ཁྱུང་ཡུལ་གྱི་ལོ་སར་དང་རི་བསྟོད།
དེ་ཡང་གནམ་ལོ་གསར་ཚེས་ལ་སྤྲོ་བསང་གཏང་བའི་བྱ་བ་སྤེལ་བའི་ལུགས་བོད་ཀྱི་ཡུལ་གྲུ་ཙམ་མ་ཟད་མི་རིགས་གཞན་ལ་ཡང་ཡོད་པར་གྲགས་ཤིང་། བོད་ཀྱི་ལོ་གསར་ལ་སོ་ནམ་དང་ཕྱུགས་ལས་ཆོས་ལུགས་སོགས་ཀྱིས་དབང་གིས་དུས་ཚོད་སྣ་ཚོགས་ཡོད་འདུག་མོད། ད་ལན་ཁྱུང་ཡུལ་གྱི་ལོ་གསར་ལ། རྒྱ་ལོ་ལོ་ཆེན་དང་བོད་ལོ་ལོ་ཆུང་གཉིས་སུ་གཏོང་སྲོལ་ཡོད་འདུག དེར་རྒྱ་ལོ་ཞེས་པ་དེ་རྒྱ་ཡུལ་ནས་བོད་དུ་དར་བའི་ལུགས་ཤིག་ཡིན་པ་དང་། དེ་ཡང་ད་ལྟའི་ཧོར་ཟླའི་ལུགས་དེ་ཉིད་ཡིན་འདུག་པ་དེ་ནི་ཧོར་གྱིས་མན་ཉག་ལག་ནས་རྒྱ་ནག་གི་རྒྱལ་ས་ལོན་པའི་ཕྱི་ཉིན་དམག་སྟོན་རྒྱ་ཆེན་བཤམ་པ་དེ་ཉིད་རིམ་བཞིན་ལོ་ལྟར་བྱེད་པའི་ལུགས་སྲོལ་ཆགས་པ་ཞིག་རེད་འདུག དེ་ནི་ཧོར་ཟླ་དང་པོའི་ནང་དུ་གཏོང་སྲོལ་འདུག་ལ། ཧོར་ཟླ་དེ་ཡང་རྒྱ་རྩིས་དང་བོད་རྩིས་ཀྱི་སྐར་རྩིས་དབང་གིས་སྟེ། མཚོ་སྔོན་གྱི་རྒྱ་ལོ་དང་བོད་ཀྱི་ལྷ་སའི་ལོ་ཐོའི་ལོ་སར་གཉིས་སྐབས་འགར་ལྷན་དུ་འབྱུང་བ་དང་། སྐབས་འགའ་མི་འབྱུང་བ་འདུག དེ་ཡང་མཚོ་སྔོན་ཁྲི་ཀར་བོད་ལོ་ཞེས་ལོ་རེའི་ཟླ་བ་བཅུ་གཉིས་པ་ལ་འབོད་པ་དང་། ཟླ་བ་དང་པོ་ལ་རྒྱ་ལོ་ཞེས་ཟེར་བ་ཞིག་ཀྱང་ཐོས་མྱོང་། དེ་ནི་དོན་ངོ་མ་བོད་ཀྱི་ལོ་གསར་དེ་གནའ་བོའི་བོད་མིས་དཔྱིད་ར་སྟག་གི་ཟླ་བ་ལ་གཏོང་གི་ཡོད་པ་དང་། དེའི་ཉ་སྐར་རགས་རྩིས་ལྟར་ན་རྒྱལ་སྟོད་ལ་ཁེལ་བ་སོགས་བོད་གནའ་བོའི་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་འདུག ད་ལྟའི་བོད་ཀྱི་ས་ཆ་གང་ས་ལའང་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་སར་བྱེད་པའང་ཡོད་འདུག དེ་ཡང་ཡུལ་གྲུ་འདིའི་ལོ་སར་དེའི་ལྟ་གོན་དུ་ཉི་ཤུ་དགུའི་ནང་སྔ་མོར་ཁྱིམ་གྱི་ཁང་པའི་དུད་དྲེག་གཙང་ཕྱག་བྱེད་པ་དང་། འོན་ཀྱང་རྣམ་ཀུན་ཁང་རྒན་གྱི་དུད་རྒན་བསྒུལ་མི་ཉན་ཞེས་རྣམ་རྟོག་བྱེད་ཀྱི་ཡོད། དེ་ནས་ཉི་ཤར་སྐབས་སུ་ར་ལུག་འབྲི་གཡག་གི་མགོའི་སྤུ་མེར་བསྲེག་བྱེད་དེ་འགོ་བཙོ་བའི་གྲུབ་བྱེད་པ་དང་། སྤྱིར་གང་བྱུང་དུ་སྤུ་རིགས་མེ་ལ་བསྲེག་པར་འཛེམ་དོག་ཡོད་མོད་ཉིན་དེར་སྤུ་རིགས་མེར་བསྲེག་ཆོག་པའི་ཉིན་མོ་ཞིག་ཡིན་པར་འདོད་ཀྱི་ཡོད། དེ་ནས་ནང་མི་ལྷན་རྒྱས་ཀྱིས་སྐྲ་བཀྲུ་བ་དང་། དེ་ཡང་ནང་མི་གང་རུང་ཞིག་ཚེ་ལས་འདས་ནས་དགུང་ཞག་ཞེ་དགུ་མ་རྫོགས་ཚེ་སྐྲ་བཀྲུ་སྲོལ་མེད་ཀྱང་། ཉིན་འདིར་དེ་ལྟ་བུའི་གནས་ཚུལ་ཡོད་ཀྱང་སྐྲ་བཀྲུ་དགོས་པར་བཤད་སྲོལ་ཡོད་དེ། སྡུག་ན་ལོ་སྲ་མ་ཁུར། དགའ་ན་ཉ་སྲ་མ་བྱེད། ཅེས་ཟེར། དེ་བཞིན་ཐགས་འཐག་པ་ཡང་འདིའི་ནས་ཚར་བར་བྱེད་དགོས་པ་ལས་ལོ་ཐག་མ་བྱེད་ཅེས་ཟེར། དེ་ནས་དགུང་ཟས་ལ་དགུ་ཐུག་ཅེས་བོད་ཀྱི་ཡུལ་གྲུ་གང་སར་བཀོལ་སྲོལ་ཡོད་པ་བཞིན་དགུང་ཟས་བཟོ་བ་རེད། ཕྱི་ཉིན་ཚེས་སུམ་ཅུའི་ཉིན་སྔ་ཉིན་གྱི་དུད་དྲེག་གིས་སའམ་འཁྱགས་རུམ་སྟེང་དུ་མདའ་གཞུ་ཞིག་འབྲི་བ་དེས་ལོ་དེའི་ཀག་ཟློག་པ་དང་སྒྲ་བླའི་དཔའ་ཁ་བསྟོད་པར་མཚོན་པ་དང་། དེ་བཞིན་བཀྲ་ཤིས་པའི་རི་མོ་སྣ་ཚོགས་འབྲི་བར་བྱེད་པ་རེད། ཉིན་དེར་ར་ལུག་འབྲི་གཡག་གི་མགོ་བཙོ་བ་དང་། དེ་བཞིན་བྲོ་ཟས་སྣ་ཚོགས་བཟོ་བ་ལས། བྲོ་འབུ་དཀྱུས་ཞེས་བྲོ་སླས་མ་ཞིག་བཟོ་བ་དེ་རིགས་བཀྲ་ཤིས་པ་དང་། བྲོ་ཟས་མཐོ་རིམས་སུ་བརྩི་བ་རེད། བྲོ་མ་བཙོ་བ་དང་། སྤག་ཙ་མར་ཁུ་ཞེས་བྲོ་རིལ་རློན་བཙོས་བྱས་ཏེ། མར་སོགས་སྣུམ་རིགས་ནང་དུ་བཙོ་བ་དང་། མར་ཁུ་དང་བྱེ་མ་ཀ་ར་བླུག་པ་སོགས་བོད་ཟས་སྣ་ཚོགས་བཟོ་བ་དང་། གཏུང་བྱའི་ཇ་ནི་དཀྲུག་ཇ་ལ་བྱེད་པ་ལས། འོ་ཇ་དཀར་མོ་ཨམ་མདོ་ལྟར་བཀོལ་སྲོལ་མི་འདུག