སྔ་རབས་བོད་ཀྱི་ཚད་མ་རིག་པའི་བྱུང་རབས་ཅུང་ཙམ་བཤད་པ།།
དེ་ཡང་སྤྱི་རྒྱུད་ཆེན་མོ་ཡེ་ཁྲི་མཐའ་སེལ་ནམ་མཁའ་དཀར་པོའི་རྒྱུད་ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ། །ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། ཞེས་གསུངས་པ་ལྟར། གངས་ལྗོངས་ཀྱི་ཚད་མ་རིག་པ་ནི་ལོ་རྒྱུས་ཀྱི་ཐེམ་སྐས་དུ་མ་བརྒལ་ནས་དེང་ཆར་སྣེ་མང་སྣ་འཛོམས་ཤིག་ཏུ་གྱུར་ཡོད་ཀྱང་། ཚད་མ་རིག་པ་དང་གངས་ལྗོངས་ཀྱི་ཚད་མ་རིག་པའི་ལོ་རྒྱུས་བཤད་ཚེ་ཐོག་མའི་དབུ་རྒྱ་གར་དང་བོད་དུ་ཐུབ་བསྟན་སྔ་དར་དང་ཕྱི་དར་སོགས་ནས་བཤད་པ་ལས། སྲོང་བཙན་ཡར་སྔོན་ལོ་རྒྱུས་ཀྱི་ཚད་མའི་གཞུང་ལུགས་རྣམས་བཤད་མི་འདུག་ནའང་། སྲིད་པའི་བོན་རྒན་ཚོས་ལུས་སྲོག་ལས་བདམས་ནས། ཉམས་པ་སླར་གསོ་དང་མ་ཉམས་སྲུང་སྐྱོབ་བྱས་པས་ཚད་མ་རིག་པའི་གཞུང་ལུགས་དུ་མ་ད་ལྟའང་མཇལ་དུ་ཡོད་པ་ནི་བཀའ་དྲིན་བསམ་ལས་འདས། སྐབས་འདིར་ཁོ་བོས་ནི་དེ་དག་བོད་ཀྱི་ཚད་མའི་གཞུང་ཡིན་ཕྱིར་དེ་དག་གི་བྱུང་རིམ་གཙོ་བོར་སྨྲ་འདོད་པ་ཡིན། རྒྱུ་མཚན་ནི་རྒྱ་གར་གྱི་ཚད་མ་རིག་པ་དང་འབྲེལ་ཡོད་ཚད་མའི་ལོ་རྒྱུས་རྣམས་སྨྱུག་འཛིན་དབང་པོས་སོར་རྩེ་ལས་བསྟར་ཟིན་འདུག་པས་བསྐྱར་ཟློས་ཀྱི་ངལ་བ་མི་ལེན་ནོ། །དེ་ལ་སྤྱིར་ཚད་མ་ཞེས་པ་ནི། ཚད་ལས་མ་བརྒལ་བ་དང་ཚད་མ་ལོན་པ་མིན་པར་ཚད་དང་ལྡན་པ་དེ་ལ་ཚད་མ་ཟེར། ཚད་དང་ལྡན་པའི་རྒྱུ་མཚན་གྱིས་གཞན་བསླུ་བ་མེད་པའམ་མི་བསླུ་ཞེས་པའི་དོན་དེ་བྱུང་། དེ་ལྟར་ན་གཏན་ཚིགས་རིག་པས་བཞག་པའི་ཚད་མ་ནི་གཞི་གང་ཡིན་ཡང་དངོས་པོ་དངོས་མེད་རྟག་མི་རྟག་ཡོད་མེད་སོགས་ཀྱི་ཚད་གཞི་འཇོག་བྱེད་ཕུལ་དུ་བྱུང་བ་ཞིག་ལ་ཚད་མ་ཟེར་ཞིང་། དེ་ནི་ཡུལ་ཅན་གྱི་སྒོ་ནས་འཇོག་པ་རེད། རྒྱུ་མཚན་དངོས་པོ་གང་ཞིག་རིང་ཐུང་མཐོ་གང་གཞལ་བའི་ཚེ་གང་ཟག་དེའི་བློས་ཚད་གཞི་དེ་ལ་མ་ཞོག་ཚེ་ལག་པས་ཇི་ལྟར་རེག་ཀྱང་དེ་མཐོ་གང་ཡིན་པ་གཏན་ནས་ར་སྤྲོད་མི་ཐུབ། དེ་ར་སྤྲོད་པ་ལ་གལ་ཆེ་བ་ནི་ནང་གི་བློ་ཡིན་པས་བློ་ཡི་ཆ་ནས་ཚད་མ་གཅིག་འཇོག་པ་རེད། ད་དུང་ཡང་རང་ལུགས་ལ་མན་ངག་ལུང་གི་ཚད་མ་ལས། བཀའ་ལུང་རིག་པའི་ཚད་མའོ། །ཞེས་བཀའ་ཚད་མ་དང་ལུང་ཚད་མ་རིག་པ་ཚད་མ་དང་གསུམ་དུ་གསུངས། བཀའ་ལུང་གི་ཚད་མ་ནི་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབ་བྱེད་དང་། རིག་པ་ཚད་མས་ཟབ་མོའི་དོན་གཞལ་བྱེད་ཀྱི་ཐབས་ཕུལ་དུ་བྱུང་བ་ཁྱད་པར་བཞི་ལྡན་གྱི་ལེགས་རྣམ་དག་དང་རྩིས་འགོ་རྣམ་པ་བདུན་གྱི་སྒོ་ནས་འཆད་པའི་ལེགས་བཤད་ཀྱི་ཆ་ནས་བཞག་པ་རེད། བྱེ་བྲག་ཏུ་ཐེག་པ་རང་རང་གི་རིག་པ་ཚད་མ་ལའང་འཇོག་ཚུལ་མི་འདྲ་བ་དུ་མ་ཡོད། ཚད་མ་དེ་དག་ལས་འཕྲོས་ཏེ་རྟོགས་བྱ་ཡུལ་ལ་བལྟོས་ཏེ་ཡུལ་གྱི་རྣམ་བཞག་དང་། རྟོགས་བྱེད་ཡུལ་ཅན་ལ་བལྟོས་ནས་ཡུལ་ཅན་གྱི་རྣམ་བཞག་གི་གཞུང་ལུགས་དེ་ལ་ཚད་མ་རིག་པ་ཟེར། དེ་ལྟ་བུའི་ཚད་མ་རིག་པ་ནི་མི་རྣམས་ཀྱི་བློ་གྲོས་རྩལ་གྱིས་རིམ་བཞིན་བཞག་པ་ཡིན་པས་ཚད་མ་རིག་པ་ནི་ནང་པའི་ཚད་མ་རིག་པ་ཡིན་ཞེས་བརྗོད་མི་བཏུབ་ལ། ཕྱི་པའི་ཚད་མ་རིག་པ་ཡིན་ཞེས་ཁ་ཚོན་ག་ལ་ཆོད། ནང་པ་ལའང་ཕྱག་རྒྱའི་མདོ་བཞིའི་དགོངས་དོན་རྟོན་པའི་ཚད་མའི་རྣམ་བཞག་ཡོད་ཆོག་ལ། ཕྱི་པ་ལ་ལས་འབྲས་མེད་པར་སྟོན་པའི་ཚད་མའི་རྣམ་བཞག་ཡོད་ཆོག བོན་ལུགས་ཀྱི་ཚད་མ་རིག་པ་ནི་རིག་པའི་གནས་ལྔའི་ནང་ཚན་ཚད་མ་རིག་པ་དེ་ལ་ཟེར་ཞིང་། དེ་ལ་འབྱུང་བའི་གནས་ལྷ་དང་། བསྟན་པའི་སྣོད་བསྟན་བྱའི་བོན་སོགས་མི་འདྲ་བ་རེ་ཡོད་པ་ཡིན། ཚད་མ་རིག་པ་ནི་སྤྱིར་སྒྲ་རིག་པ་ཡིན་ལ་སྒྲ་རིག་པ་ནི་སྐད་འགྱུར་སོ་སོར་སྟོན་པའི་མདོ་སོགས་བརྡ་སྤྲོད་པ་དང་ཚད་མ་གཉིས་སུ་དབྱེ་བ་འབྱེད་པ་ནི། རྣམ་རྒྱལ་གཟུངས་སྡེ་ལས། དེ་ལ་ཡང་སྒྲ་ཚད་གཉིས་བྱུང་བས་སྣོད་ཀྱང་གཉིས་ཡིན་ནོ་ཞེས་གསུངས་སོ། །སྒྲ་ཚད་གཉིས་པོ་སོ་སོར་བསྟན་པའི་སྒྲ་ནི་བརྡ་སྤྲོད་པའི་རིག་པ་སྟེ། བོད་ཀྱི་སུམ་རྟགས་དག་གསུམ་དང་། བོན་ལུགས་ཀྱི་སྐད་འགྱུར་སོ་སོར་སྟོན་པའི་མདོ་དང་། ཡེ་ཁྲི་མཐའ་སེལ་གྱི་བཀླག་ལུགས་སྒྲའི་ཐང་ལྷོད་བསྟན་པའི་ལེའུ། བཀའ་འགྱུར་སྔགས་ཀྱི་བོད་ལུགས་བསྟན་པའི་ལེའུ། དག་བྱེད་སྒྲའི་ངེས་པ་བསྟན་པའི་ལེའུ། ཡི་གེའི་དོན་ངེས་པར་བཞག་པའི་ལེའུ། ཡི་གེ་སྒྲ་ཡི་འབྱུང་གནས་བསྟན་པའི་ལེའུ་དང་ཤ་རིའི་སྒྲ་མདོ་ཞུ་ཡས་ཉི་མ་གྲགས་པས་མཛད་པའི་ཞང་བོད་སྒྲ་སྡེབ། གཤེན་མཁས་ཀྱི་བརྡ་སྤྲོད་ཉེར་བདུན་རྩ་འགྲེལ། ཁྱུང་སྤྲུལ་གྱི་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ། ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན་གྱི་བརྡ་དག་རིན་ཆེན་གཏེར་ཁྱིམ་སོགས་བརྡ་སྤྲོད་པའི་གཞུང་དུ་མ་ཡོད། ཚད་མ་རིག་པ་ནི་སྟོན་པ་གཤེན་རབ་ཀྱིས་སྒྲ་ཚད་ཀྱི་འབུམ་གསུམ་དང་ཚད་མ་སྡེ་བདུན་གསུངས། དེ་ཡང་སྒྲ་རིག་པའི་ལྷ་ནི་ཡེ་མཁྱེན་དགྲ་བླའི་རྒྱལ་པོ་ཡིན། ལྷ་དེའི་ཁྲི་སྤྱི་རྗེ་ཁྱུང་ཆེན་འབར་བ་མཛད་ཡོད་ཅིང་། སྔོན་སྟོན་པ་གཤེན་རབ་ཀྱིས་རི་གཡུང་དྲུང་དགུ་བརྩེགས་རྩེ་མོར་སྐད་འགྱུར་སོ་སོར་བསྟན་པའི་ཚེ། སངས་པོའི་གསུང་འཕྲིན་བྱ་རྒྱལ་གྱི་མགྲིན་པར་བཏགས་ནས་བསྐུར་བ་དེ་ལ་བརྟེན་ནས་འཛམ་གླིང་གི་སྐད་རིགས་སུམ་བརྒྱ་དྲུག་ཅུ་སོ་སོར་བསྒྱུར་ཐབས་བསྟན་པ་སོགས་ཀྱིས་སྤྱི་རྗེ་ཁྱུང་ཆེན་ནི་སྒྲ་རིག་པ་འབྱུང་བའི་གནས་ཡིན་པར་གསུངས་འདུག སྤྱིར་བོན་ལུགས་ཀྱི་རིག་པའི་གནས་ལྔ་ནི་མདོ་འབུམ་གཟུངས་མན་ངག་དང་བཞི་ཡི་སྒོ་ནས་སྟོན་པ་གཤེན་རབ་མཆོག་གིས་གསུངས་ཤིང་། །དེ་ལ་སྒྲ་ཚད་རིག་པའི་འབུམ་ནི། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ་དང་། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ་དང་། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་གསུངས་སོ། །སྒྲ་རིག་པའི་མདོ་གསུམ་ནི། རིག་པ་ཁུ་བྱུག་རྒྱུད་ཀྱི་མདོ། ཚད་མ་རྣམ་འགྲེལ་ལུང་གི་མདོ། ཡིད་བཞིན་སྙིང་པོ་མན་ངག་གི་མདོ་དང་གསུམ་གསུངས། གཟུངས་གསུམ་ནི། ལྷ་སྲིན་ཞི་བྱེད་གསང་བའི་གཟུངས། སྡེ་བརྒྱད་གཟུངས་རིང་ཟློག་པའི་གཟུངས། དག་པ་ཡེ་ཤེས་ལྷ་ཡི་གཟུངས་དང་གསུམ་གསུངས། མན་ངག་རྣམ་པ་གསུམ་ནི། བསྐལ་པ་དུས་ཀྱི་འཁོར་ལོ། སྲིད་པ་དུས་ཀྱི་འཁོར་ལོ། འབྱུང་བ་དུས་ཀྱི་འཁོར་ལོ་དང་གསུམ་བཅས་སྒྲ་ཚད་རིག་པའི་བོན་སྡེ་བཀའ་རུ་གཏོགས་པ་དག་གི་མཚན་ཡིན་ཞིང་། བཀའ་འཁོར་དང་པོར་གསུངས་པའི་བོན་སྡེ་རུ་འདུས་པར་གསུངས་འདུག