར་དུ་དགོས་པ་དང་། དེ་ལྟར་མ་བྱུང་ཚེ་མིང་པོ་དང་ཞང་པོ་ཞིག་དགོས་པར་ཤོད་སྲོལ་ཡོད། བུ་མོའི་རྒྱན་གོས་ཀྱང་བག་རྩིས་ནང་དུ་དམིགས་གསལ་ཡོད་པ་དང་མེད་པ་ཅི་རིགས་ལས། མགོར་ཝ་ཞྭ་གྱོན་པ་དང་། སྐེད་པར་ཆ་མ་ཞེས་དངུལ་གྱི་སྐེད་རྒྱན་འདོགས་པ། དེ་བཞིན་སྐྲ་ས་ཁུལ་ནང་བཞིན་རྒྱས་སླ་བྱེད་པ་གཡུ་བྱུར་གྱི་མཛེས་ཆས་ལེགས་པར་སྤྲས་པ་སོགས་བྱེད། དེ་ནས་བུ་མོར་བསྲུང་བའི་འཁོར་ལོའམ་བསྒྲིབ་ཤིང་སྣ་ཚོགས་འདོགས་པ་དང་། དེ་ནས་གཉའ་བོས་ཤིས་བརྗོད་ཀྱི་ངང་ནས་བུ་མོར་རྒྱབ་དར་ཞེས་ཁ་བཏགས་ཤིག་སེ་རལ་བྱེད་པ་དང་། དེ་ནས་ཁ་སང་གི་ལྷ་གཞི་ཁ་བཏགས་དང་ཆང་སྐྱོགས་ཀྱི་ཁ་བཏགས་ཕྱེད་བུ་མོའི་རྒྱབ་ཏུ་འདོགས་པ་དང་། ཡུལ་མི་དང་གྲོང་ཚོ་དགའ་ཉེ་སྤུན་མཆེད་ཀྱིས་བཀྲ་ཤིས་བརྗོད་བཞིན་མགུལ་དར་སྒྲོན་པ་རེད། དེ་བཞིན་སྔར་རྒྱལ་བཞད་མ་ཉིད་བག་མར་བྱོན་དུས་སུ་སྐྲ་ཉག་རེ་ལ་གཡུ་རེ་སྒྲོན་ཞེས་པ་དེའང་འདི་བཞིན་ནོ་སྙམ། དེ་ནས་བུ་མོ་གནས་ཡུལ་ཕྱོགས་སུ་འགྲོ་བ་ལ་ཐོག་མར་གནམ་ལོའི་ཕྱོགས་གཙང་དུ་གོམ་བདུན་སོགས་སུ་བོར་ནས་འགྲོ་བའོ། །བག་མ་གནས་ཡུལ་དུ་ཐོན་ལ་ཉེ་བ་ན་སྔར་བཞིན་བསུ་ཆང་གསུམ་ཡན་བསྒྲིག་ཡོད་པས། དེ་ཡང་ཁ་སང་བཞིན་མཆོད་བཞེས་བྱེད་པ་དང་། ལམ་བར་དུ་ཆུ་ཁུར་བ་དང་། ལྕི་བ་ཁུར་བར་འཕྲད་ཚེ་གཡང་དང་སྣ་ཐུག་པའམ་བཀྲ་ཤིས་ལྟས་བཟང་དང་། ཉིན་དེའི་བྱ་བ་བདེ་ལགས་ངང་འགྲུབ་པའི་ལྟས་བཟང་དུ་བརྩི་བས་དེ་དག་ལ་ཁ་བཏགས་རེ་བསྒྲོན་པ་རེད། དེ་ནས་བག་མའི་འབབ་གདན་ཐོག་ཏུ་བག་མ་འབབ་པ་དང་། རྟ་ཁ་ལེན་པ་ཞྭ་མོ་ཕུད་པ་སོགས་ལ་ཤོད་སྲོལ་སྣ་ཚོགས་པ་ཡོད་ཅིང་གཙོ་བོ་ཞྭ་ཕུད་མཁན་ནི་ཞང་པོའི་ཕྱོགས་ནས་ཡིན་དགོས་པ་དང་། དེ་ཡང་ཞང་ལྷ་གསོལ་བའི་དོན་ཡིན་པ་སོགས་བཤད། ཞང་པོ་ཡོད་དགོས་པའི་དོན་ཡང་ཞང་ལྷ་གསོལ་བའམ་ཞང་ལྷས་བུ་མོར་མགོན་སྐྱོབ་བྱེད་པའི་དོན་ཡིན་སྐད། དེ་ནས་བུ་མོས་སྒོ་ལ་དར་སྒྲོན་པ་དང་། སྒོ་སྟེང་དུ་བསྲུང་ཞེས་མར་བྱུག་པ་སོགས་རེད། མར་དེ་ཉིད་ལྕི་བ་རྒྱེ་བུའི་གང་ཐོག་སྩོ་མའི་ནང་དུ་ནས་བླུག་ཅིང་དེའི་བལ་དཀྱུས་ཐོག་ཏུ་འཇོག་པ་དང་དེ་ཉིད་གཟུང་མཁན་ལོ་རྟ་བཞིན་བཀོད་སྒྲིག་བྱས་ཡོད། དེ་ནས་སྐབས་འགར་རྒུན་ཁར་མར་འཁྱགས་སུ་འཇུག་པ་ཡོད། སྒོའི་གཡས་གཡོན་དུ་སྣོད་ཆུས་བསྐང་བ་སོགས་རྟེན་འབྲེལ་བཟང་པོའི་མཚོན་བྱེད་ཅིང་། དེར་བུ་མོ་བསྐྱལ་མཁན་ཚོས་ཁ་བཏགས་འགེབ་སྲོལ་ཡོད། དེ་ནས་བུ་མོ་གནས་ཡུལ་གྱི་མཆོད་ཁང་ནང་དུ་འབྱོར་རྗེས་སུ་གཞི་ཐོག་ནས་དམུ་ཐགས་ཞེས་ཁ་བཏགས་ཞིག་འཐེན་ནས་དེ་བུ་མོའི་ལག་གཡོན་དུ་གཏད་ཅིང་དེའི་སྟེང་དུ་ཚེ་མར་ཞེས་རྩམ་པ་གངས་རི་ལྟར་སྤུངས་པའི་ཐོག་མར་གྱི་རྒྱན་ལེགས་པར་བཏགས་པ་ཞིག་ཡོད་པ་དེ་གཏད། ལག་གཡོན་དུ་མདའ་དར་ཞིག་གཏད་དེ་ལྷ་ཁང་ནང་དུ་ཁ་གཞིར་གཏད་དེ་ལང་དུ་བཅུག དེ་ནས་གཡང་བོན་གྱིས་གཡང་གི་བྱིན་འབེབ་དང་གཡང་འབོད་བྱ། གཡང་འབོད་ཀྱི་རོལ་མོ་དཀྲོལ། དེ་ནས་བུ་མོར་མིང་གསར་འདོགས། མིང་དེ་ཡང་བུའི་མའི་མིང་གི་ཟུར་ནས་འདོགས་དགོས་པ་སོགས་བཤད་ཀྱི་འདུག དེ་ནས་ཁྱིམ་གྱི་ཇ་ཁང་ནང་དཀྱིལ་གྱི་ཀ་བར་ཁ་བཏགས་ཅིག་འགེལ་བ། ཁ་བཏག་རེ་འགེལ་རྗེས་དར་བཤད་རེ་བྱེད་རྒྱུ་ཡོད་མོད། དར་བཤད་བྱེད་མིན་དེ་ཁྱིམ་ཚང་ཁག་གཉིས་ཀྱིས་གྲོས་མཐུན་ལྟར་བྱེད་དགོས། དེ་རྒྱུ་མཚན་ནི་དར་བཤད་རེ་འགའ་ནི་ཁྱིམ་ཚང་དག་ཟུར་ཟ་ཡིན་པ་དང་། རེ་འགའ་ནི་ས་ཆ་དེ་གའི་ཕོ་སར་མོ་སར་སོགས་ལ་ཟུར་ཟའི་ཚིག་ལ་དེ་བཞིན་མཉའ་བོ་དག་གི་རྣམ་དཔྱོད་ཀྱིས་ཁ་ཤགས་ཀྱང་མང་དུ་འབྱུང་གི་ཡོད་པས་ན། དེའི་དབང་གིས་བརྩོད་གླེང་མང་དུ་འབྱུང་བས་ན་ཕྱོགས་གཉིས་བདེ་འཇགས་ཀྱི་ཕྱིར་དུ་མོས་མཐུན་བྱུང་མིན་དེ་ཕྱིར་རེད། དེ་རྗེས་བུ་མོ་སྡོད་གནས་སུ་འཁོད་པ་རེད། སྡོད་གནས་ལའང་གཡུང་དྲུང་འཁོར་ལོ་དང་། གནམ་ཡོལ་སོགས་ལེགས་པར་འཐེན་པ་ཞིག་དགོས། དེ་དག་ནི་སྲོག་ལུས་དབང་ཐང་གང་ཉམས་པ་སོ་