༢༠༡༠ལོའི་༤/༡༥ཉིན།
བདག་གི་མིག་ཆུ།།
ཚོར་སྣང་གཟུགས་བརྙན་འཆར་བའི་འཇིག་རྟེན་འདི་རུ།།
ཁོལ་རྩེའི་བསྐལ་པ་འཁྲོས་པའི་གཡོ་ངན་ཞིག་གིས།།
ལྷིང་འཇགས་འཚོ་བ་རོལ་བའི་ལོ་ཟླའི་ཤོག་གུ།།
སྡུག་བསྔལ་རླུང་བུ་རྒྱུ་བས་ཕྱོགས་སུ་ཁུར་སོང་།།
ཁ་པར་ཨང་གྲངས་བར་གྱི་བརྡ་འཕྲིན་དུམ་བུས།།
བདག་མདུན་ལྷ་ཚོགས་བསྐྱེད་སྒོམ་གསལ་བའི་ཏིང་འཛིན།།
ཅི་ཡིན་དྲི་རྟགས་དུ་མའི་སེམས་འཚེགས་ཀློང་ནས།།
རྗོད་བྱེད་སྨྲ་བ་ངན་པའི་ལྟས་ལ་ཤོར་སོང་།།
གོ་ལ་སྡུག་གིས་འཁྲོས་པའི་སྡེབ་གསིག་ཅིག་གིས།།
ཁོ་བོའི་སྤུན་ཟླའི་མི་རིགས་སྡུག་ལ་སྦྱར་སོང་།།
གནས་ཚུལ་གསལ་ལེར་སྟོན་པའི་བརྡ་འཕྲིན་འདི་ཡིས།།
བདག་སེམས་སྐྱོ་ཞིང་སྐྱོ་བའི་ཚོད་ཅིག་མི་འདུག།
བརྙན་འཕྲིན་མེ་ལོང་མདུན་དུ་མགྲིན་པ་བརྣང་བཞིན།།
ཡ་ངའི་གནས་ཚུལ་དེ་དག་སེམས་ལ་བསྐྱོན་དུས།།
འབྲི་མར་ལྟེམ་ཀ་འཁྱིལ་བའི་འདུ་ཁང་ནང་དུ།།
གསོལ་འདེབས་སྨོན་པའི་དབྱངས་རྟ་ངུ་ངག་འདྲེས་སོང་།།
སྡུག་གི་ཁོལ་པོར་གྲུབ་པའི་འཇིག་རྟེན་འདི་རུ།།
སེམས་ལ་མནར་བཅོད་བྱེད་པའི་འབྱུང་སྒོ་མང་བ།།
ལས་ཀྱིས་བདུད་མོ་འཁྲོས་པའི་སྡང་མིག་དེ་དག།
སྙིང་ཤ་ཚག་གིས་གས་པའི་གཟེར་ཟུག་ཡིན་འདུག།
ལ་ལ་ཁྱིམ་གཞི་སྟོང་སྟེ་སྒོ་ཁྱིའི་ངུ་ཟུག།
གནམ་མཐའི་བར་ལ་འཆགས་པའི་ཀི་ཅོ་སྒྲོག་གིན།།
རེ་འགའ་དྭ་ཕྲུག་བུད་དེ་བྱིས་སྦ་གཅིག་པུས།།
ཁང་ཤུལ་མིག་ཆུས་འཚོལ་བའི་མྱ་ངན་འདོན་འདུག།
གྱང་རུལ་རྡུལ་འཚུབ་འཁྱུད་པའི་འཇིག་ཀླུང་བར་ན།།
ངུ་མོ་ཕྱོགས་སུ་འཕྱོ་བའི་བྲག་ཅ་འཁོར་ཞིང་།།
ཉམས་ཆུང་ཁྱོགས་ལས་འདྲེན་པའི་ཚོར་སྣང་ལྕི་མོས།།
སྙིང་རྗེའི་རྦ་རླབས་བཙན་པོ་དབང་མེད་འཕྱུར་སོང་།།
སྒོ་ཁྱིམ་ཕྱི་ནང་གང་སར་བམ་རོས་ཁེངས་ཞིང་།།
རི་ལུང་མི་ཁྲག་འཁྱིལ་བའི་རྦ་རླབས་འཕྱུར་བ།།
འོ་དོད་ཕྱོགས་ལ་འཁྱུད་པའི་མྱ་ངན་རིང་མོ།།
འཛབ་གླིང་གོ་ལའི་ཁྱོན་དུ་སྐྱོ་བས་འཕུར་སོང་།།
བཟོད་ཅིང་བཟོད་ཐབས་བྲལ་བའི་སྡུག་བསྔལ་འདི་དག།
དྲན་པའི་མཐིལ་དུ་ལྷུང་བའི་དུས་སྐབས་རེ་རེས།།
སེམས་པ་ངུ་ངག་འདྲེས་པའི་སྡུག་སྣང་རིང་མོ།།
ཤི་གསོན་སྤུན་ཟླའི་ཕྱོགས་སུ་བསྐུར་དགོས་གྱུར་སོང་།།
- ཟིན་ཐོ་གོང་མ།ཤོག་དྲིལ་སྔོན་པོ།།
- ཟིན་ཐོ་འོག་མ།ཝེར་གྱེར་སྨར་ལ་གུ་དུན་ཧྲུན།