ཚད་མ་རིག་པའི་བཀའ་ནི། ཚད་མ་སྡེ་བདུན་དུ་གསུངས་ཤིང་སྡེ་བདུན་ནི། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། སྤང་བ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡང་པའི་སྡེ། འགལ་བ་མི་མཐུན་སྤང་བའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་བརྡར་ཆོད་ཀྱི་སྡེ་དང་བཅས་ཚད་མའི་བོན་ལགས་ཤིང་། སྒྲ་ཚད་ཀྱི་བཀའ་འདི་དག་ཀུན་བོད་སྐད་དུ་འགྱུར་ཡོད་མེད་བཤད་དཀའ་ཞིང་། གལ་ཏེ་འགྱུར་ཡང་བོད་རྒྱལ་ཁྲི་སྲོང་གི་དུས་ནས་བཟུངབོད་ཞི་བས་བཅིངས་གྲོལ་བྱས་ནས་ཆོས་དད་རང་མོས་ཀྱི་སྲིད་མ་ཆགས་བར། བོད་ཁུལ་ནས་གཤེན་བསྟན་ལ་ཉམས་རྒུད་དུས་མ་ཆད་པར་ཐོབ་ཡོད་པས་ད་ལྟ་ལྷག་པའི་ངེས་པ་མེད་ལ། འདི་དག་རེ་གཉིས་ད་དུང་བོད་ཡུལ་དུ་མེད་པའི་ངེས་པའང་མེད། ཁོ་བོས་མཇལ་མྱོང་བའི་ཚད་མ་རིག་པ་ལས་སངས་རྒྱས་གཤེན་རབ་ཀྱིས་གསུངས་པ་རྩོད་སྤོང་སྨྲ་བའི་སེང་གེ་དང་། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་གཉིས་ཡིན། རྩོད་སྤོང་སྨྲ་བའི་སེང་གེ་ནི་ཚད་མ་སྡེ་བདུན་ལས་འགལ་བ་མི་མཐུན་སྤང་པའི་སྡེ་དང་། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ནི་སྤང་བ་རྒོལ་བ་ཚར་གཅོད་ཀྱི་སྡེ་རུ་བཞག་ན་ཆོག་གམ་སྙམ། རྩོད་སྤོང་སྨྲ་བའི་སེང་གེ་ཞེས་པ་དེའི་མཚན་ཡོངས་སུ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ་ཞེས་བྱ་བ་གསོལ་ཞིང་། གཞུང་དེ་ནི་རྫོགས་པ་ཆེན་པོའི་གཞི་ཇི་བཞིན་ཉིད་ལ་རྩོད་སྤོང་བྱས་པའི་གཞུང་ཞིག་ཡིན་ལ། གཞུང་དེ་ཉིད་ལས་ཚད་མ་བསྟན་ཚུལ་ནི། འོ་ན་ཁྱོད་ཀྱི་དེ་བཞིན་ཉིད་དེ་ཅིས་བསྒྲུབས་ཏེ་སྒྲུབ་བྱེད་ཐོངས་དང་ཞེ་ན། ངའི་མངོན་སུམ་གྱིས་གྲུབ་ལ་རྗེས་དཔག་གིས་ཀྱང་གྲུབ་ཅེས་པས་བསྟན་ཞིང་། མངོན་སུམ་གྱི་སྐབས་སུ་ཕྱི་རོལ་མཐོང་བའི་མངོན་སུམ་དང་ཕ་རོལ་མཐོང་བའི་མངོན་སུམ་གཉིས་སུ་བསྟན་འདུག