དགུང་མོར་ཁྱིམ་ནང་དུ་བྲོ་ཕྱེས་རི་མོ་སྣ་ཚོགས་འབྲི་བ་ལས། ཡང་མདའ་གཞུ་ཞིག་འབྲི་བ་དེས་མདའ་རྩེ་བྱང་དུ་སྟོན་པ་དང་། གཞུ་འཆང་དང་སྟོང་ཀ་ལྷོ་རུ་སྟོན་པ་དེས་དགྲ་འདུལ་ཀག་ཟློག་གི་དོན་ཡིན་པར་གྲགས། དེ་ནས་ཆང་རྫ་ཞིག་འབྲི་བ་དེས་ཕ་ཞིང་པ་རྒན་པོའི་ཆང་འཐུང་མི་འཆད་པར་བཤད་པ་དང་། ཐབ་ཀའི་ཀླད་ཀྱི་གྱང་སོགས་ཀྱི་ལྡེབས་ངོས་སུ་ཐབ་ལྷ་མེ་འབར་ཞེས་ནོར་བུ་མེ་འབར་ཞིག་འབྲི་བ་དང་། དེའི་གཡས་སུ་ཉི་མ་དང་། གཡོན་དུ་ཟླ་བ་ཀླད་དུ་སྐར་མ་སྨིན་དྲུག་ཅིག་འབྲི་བའོ། །དེ་ནས་ཕྱི་ཉིན་སྔ་མོ་ལངས་ནས་ཆུ་ཞིག་ལེན་པ་དེའི་མིང་ལ་སྐར་མ་ཞོགས་ཆུ་ཞེས་ཟེར། དེ་ལེན་སྔ་འཕྱི་གོ་རིམ་ལ་འགྲན་རྩོད་བྱེད་པ་དང་། ཆུ་ལེན་མཁན་གྱིས་རྒྱན་གོས་ལེགས་པར་གོན་ཞིང་། མར་དང་སྤོས་བསང་བྲོ་སོགས་འཁྱེར་ཏེ། མར་དེ་ཉིད་ཆུ་མགོ་ཆུ་བཅུ་སའི་འཁྱགས་རིམ་དང་རྡོ་སོགས་ལ་བསྲུང་བྱུག་པ་དང་། དེ་ནས་ལྷག་མ་ཆུ་བཀྱག་ཅེས་ཆུ་ཁུར་བར་རང་གི་ལུས་ཚད་ཀ་ཙམ་སླེབ་པའི་ཀྱོག་ཅིག་ཡོད་པ་དེར་བསྲུང་བྱུག་པ་དང་། དེའི་སྟེང་ཟུར་ཅིག་ཏུ་བསང་འཇོག་པ་བཅས་བྱེད་པ་ཡིན། ཆུ་དེ་ནི་གཙང་ཆུ་ཁྱད་དུ་འཕགས་པ་ཞིག་ཡིན་པར་བརྩི། དེ་ཉིད་ཐོག་མར་ཡོན་ཆབ་བཤམས་པ་དང་། ལྷག་འཕྲོའི་ཁ་བཤལ་ངོ་འཁྲུ་བྱེད་པ་རེད། དེ་ནས་སྔ་ཙམ་ནང་མི་ཕོ་སྨོས་ཀུན་ལངས་ཏེ་ཞོགས་ཟས་ལ་རོལ་བའི་ཐོག་མར་བྲོ་བསྲེག་མ་ཞིག་ཟ་བ་དེ་ནི་ལོ་གང་མའི་ནང་དུ་ཁ་བྲོ་བཀྲ་ཤིས་འབྱུང་བར་མཚོན་པ་རེད། དེ་ནས་གོས་གསར་གྱོན་པ་དང་། ཉིན་དེའི་ལོ་གསར་ལ་རོལ་བ་ཡིན་འདུག ལོ་སར་ཉིན་དགའ་ཉེ་སྤུན་མཆེད་ཀྱི་སར་མགྲོན་དུ་འགྲོ་བ་དང་། འགྲོན་ཐོག་མར་ཡོང་མཁན་གྱི་མི་དེ་ཉིད་བཀྲ་ཤིས་ལྟས་བཟང་ཡིན་མིན་ཤུབ་ཤུབ་ཏུ་གླེང་བར་བྱེད་པ་རེད། ལོ་སར་ཀྱི་བཏུང་བ་གཙོ་བོར་ཆང་ལ་བྱེད་པ་དང་། ཆང་སྣོད་སའི་རྫ་མ་ལུང་གསུམ་མ། གཡུ་འབྲུག་གི་སྣ་ལྗག་ཅན་དེར་མར་གྱིས་བརྒྱན་དེ། ཐོག་མར་སླེབ་པའི་སྐུ་མགྲོན་དེ་རིགས་ལ་སུམ་འདྲེན་ཞེས་ཧམ་རེར་བཏུང་རྗེས་ཐེངས་རེ་བླུག་སྟེ། ཐེངས་གསུམ་པའི་རྗེས་སུ་གཙང་བཞེས་བྱེད་པ་དང་། ས་ལ་ཐིགས་ཙམ་འཐིགས་