རྒྱལ་གཤེན་གྱི་མཛད་པ་བཅུ་གཉིས་ལ་བསྟོད་པ་ཨུད་དཔལ་གསར་པའི་ལྡིང་ཁང་།།
ཝེར་གྱེར་སྨར་ལ་གུ་དུན་ཧྲུན།
དཔག་མེད་བསྐལ་པར་སྨོན་འཇུག་བརྩེན་པས་ཚོགས་གཉིས་འོ་མའི་འཛུམ་རླབས་ཀྱིས།།
སྤང་རྟོགས་ཡོན་ཏན་ཆ་ཤས་གཟི་འབར་ཕན་བདེའི་འཕྲིན་ལས་འོད་སྟོང་ཅན།།
གང་འདུལ་དེར་སྟོན་སྒྱུ་འཕྲུལ་དཔལ་གྱིས་མི་མཇེད་སྲིད་མཚོ་སྟོང་བྱེད་པའི།།
རབས་བརྒྱད་སྟོན་མཆོག་ཁྲི་གཙུག་གཤེན་རྒྱལ་བསྐལ་བཟང་འདྲེན་པར་གུས་པས་འདུད།།
རྨད་བྱུང་སེམས་བསྐྱེད་འོ་མཚོ་ལས་འོངས་དོན་གཉིས་ཟླ་གཞོན་འཛུམ་པའི་རླབས།།
མཛད་འཕྲིན་འོད་དཀར་བསམ་མཐའ་ཡས་པས་ལུས་ཅན་མངོན་དགའ་པད་མའི་ཚལ།།
རྣམ་པར་འབྱེད་ལ་ཕུལ་བྱུང་མཛད་འཕྲིན་བཅུ་གཉིས་ཆ་གང་བདུད་རྩིའི་མཛོད།།
གསང་གསུམ་དཔེ་ཙེས་གདུལ་བྱ་རྒྱ་མཚོར་མི་གནས་མྱང་འདས་དཔལ་མཆོག་སྦྱིན།།
བརྩེ་ཆེན་སྙིང་རྗེས་གཟིགས་དགོངས་ཚད་ཟུང་ཐོག་མའི་མཛད་བཟང་སྐྱ་རེངས་ཀྱིས།།
རྒྱལ་བཞེད་ཡུམ་སྟ་འཆི་མེད་ལམ་བཞུད་གློ་དཀར་ཤར་རིའི་ཕྲག་གོང་ནས།།
འཛུམ་གསར་འོད་རིས་ཚངས་སོགས་ཆེ་རྒུས་བསུ་སྟོན་པད་མ་བཞད་དང་ལྷན།།
ཀུན་བཟང་མཆོད་སྤྲིན་གེ་སར་ཕྲེང་མཛེས་རྫོགས་ལྡན་རོལ་མོས་བསུ་བར་བརྩོམ།།
སྐུ་མཚན་ཁྲི་གདུགས་འཕགས་པའི་ཞིང་དུ་འཛུམ་ཟེར་འབུམ་འཕྲོས་ཞབས་འཁོར་ཟུང་།།
སྟབས་འགྲོས་གར་གྱིས་སྐལ་བཟང་མེ་ཏོག་ནོར་འཛིན་བུ་མོའི་བཞིན་ལ་འགོད།།
གྲགས་པའི་དབྱངས་སྙན་སྲིད་ཞིར་ལེགས་འཁྱུད་ཐོག་མཐའ་བར་མའི་ལྷ་ཀླུའི་འཁོར།།
སྟོང་གསུམ་ཆེ་རྒུ་འདུ་འགོད་རྩོམ་པ་པད་ཚལ་ཕྲེང་བའི་མེ་ཏོག་བཞིན།།
ཐེག་པའི་སྒོ་འཕར་རྒྱུ་འབྲས་རིམ་དགུ་ལྔ་རིག་ཤེས་བྱའི་མེ་ཏོག་གི།།
དྲི་བསུང་འབུམ་འཐུལ་སྒོ་མཛོད་རྣམ་ལྔའི་གེ་སར་རྡུལ་མང་སྐྱུགས་པ་ན།།