ཆུད་ཀྱིས་འབྲི་དགོས་པའང་བཤད་དོ། །དེ་ནས་སྣ་ཟས་དྲང་ཞེས་ཟས་ཞོ་དང་འོ་མ་གང་རུང་ཞིག་ལོ་ཁམས་དང་བསྟུན་པ་ཞིག་གིས་སྤྲོད་དེ། །སྤྱིར་གཉན་སྟོན་བྱེད་སྐབས་སུ་ལས་དཀའ་བྱེད་མཁན་དཔལ་འབྱོར་དོ་སྡོམ་པ་གཉེར་པ་ཞིག་དང་། ཟས་གཡོ་བཀོལ་བྱེད་མཁན་གྱི་མ་བྱན། དེ་བཞིན་ཇ་མ་དང་། ཆང་མ། དཔལ་འབྱོར་ཚུར་འོང་ཐོ་འགོད་པའི་བྲང་ཡིག་སོགས་ཡོད། དེ་ཡང་བུ་མོ་བསྐྱལ་མཁན་གྱི་གཉའ་བོ་དག་ལ་ཟས་རིགས་མར་རྡལ་ཐུད་རྡལ་དང་། བྲོ་འབུ་དཀྱུས། བྲོ་མ་མར་ཁུ་སོགས་བོད་ཀྱི་ཟས་རིགས་ཐོ་རིམ་དེ་དག་ལས། བུ་མོར་དམར་ཟས་བཟའ་རུ་མི་འཇུག་པ་སྟེ། སྔོན་བག་མ་ཞིག་གིས་ཉིན་གོང་བོར་ཟས་མ་ཟོས་པས། དགུང་མོར་སྐམ་དྲག་པས་ཆུ་འཐུང་རུ་ཁྱིམ་གང་སར་ཉུལ་བའི་མཐར་བརླན་གཤེར་ཞིག་འཕྲད་པ་དེ་འཐུང་བས། དེ་ནི་ཕག་ཁྲག་ཡིན་པས་དེ་འཐུངས་ནས་མོའི་ཁར་ཁྲག་ཅུང་ཟད་འགོས་ཡོད་པས། ཕྱི་ཉིན་དེར་མཐོང་བའི་མིས་གད་མོ་རྒོད་ཅིང་། མོས་ལེ་ལོང་ལས་བལྟས་པས་ངོ་ཚ་ནས་རང་མེད་བྱས། དེ་ནས་འདྲེ་མོ་ཕག་གི་མགོ་བོ་ཅན་ཞིག་ཏུ་གྱུར་ནས་གང་སར་འཁྱམས་པར་གྲགས་པས་དེའི་ཕྱིར་དཀར་ཟས་ཁོ་ནར་འདྲེན་པ་ཞིག་རེད། དེ་ནས་ཉིན་དེར་ཆུ་ཚོད་གསུམ་པ་དང་བཞི་པའི་སྐབས་སུ་གཡང་ཚེ་འགུག་ཅེས་ཁ་སྔོན་ལྟར་གོ་བསྒྲིག་བྱེད་པ་ལས། དམིགས་གསལ་ཉིན་འདིར་ཁ་བཏགས་བུ་དང་བུ་མོ་གཉིས་ཀྱི་སྐེར་བཀོན་དགོས་ཤིང་། དེ་གོ་རིམ་ཐོག་མར་གཡང་བོན་དག་གིས་བཀོན་པ་དང་། དེ་རྗེས་མིང་པོ་དང་ཞང་པོ་དེ་ནས་སྐུ་མགྲོན་ཚོས་རིམ་བཞིན་བཀོན་པ་ཡིན། དེ་ཡང་བུར་འཕྲག་པ་གཡས་ནས་གཡོན་ཕྱོགས་སུ་བཀོན་པ་དེ་ཕོ་ལྷ་འཕྲག་པ་གཡས་ནས་གསོལ་ཞེས་ཟེར། དེ་ནས་བུ་མོར་བཀོན་པ་ནི་འཕྲག་པ་གཡོན་ནས་གཡས་སུ་བཀོན་པ་དེ་ནི་མོ་ལྷ་འཕྲག་པ་གཡོན་ནས་གསོལ་ཞེས་ཟེར། དེའི་ཕྱི་ཉིན་གཉའ་བོ་ཞང་པོ་དང་མིང་ཕོ་སོགས་བག་མ་བསྐྱེལ་མཁན་རྣམས་རང་ཡུལ་དུ་ལོག་ཅིང་དེའི་སྐབས་སུ་ཞང་པོ་དང་མིང་པོའི་བུ་མོར་རྟ་གཡག་འབྲི་ལུག་གང་རུང་རེ་སྦྱིན་པར་བྱེད། བུ་མོ་ཡང་སྒོ་ཁར་ཞང་པོ་དང་མིང་པོ་བསྐྱལ་རུ་ཡོང་ནས་དེ་གཉིས་ལ་བསྐྱེལ་ཆང་འདྲེན་པ་དང་དེ་སྐབས་སུ་བུ་མོར་གང་བྱིན་པ་རྣམས་མིང་ནས་འབོད་པ་རེད། དེའི་སྐབས་སུ་གཉའ་བོ་དག་ལ་ལུག་ཤ་ལག་པ་རེ་བྲོ་རྡར་ཐུད་རྡར་མར་རྡར་བྲོ་མ་མར་ཁུ་ནས་ཏ་སྒྱེ་ནང་འོས་འཚམས་སོགས་བསྐུར་དགོས་པའང་རེད།  དེའི་ནུབ་མོར་བུ་མོ་རང་གི་ཁྱོ་དང་སྤྲོད་པ་མ་གཏོགས་ཞང་པོ་སོགས་ཡོད་སྐབས་བུ་དང་བུ་མོ་གཉིས་ནུབ་མོར་འཕྲད་དུ་མི་བཅུག་ཟེར། དེ་ནས་ཉིན་གསུམ་པར་བུ་མོ་དང་རང་གི་ཁྱོ་གཉིས་བུ་མོའི་ཁྱིམ་དུ་མར་མགྲོན་དུ་འགྲོ་དགོས་པས་དེ་བསུ་རུ་བུ་མོའི་ཁྱིམ་གྱིས་གོ་བསྒྲིག་ལྟར་སླེབ་རྗེས་སུ་བུ་མོ་དང་བུ་གཉིས་རྟ་སྒ་ཆས་ལེགས་པར་བྱས་ནས་བུ་མོ་རང་ཡུལ་དུ་ལོག་འགྲོ། ཞག་གཅིག་ཙམ་དུ་བུ་མོའི་ཁྱིམ་དུ་སྤྲོ་གསང་བྱེད་པ་ཡིན། དེ་རྗེས་སུ་ཉིན་བཅུ་ཡན་མན་ནས་བུ་མོ་བག་ཁྱིམ་དུ་ཚུར་ལོག་དགོས་པ་ཡིན། དེ་ཡང་ས་ཆ་འདི་ནས་བུ་མོ་བཙོང་བའི་ཚུལ་དེ་ཙམ་མེད་པས། བུ་མོར་ཁྱིམ་གྱི་རྒྱུ་ནོར་གང་ལ་གང་འཚམས་སྦྱིན་པར་བྱེད་དགོས། འོན་ཀྱང་གཉེན་བསྒྲིག་ཐོ་འགོད་བྱེད་པའི་ལག་ལེན་ད་དུང་ཡང་ས་འདིར་དར་མེད། དེའི་ཕྱིར་གཉེན་སྟོན་སྐབས་སུ་བག་མ་ཕར་ཆེ་བ་ནི་ངུ་བཞིན་འགྲོ་བ་དང་དྲན་མེད་རྒྱལ་བ་ཡང་བསམ་གྱིས་མི་ཁྱབ་པ་གོ་ཐོས་ཡོད། བུ་མོའི་བློར་འབབ་མིན་ལ་མ་ལྟོས་པར་གཉན་སྒྲིག་བྱེད་པ་དང་། བུའི་བློ་ལ་ཡང་མ་ལྟོས་པར་དེ་ལྟར་བྱེད་ཀྱི་ཡོད། དེའི་དབང་གིས་བུ་བག་ཕ་འཐོར་འགྲོ་བ་ཡང་བསམ་གྱིས་མི་ཁྱབ་ལ། །གནས་ཡུལ་དུ་འགྲོ་མཁན་གྱི་བུ་མོ་ཕལ་ཆེ་བ་ནི་ངུ་བཞིན་འགྲོ་གི་འདུག འོན་ཀྱང་ཕོ་སར་དགྲ་ལ་འགྲོ་ཁ། ཁ་དགའ་ཞིག་དང་ཁོག་སྡུག་ཅིག མོ་སར་གནས་ལ་འགྲོ་ཁ། ཁ་སྡུག་ཅིག་དང་ཁོག་དགའ་ཞིག་ཅེས་གཏམ་དུ་གྲགས་འདུག

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.