རྒྱུ་ལྷག་ན་ཐིགས་འཆང་ཞེས་བཞེས་ཀར་གང་འཐུང་དགོས་པ་དང་། ཀར་ཡོལ་འཇོག་སྐབས་སུ་ཀེག་སྒྲ་གྲག་ན་ཀེག་ཆང་ཞེས་ཡང་གང་འཐུང་དགོས་པ་སོགས་ཆང་འཐུང་སྟངས་སྣ་ཚོགས་ཡོད་པ་རེད། ཕྱི་དྲོ་གླུ་ལེན་པ་དང་། གཞན་བག་དང་ཤོ་སོགས་རྩེད་མོ་སྣ་ཚོགས་རྩེད་པ་བཅས་སོ། །དེ་ནས་ཚེས་གསུམ་ཉིན་སྔ་མོར་ཕོ་སྐྱེས་རྣམ་ལངས་ཏེ། རི་བསྟོད་བྱེད་པ་སྟེ། ཚེས་གསུམ་སྐར་མ་བལྟ་མི་དགོས་ཞེས་སྐར་མ་བཟང་པོ་ཞིག་ཡིན་པར་འདོད་ཅིང་། རྟར་སྒ་ཆས་ལེགས་པར་སྤྲས། བསང་ཆས་ཤུག་པ་ལ་སོགས་གོམ་སྲོལ་དང་ཆོས་ལུགས་མཐུན་པར་བསྒྲིག ལས་རླུང་གསོ་བྱེད་དང་། ཚེ་རིང་བར་བྱེད་པའི་དར་སྣ་སོགས་སྨྱུག་མ་ཚིགས་གསུམ་སྟེང་དུ་སྒྲོན། ཡུལ་ལུང་གྲོང་སྡེ་རང་ཉིད་ཀྱི་རྒྱབ་རིར་གསས་ཁར་ཞེས་ལ་རྩེ་ཡོད་སར་བགྲོད་དེ། བསང་མཇོག་པ་དང་། གྲ་སྒྲིག་རྒྱས་ཙམ་བྱུང་ན། སྒྲ་བླ་དཔའ་བསྟོད་བྱེད་པ་སྟེ། དེའི་སྐོར་རགས་ཙམ་ཞུས་ན། ཐོག་མར་སྒྲ་བླའི་དཔའ་བསྟོད་ཀྱི་གཏོར་མ་དཔའ་བསྟོད་ཀྱི་ཡིག་ཆ་ལྟར་བཟོས་རྗེས་ཆོས་ལུགས་མི་སྣ་ཚོས་སྒྲ་བླའི་དཔའ་བསྟོད་ཀྱི་ཆོ་ག་འོས་འཚམས་སུ་བཀློག དེ་ནས་དཔའ་སྟོད་ཀྱི་ཉིན་མོར་སྒྲ་བླའི་གོ་བསྲུང་ཞེས་མི་རྟ་གཉིས་ཀའི་ཐོད་པར་བླ་མ་དགེ་བཤེས་སོགས་ཆོས་ལུགས་མཐོ་རིམ་མི་སྣ་ཞིག་གིས་མར་བྱུག་པ་དང་། དེ་ནས་མདའ་མཚོན་གྱི་མདུང་ཁྱིམས་ཕེབ་འོག་ནས་འཛུར་སྟེ། ཀུ་སྒྲ་འདོན་བཞིན་རྟ་ལ་ཞོན་ནས་བསང་ཁང་དང་ལ་རྩེ་སོགས་ལ་བསྐོར་བ་ལན་གསུམ་རེ་བྱ་ཞིང་འབྲུ་སྣ་དང་། གསེར་སྐྱེམས་མཆོད་རྗེས། སྒྲ་བླའི་གོ་རྩེད་ཅེས་འབེན་བསླང་ནས་དེར་འཕྲུལ་མདའ་དང་། ཁམས་མདའ་སོགས་འཕེན་པ་དང་། རྟ་ཕོའི་མགྱོགས་རྩལ་འགྲན་པ་སོགས་བྱེད་པ་དང་། དེ་བཞིན་དམིགས་གསལ་གོ་བསྒྲིག་བཞིན་ཚོ་བ་ཚོས་གླུ་གར་འཁྲབ་སྟོན་བྱེད་པ་སོགས་ཡིན་འདུག