བསྐལ་བཟང་ཞིང་མཆོག་འཛམ་བུའི་ནགས་ཀྱི་གཟི་ལྡན་བུང་བའི་ཁྱུ་ཚོགས་ཏེ།།
འཕགས་ཚོགས་སྲས་བཅས་སུམ་བརྒྱ་དྲུག་ཅུ་ལྔ་སྟོང་ལྔ་བརྒྱས་གྱེར་བསྟན་སྤེལ།།
དུག་ལྔའི་མུན་འཐུབ་སྣང་བའི་སྐལ་དབེན་སྲིད་མཚོ་འཁྲུགས་པའི་རྦ་ཀློང་ན།།
ཟིན་མེད་འདུ་འཛིའི་གཡང་དུ་རྟག་འཕྱན་མི་སུན་སྡིག་ལྟོ་ཆེ་རྒུའི་དམག།
ལུང་རྟོགས་ཡོན་ཏན་ཉི་འོད་ཟེགས་མས་བླང་དོར་ཉིན་མོར་བྱས་དང་ལྷན།།
བསོད་ནམས་བྱེ་བའི་མེ་ཏོག་ཕྲེང་བ་སྐལ་བཟང་དཔྱིད་དཔལ་ལྷག་ལྷག་བཞད།།
གཉིས་འགྲོ་རྣམས་འབངས་སུ་མངའ་བ་དམུ་རིགས་དྲ་མའི་གདུང་མཛེས་ཕྱིར།།
སུམ་བརྒྱ་དྲུག་ཅུ་དགའ་བདེའི་དཔལ་རོལ་སྲེད་མེད་ཞི་བའི་འཇུག་ངོགས་སུ།།
ལང་ཚོའི་སྡུག་གུ་ལྟ་བའི་ཆོག་བྲལ་ཤེས་རབ་བྱམས་མའི་གསང་གསུམ་གར།།
དགྱེས་སྡེར་རྩེན་པའི་ངོ་མཚར་རི་མོ་ཕྱྭ་གཡང་དཔལ་གྱི་མགུལ་བར་འཁྱུད།།
ཐབས་ཤེས་ཟུང་ལྡན་སྒྱུ་འཕྲུལ་དཔལ་བརྩེན་བྱང་ཆེན་རྒྱལ་བའི་སྨྱུ་གུ་ཅན།།
རིགས་ཀྱི་གདུང་སྲས་ལྔ་ཟུང་ལྕམ་དྲལ་ཡིད་ཅན་བསོད་ནམས་བྱེ་བའི་དཔལ།།
གསང་གསུམ་སྒོ་མཛོད་རྒྱུ་འབྲས་ཐེག་དགུ་བདེན་གཉིས་བརྒྱད་ཁྲི་བཞི་སྟོང་བོན།།
ཞུ་འཆད་སྤེལ་བསྡུས་གཤེན་བསྟན་འཛིན་བྱེད་འཁོར་ལོ་གསུམ་གྱི་བདག་ཉིད་སྤྲུལ།།
ཐོག་མེད་གོམས་པའི་ལམ་ཉོན་སྟུག་པོ་ཀུན་ནས་གཡོ་བའི་ལྷོ་སྤྲིན་ལས།།
འཛེམས་མེད་གཡེམ་གྱི་ཐོག་སེར་འདྲེན་པ་ཧོས་རིགས་ཚངས་པའི་ཕྱྭ་མོ།།
སློབ་དཔོན་སྨད་པས་འཛེ་ཡིས་གདུངས་པ་ཁྱེད་ཞལ་བདུད་རྩི་བང་མཛོད་ཀྱིས།།
མཁྱེན་གཉིས་སྤྱན་ལྡན་ལྷ་མོར་བསྒྱུར་བའི་འཕྲིན་ལས་ཟླ་གཞོན་ཅི་ཡང་འཛུམ།།
རབ་གཏུམ་ཆེར་དྲེག་གཏོ་བུ་འཁྲོས་པའི་འཁོར་བཅས་དཔུང་ཚོགས་སྡེ་བཞི་དམག།