དེ་ཡང་སྒྲ་བླའི་དཔའ་བསྟོད་ཅེས་པ་འདི་ཉིན་ཐོག་མར། བོན་ལུགས་ཀྱི་ཆོ་ག་ལྟར་ན། སྟོན་པ་གཤེན་རབ་དགུང་ལོ་གཅིག་ལ་མ་སོན་གང་དེར་གཞོན་ནུའི་རོལ་རྩེད་ཅེས་ན་ཆུང་གྲོགས་པོ་གྲོགས་མོ་ཁྱུ་ཞིག་དང་ལྷན་གང་སར་ན་ཆུང་བྱིས་པའི་སྐུ་རྩེད་མཛད་དེ། འཁོར་རེ་འགའ་དམག་དཔོན་དང་། རེ་འགའ་བློན་པོ། རེ་འགའ་དེད་དཔོན། རེ་འགའ་རྒྱལ་མོ་སོགས་བྱིས་པའི་རྩེད་མོ་མཛད་པའི་སྐབས་སུ། བདུད་ཁྱབ་པས་བསྐལ་པའི་ཐོག་མེད་དགུ་བསྒྲིལ་ཞེས་པའི་ཐོག་ཞིག་སྟོན་པ་གཤེན་ར་བ་ལ་འཕོངས་པ་དེའི་རྔམ་ཟིལ་གྱིས་འཁོར་རྣམ་མནོལ་བས་དྲན་པ་རྒྱལ། སྟོན་པས་ཐོག་འཕྲུལ་དེ་ཉིད་ཕྱག་གིས་བཟུངས་ཤིང་། མནོལ་བ་བསང་བའི་བསྔག་གསུངས་རྗེས་འཁོར་རྣམས་སད་དེ། ཐོག་འཕྲུལ་དེ་ལས་སྒྲ་བླའི་གོ་མཚོན་སྣ་དགུ་གཡང་ལེན་མཛད་ཅིང་། སྒྲ་བླའི་གོ་མཚོན་སྣ་དགུ་སྐུ་ལ་གསོལ་ཏེ། གོ་བརྩེད་སུམ་བརྒྱ་དྲུག་ཅུ་མཛད་པ་དེ་བཞིན་ཡིན་འདུག་པ་དང་། དེ་རྗེས་སྟོན་པ་གཤེན་རབ་ཀོང་ཡུལ་དུ་བྱོན་དུས་སུ། བདུད་ཁྱབ་པས་བོད་དང་ཞང་ཞུང་གེ་སར་སོགས་ནས་དམག་བསྡུས་ཏེ་སྟོན་པ་དང་གཡུལ་འབྱེད་བྱས་པས། སྟོན་པས་ཀྱང་སྒྲ་བླའི་དམག་སྦྲན་ནས་བདུད་དམག་གསོན་བཟུང་བྱས་པའི་སྐབས་ཀྱི་ཆོ་ག་སོགས་ཡིན་པ་དང་། བསང་བྱེད་པའི་ཆོ་ག་ནི་རྒྱས་པ་སྟོང་རྒྱུང་གི་བརྔན་མོ་ཆེ་ཞེས། བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་བོད་ཡུལ་དུ་མི་བདེ་བ་སྣ་ཚོགས་བྱུང་བས། བོད་རྒྱལ་གྱིས་སློབ་དཔོན་སྟོང་རྒྱུང་གདན་དྲངས་ནས་སྐུ་རིམ་བྱེད་པའི་ཆོ་ག་དེ་ཉིད་ནང་དུ་འཛམ་གླིང་ཡུལ་སའི་བསང་དང་། གཞན་བསང་གི་ཡིག་ཆ་སྣ་ཚོག་འདུག་གོ། དེ་ནི་ཁམས་འདིའི་ཁུལ་གྱི་བསང་མཆོད་རྒྱས་པ་འབུལ་ཚུལ་ཡིན་པས། ཨམ་མདོའི་ཁུལ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་འདུག་སྙམ།། གཤེན་བསྟན་འབྱུང་གནས་ཀྱིས་བྲིས།
- ཟིན་ཐོ་གོང་མ།ཝེར་གྱེར་སྨར་ལ་གུ་དུན་ཧྲུན།
- ཟིན་ཐོ་འོག་མ།ཁྱུང་ཡུལ་གྱི་གཉེན་སྟོན་མཛད་སྒོ།