འཕྲུལ་ངག་བོན་གྱི་གཡུ་རལ་ཆེར་གསིག་སྒོ་མཛོད་གདོང་ལྔ་འབར་བའི་གཟིས།།
བསླུ་མེད་བདེན་པའི་གད་རྒྱངས་གཅིག་གིས་ཡིད་ལ་བག་ཆགས་སྦྲུམ་པ་ན།།
ལས་སྣང་འཁྲོས་པ་དམྱལ་བའི་ཁམས་སུ་རྗེས་དྲན་བོན་གྱིས་ཞི་བར་བརྙེས།།
རིང་ནས་ལོག་སྨོན་ཧ་ལའི་སོན་ལས་མེད་ཁམས་ཁྱབ་པ་ནག་པོ་བདུད།།
གང་བྱས་ལོ་འབྲས་བདེ་དགའི་སྐལ་འཕོངས་དཔུང་ཚོགས་ཁྲོས་པའི་ཆོ་འཕྲུལ་ཡོ།།
སྙིང་རྗེའི་ཆར་གྱིས་ཞི་བར་བརླན་མཛད་གངས་ལྗོངས་ཤེས་བྱའི་སྤྱི་དཔལ་དུ།།།
བོན་རིའི་མགུལ་བར་སྒྲ་བླའི་དཔའ་བསྟོད་བདེན་པའི་བོན་གྱི་ཤིས་སྨོན་བསྩལ།།
དུད་ཚོགས་ཕམ་པའི་མྱ་ངན་གདུངས་དབྱངས་གནམ་ས་འཁྱོར་སྙམ་འདོན་པ་ལས།།
སུམ་ཅུ་ཚེམས་འཕར་གཡས་འཁྱིལ་དབྱངས་རྟ་མགྲིན་པའི་གསང་ལས་བསྐུལ་བའི་དཔྱིད།།
བརྒྱ་སྟོང་བདུད་རིགས་དད་པའི་སེམས་ཀྱི་ཐལ་མོའི་དོ་ཤལ་ཅི་ཡང་འཛུམ།།
སྣ་དགུའི་ཆོ་འཕྲུལ་སྲིན་བུའི་འོད་ཀྱིས་ཉི་ཟེར་དག་ལ་འགྲན་དང་མཚུངས།།
རྣམ་གསུམ་བསྟན་སྦྱིན་རྒོད་རྗེའི་ཡུལ་གྲུར་མུ་ཁྱུད་བདལ་པའི་གསས་ཁང་དུ།།
བརྒྱུད་ཁྲི་བཞི་སྟོང་གསུང་རབ་འབུམ་སྡེ་གངྒ་འཁྱིལ་བའི་བྱེ་ཀླུང་ཙམ།།
དབྱངས་གསལ་འཕྲུལ་ཡིག་་གཟུགས་རིས་བསྟར་བའི་མདོ་འབུམ་རྒྱུད་མཛོད་སྡེ་བཞིའི་བོན།།
གླེགས་བམ་དུ་མ་སྐྱེ་རྒུའི་དཔལ་དུ་གཤེན་བསྟན་མཛད་པ་རྗེས་སུབཞག།
མངོན་སངས་རྒྱས་ཀྱང་རྟག་འཛིན་སུན་སླད་སྡུག་བསྔལ་ཆུ་བཞིར་གཟིགས་ཚུལ་གྱིས།།
ངེས་འབྱུང་ཤུགས་བསྐྱེད་རྒྱལ་སྲིད་འཁོར་འབངས་གཅན་ཟག་དག་གིས་རྩྭ་བཞིན་དུ།།
རང་འབྱུང་མཆོད་རྟེན་བཀོད་ལེགས་མདུན་སར་དབུ་ལྕང་ལོ་འདབ་རབ་བསིལ་ནས།།
སྣ་ཚོགས་རྒྱན་མཛེས་ཕྱོགས་སུ་གཏོར་བས་རྨད་བྱུང་གོས་དྲུག་མཁའ་ནས་བབས།།
མངའ་འབངས་འཁོར་གྱིས་བཤོལ་ཐབས་ལྷས་བྱུང་དངོས་གྲུབ་འཕྲུལ་ཞགས་བྱེ་བ་ཡིས།།
འཛིན་པའི་མཐུ་བྲལ་ཧ་ནུ་མན་བཞིན་ཤང་ཤང་མཁའ་ལྡིང་བྱར་སྤྲུལ་ནས།།
དག་པ་དྲང་སྲོང་དཀའ་ཐུབ་གསུམ་གྱིས་ཁྱབ་པའི་དྲེགས་སེམས་གཞོམ་འདིས་ཀྱང་།།
མ་འགག་ཐུགས་རྗེ་སྤྲུལ་པའི་སྐུ་ཞེས་ཁྱོད་གཞན་འཚོལ་བ་ངལ་བའི་རྒྱུ།།
རྣམ་དག་སྲུང་ཁྱིམས་བསླབ་པའི་མེ་ཏོག་སྐལ་བཟང་མགྲིན་པའི་རྒྱན་བསྟར་བས།།
བདེ་བཞི་འཁོར་སྤོང་དབེན་པའི་རི་སུལ་མཚོ་གླིང་ནགས་དང་གངས་ཁྲོད་དུ།།
རང་ལུས་རྨས་མའི་རི་སྐྱེས་ཇི་བཞིན་ཅིག་པུར་གནས་པའི་བརྟུལཤུགས་ཀྱིས།།
བླ་མེད་ཡང་རྩེ་ཐེག་དགུའི་སྤྱི་དཔལ་ཐུནམིན་བོན་གྱི་ལུགས་བཟང་བྱུང་།།
རྟག་འཛིན་བློ་ཡི་འཆིང་བྱེད་ཀྱིས་སྡོམ་ལོག་ཕྱོགས་ཡིད་ཅན་གང་ཞིག་ཀྱང་།།
མི་རྟག་ལུས་རྟེན་དབང་གཞུའི་དཔེར་མཚོན་འདུ་བ་འཁྲུགས་པའི་ཚུལ་བསྟན་ནས།།
ཟབ་ཡངས་དགོངས་པ་ཞི་མཚོར་བསྡུས་ཏེ་སྐུ་བསྟན་ཟླ་གཞོན་ནུབ་རིར་འཕོས།།
སྤང་བསྒྱུར་གྲོལ་བའི་ཐེག་སྒོ་ཀུན་ལྡན་དེའི་ཕྱིར་སྟོན་པའི་གཙོ་བོའང་ཡིན།།
གསང་གསུམ་བསྟན་པའི་ཉི་གཞོན་འདྲེན་བྱེད་བཀའ་བསྡུ་འཁོར་ཚོགས་བཅུ་གསུམ་གྱིས།།
འཆད་རྩོད་རྩོམ་པའི་གཟི་བྱིན་སྟོང་གིས་གྱེར་བསྟན་ནམ་མཁའ་ལང་བྱས་ཏེ།།
འཛམ་གླིང་ཐ་གྲུའི་རྒྱན་དྲུག་མཁས་བཞིས་འོད་ཀྱི་སྣང་བ་ཕྱོགས་བརྒྱར་ཁྱབ།།
གྲུབ་བརྙེས་མཁྱེན་བརྡོལ་པཎ་གྲུབ་བྱེ་བས་ཁ་བ་ཅན་ལ་དགེ་ལེགས་རྒྱས།།
༢༠༠༥*༡*༢༥ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་གཤེན་རབ་འཁྲུངས་ནས་མི་ལོ་༡༨༠༢༢ཏེ་གཤེན་རབ་འཁྲུངས་མཆོད་སྐབས་སུ་བྲིས།།
- ཟིན་ཐོ་གོང་མ།བདག་གི་མིག་ཆུ།།
- ཟིན་ཐོ་འོག་མ།ཁྱུང་ཡུལ་གྱི་ལོ་སར་དང་རི་བསྟོད།