རྗེས་དཔག་གི་སྐབས་སུ། དེ་ཉིད་ལས། རྗེས་སུ་དཔག་པས་ཀྱང་གྲུབ་སྟེ། ངའི་ཇི་བཞིན་པའི་བོན་ཉིད་དེ་བོན་ཅན། ཡག་དག་པར་ཡོད་དེ་དམ་བཅའ། ལུང་དང་མན་ངག་ཁྱད་པར་ཅན་དམིགས་པའི་ཕྱིར། དེས་ན་མེ་དང་དུ་བ་བཞིན། ཞེས་དཔེ་དང་བཅས་པར་བསྟན་ཞིང་རྟགས་དེ་ལ་བརྟེན་ནས་བསྒྲུབ་བྱ་འཇལ་བའི་ཚད་མ་བསྟན། ཡང་གཞུང་དེ་ཉིད་ལས། ཁོ་ན་རེ། སྐྱེ་མཆེད་མཚན་མའི་དངོས་པོ་སྣ་ཚོགས་འདི་བོན་ཅན། སྐྱེ་འཇིག་དང་བྲལ། དམ་བཅས་པའི་དོན་དངོས་མེད་ཐལ། ཇི་བཞིན་ཉིད་དང་ཐ་མི་དད་པའི་གཏན་ཚིགས་ཀྱིས་ཕྱིར་སོགས་ཀྱིས་ཐལ་འགྱུར་གྱི་རྣམ་བཞག་བསྟན། ཐལ་འགྱུར་དེ་ཞེ་འདོད་ཀྱི་འགོད་ཚུལ་ནི། མཆན་འགྲེལ་ལས། སྐྱེ་མཆེད་མཚན་མའི་དངོས་པོ་སྣ་ཚོགས་པ་འདི་བོན་ཅན། སྐྱེ་འཇིག་དང་བྲལ་བའི་དངོས་མེད་ཡིན་པར་ཐལ། ཇི་བཞིན་ཉིད་དང་ཐ་མི་དད་པའི་ཕྱིར་ཞེས་བཀོད་འདུག ཡང་རྩོད་སྤོང་དེ་ཉིད་ལས། ཡང་དག་པའི་ངོ་བོ་ཉིད་ལ་གཏན་མེད་དུ་ཐལ་ཟེར་རམ། རྟོག་བཅས་ཀྱི་ཤེས་པར་གཏན་མེད་དུ་ཐལ་ཟེར། དེ་ལྟར་ན་འདོད་ཐོག་གོ་ཞེས་དང་། དང་པོ་ལྟར་ན་ཅི་ཕྱིར་ཏེ་ཞེས་པ་དང་། ཡང་དེ་ཉིད་ལས། ཁོ་ན་རེ་ཇི་བཞིན་ཉིད་དེ་ཡང་བོན་ཅན། ཡང་དག་པའི་དངོས་པོ་ལ་མེད་དེ། དོན་བྱེད་ནུས་པ་མཐའ་དག་གིས་སྟོང་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ཞེ་ན། གཏན་ཚིགས་མ་གྲུབ་བོ་བྱ། ཞེས་དང་ཡང་། དེ་གཉིས་༼ཇི་བཞིན་ཉིད་དང་སྐྱེ་མཆེད་གཉིས།༽ངོ་བོ་གཅིག་ཀྱང་ཇི་བཞིན་ཉིད་དེ་རྟོག་བཅས་མཚན་མར་མ་སོང་ན་ཅི་སྟེ། ཁྱབ་པ་མ་གྲུབ་བོ་ཞེས་པ་དག་གི་ཐལ་འགྱུར་གྱི་ལན་རྣམས་བསྟན་པའོ། །མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོའི་མཚན་ལ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ཅེས་བྱ་བ་བཞུགས་སོ་ཞེས་འཁོད་འདུག གཞུང་དེའི་དབུར། ཞང་ཞུང་དང་རྒྱ་གར་བྲུ་ཤའི་སྐད་དང་གསུམ་བཀོད་འདུག་ཅིང་གཞུང་དེ་ནི་བྱེ་མ་གཡུང་དྲུང་ཡུལ་དུ། གཤེན་རབ་པ་ལ་མུ་སྟེགས་པས་རྩོད་པ་ཆེན་པོ་བྱུང་སྟབས་སྟོན་པ་གཤེན་རབ་མུ་སྟེགས་སྟོན་པ་ཤ་རི་ར་ཙ་ཞེས་པ་གཞོན་ནུ་ལོ་བཅུ་དྲུག་ཅན་ཞིག་ཏུ་སྤྲུལ་ནས་ཐོག་མར་མུ་སྟེགས་ཀྱི་གྲུབ་མཐའ་རྟག་ལྟ་སྡེ་དགུ་དང་ཆད་ལྟ་སྡེ་གསུམ་བསྟན། མཐར་གྲུབ་མཐའ་དེ་དག་ཕྱིན་ཅི་ལོག་ཡིན་པར་བསྟན་ཏེ་མུ་སྟེགས་པ་དུ་མ་ནང་པའི་སྒོར་བཅུག་པའི་གཞུང་ཞིག་ཡིན། གཞུང་དེ་ལས་ཚད་མ་བསྟན་ཚུལ་ནི། དེ་ཉིད་ལས། ཁྱོད་ཀྱི་རྟག་པ་དེ་བོན་ཅན། ཡང་དག་པར་མེད་དེ། སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པའི་ཕྱིར། སྒྲུབ་བྱེད་མེད་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་ཚད་མ་གསུམ་གང་གིས་འགྲུབ་བམ་ཞེས་པས་ཚད་མ་ལ་དབྱེ་བ་གསུམ་དུ་བསྟན། རྗེས་སུ་དཔག་པས་གྲུབ་བམ། ལུང་གིས་གྲུབ། མངོན་སུམ་གྱིས་གྲུབ་བོ་ཞེ་ན་སོགས་ཀྱིས་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་ལུང་ཚད་མ་གསུམ་བསྟན་པ་ཡིན། ཡང་དགག་བྱ་མི་མཐུན་ཚོགས་ཡིན། དེ་ལ་གཏན་ཚིགས་ཞུགས་ན་གཏན་ཚིགས་དེ་འགལ་བའི་མ་ངེས་སུ་འགྱུར་རོ་ཞེས་དང་། མ་ཞུགས་ན་བོན་ཅན་ལ་གཏན་ཚིགས་མ་ཞུགས་པས་གཏན་ཚིགས་མ་གྲུབ་པའི་སྐྱོན་དུ་འགྱུར་སོགས་ཀྱིས་རྟགས་ལྟར་སྣང་བསྟན་པ་དང་རྟག་ལྟ་འགོག་པའི་གཞུང་རྣམས་བསྟན། ཆད་ལྟ་འགོག་སྐབས་སྒྲུབ་རྟགས་ཡང་དག་བསྟན་པ་ལ། གཞུང་དེ་ཉིད་ལས། དེ་ལ་སྔར་བྱུང་ཟིན་པ་ནི་འབྲས་བུའི་གཏན་ཚིགས་ཀྱིས་དཔགས་ཏེ། ཡོན་ཏན་ཁྱད་པར་ཅན་མེད་པ་འདོད་པ་བདག་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡོད་དེ། འབུམ་ལ་སོགས་པའི་འབྲས་བུ་ཁྱད་པར་ཅན་འདི་དམིགས་པའི་ཕྱིར། དཔེར་ན་མེ་དང་དུ་བ་བཞིན་ཞེས་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་བསྟན། གཞུང་འདིའི་ཡོན་ཏན་ཁྱད་པར་ཅན་མེད་པ་འདོད་པ་བདག་ཅེས་པ་དེ་དག་ཅེས་རྟགས་འགོད་སའི་རྒོལ་བ་ལ་འགྲེལ་ལས་བཞག་འདུག རྟགས་དེའི་བོན་དང་བོན་ཅན་ནི་ །འགྲེལ་དུ་གསལ་བས་འདིར་མ་བྲིས།
རང་བཞིན་གྱི་རྟགས་ཡང་དག་བསྟན་པ་ནི་དེ་ཉིད་ལས། དོན་དམ་སྒོམ་པའི་གཤེན་རབ་ཀྱི་ཤེས་པ་བོན་ཅན། ཡོན་ཏན་ཁྱད་པར་ཅན་གྱི་སངས་རྒྱས་འབྱུང་ངེས་ཏེ། རྟེན་པ་བརྟན་ལ་གོམ་པ་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་རོ། །དཔེར་ན་ས་བོན་དང་སྨྱུ་གུ་བཞིན་ཞེས་གསུངས་འདུག གཞུང་གཉིས་པོའི་རྟགས་སྦྱོར་དང་ཐལ་འགྱུར་འདོད་རྟགས་ཁྱབ་གསུམ་གྱི་ལན་འདི་དག་སྟོན་པ་གཤེན་རབ་ཀྱིས་ཞལ་ནས་གསུངས་པའི་བཀའ་ཁོ་ན་ལགས་པས། བོད་ཀྱི་ཚད་མ་རིག་པ་དར་ནས་ལོ་གྲངས་སུམ་སྟོང་ལྷག་ཕྱིན་ཡོད་པར་ཤེས་ཐུབ།
བཀའ་རྟེན་དུ་གྱུར་པའི་ཚད་མའི་གཞུང་ནི། མན་ངག་ལུང་གི་ཚད་མ་དང་མན་གང་ལུང་གི་ཚད་མའི་འགྲེལ་བ་དེ་ཡི་ས་བཅད། གཏན་ཚིགས་གལ་མདོ་རིག་པའི་ཚད་མ། བོན་ཐམས་ཅད་ཀྱི་ཡང་བཅུད་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་ཞེས་པ། ཡོངས་གྲགས་ལ་ཤ་རིའི་གལ་མདོ་ཟེར། བོན་ཐམ་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་བཅས་ནི་སྔ་རབས་ཀྱི་ཚད་མ་རིག་པའི་གཞུང་སྟེ་ཐུབ་བསྟན་བོད་དུ་མ་དར་གོང་ལ་བོད་དུ་དར་བའི་ཚད་མའི་གཞུང་རྣམས་ཡིན། གཏན་ཚིགས་གལ་མདོ་རིག་པའི་ཚད་མ་དང་མན་ངག་ལུང་གི་ཚད་མ་གཞུང་འགྲེལ་བཅས་ནི་ལི་ཤུ་སྟག་རིངས་ཀྱིས་མཛད་པར་བཤད་ཅིང་། ལི་ཤུ་སྟག་རིངས་ནི། ཞང་ཞུང་གི་རྒྱལ་པོ་ཞིག་གི་སྲས་སྐལ་དུ་རྫུན་སྐྱེས་ཀྱི་བུ་མོ་ཞིག་རྙེད་པ་དེས་རྫོགས་པ་ཆེན་པོའི་བོན་ལ་ཐོས་བསམ་མཛད་པས་ཕོ་རུ་གྱུར། དགུང་གྲངས་ཡང་ཆིག་སྟོང་ལྷག་བཞུགས། ལྷ་སའི་ཤེལ་གྱི་བྲག་དཀར་རྩེ་རྫོང་གི་སྒྲུབ་ཕུག་དེ་ལི་ཤུའི་སྒྲུབ་ཕུག་ཡིན་ཟེར་ནས་བོན་པོ་རྣམས་ད་ལྟའང་མཇལ་སྐོར་དུ་འགྲོ་མཁན་མང་། ཁོང་གིས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་མ་བུ་འཕྱོང་དང་བཅས་པ་སོགས་རྫོགས་ཆེན་གྱི་སྡེ་སྣོད་དུ་མ་མཛད་ཡོད། བླ་མ་ལི་ཤུ་འཁྲུངས་ནས་ད་བར་མི་ལོ་སུམ་སྟོང་བདུན་བརྒྱ་བརྒྱད་བརྒྱ་ཙམ་ཟིན་ཡོད། གཏན་ཚིགས་གལ་མདོ་རིག་པའི་ཚད་མ་ནི། རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་ལ་ཕྱི་རྒོལ་བའི་རྩོད་པ་བཀོད་པར་རྫོགས་པ་ཆེན་པོས་ལན་རང་གི་འདོད་པ་བཀོད་པ་བཅས་བསྟན་དོན་རག་བསྡུས་ཙམ་དེ་ལྟར་ལགས་ཤིང་། གཞུང་འདིས་ཚད་མ་བསྟན་ཚུལ་ནི། དེ་ཉིད་ལས། དེ་ལ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ་འབྲས་བུ་རྫོགས་པ་ཆེན་པོས་འཁྲུལ་པ་བཟློག་པ་ནི། ཐབས་ཀྱི་ཚད་མ་གསུམ་སྟེ། ལུང་དང་། མན་ངག་དང་། རང་གི་རིག་པའོ། །ཞེས་དང་རིག་པའི་ཚད་མ་ནི་གཉིས་ཏེ། ཉམས་སུ་ལེན་པའི་དུས་སུ་རང་གི་གདིང་ཉམས་སུ་བློ་ལས་སྐྱེས་པའོ། །ཕྱི་རྒོལ་པའི་དུས་སུ་རིག་པ་རྣོ་ལ་མྱུར་བས་བརྡར་ཤ་གཅོད་པའོ། །ཞེས་གསུངས་པས་བསྟན་ཅིང་། བྱེ་བྲག་མངོན་རྗེས་བསྟན་ཚུལ་ཡང་རྩོད་སྤོང་སྨྲ་སེང་དང་ཕལ་ཆེར་འདྲ། གཞུང་འདིའི་དབུར་ལྷ་ཡི་སྐད་ཟེར་བ་ཞིག་དང་བོད་སྐད་ལས་སྐད་གཞན་མི་འདུག མན་ངག་ལུང་གི་ཚད་མ་ནི་། ཚད་མ་དེའི་དབུར། ཞང་སྐད་དང་། རྒྱ་ནག་སྐད། རྒྱ་གར་སྐད་དེ་ལས་བོད་སྐད་བཅས་སྐད་རིགས་མི་འདྲ་བ་བཞི་ཙམ་བསྟན་འདུག གཞུང་དེས་ཚད་མ་བསྟན་ཚུལ་ནི། ཟབ་མོའི་ཆ་ཤས་བརྟག་དཀའ་བ། ཚད་མས་གཏན་ལ་དབབ་པར་བྱ་ཞེས་པས་སྤྱིར་ཚད་མ་བསྟན། སྐྱེས་བུ་མི་བསླུ་མ་འཁྲུལ་བ། མངོན་སུམ་པ་དང་རྗེས་སུ་དཔག དེ་ཡིས་མ་འཁྲུལ་མི་བསླུ་བྱེད་ཅེས་པས་མངོན་རྗེས་གཉིས་དང་ཚད་མའི་མཚན་ཉིད་བསྟན། ད་དུང་དེ་ལས་འབྲེལ་བ་བསྟན་པ་དང་། གཏན་ཚིགས་བསྟན་པའི་གཞུང་ཚིག་དུ་མ་འདུག་ཀྱང་འདིར་མ་བྲིས། ཚད་མ་དེའི་འགྲེལ་ལས་ཚད་མ་བསྟན་ཚུལ་ཡང་དེ་ལྟར་གཅིག་མཚུངས་ཡིན། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་གསུངས་པ་པོ་ནི་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཏེ་མཚན་ཡོངས་གྲགས་ལ་དྲན་པ་ནམ་མཁའ་ཟེར། ཁོང་འཁྲུངས་ནས་ད་ལྟའི་བར་མི་ལོ་ཉིས་སྟོང་སུམ་བརྒྱ་ལྷག་ཟིན་ཡོད། གཞུང་དེ་ལ་ལེའུ་ཚན་མི་འདྲ་བ་བརྒྱད་ཡོད་ཅིང་། དང་པོ་སངས་རྒྱས་ཀྱི་བསྟན་པ་དར་ནུབ་འབྱུང་ཚུལ་དང་། གཉིས་པ་རྩོད་པ་ཇི་ལྟར་བྱེད་པ་དང་འཆད་ཉན་གྱི་བསྟན་པ་ཇི་ལྟར་འཛིན་ཚུལ། གསུམ་པ་འཇལ་བྱེད་བློ་རྒྱས་པར་བཤད་པ། བཞི་པ་གཞལ་བྱ་བདེན་གཉིས་བསྟན་པ། ལྔ་པ་སངས་གཞི་འབྱུང་གཞི་སོག་གཞི་སྟེ་གཞི་གསུམ་བསྟན་པ། དྲུག་པ་གཞལ་བྱ་གྲུབ་མཐའི་ལེའུ། བདུན་པ་བོན་ཐམས་ཅད་ལ་བཟླ་བའི་ལེའུ། བརྒྱད་པ་ཐོས་བསམ་ཚད་ལྡན་ཇི་ལྟར་བྱ་དགོས་པའི་པྲ་ཁྲིད་ཀྱི་ལེའུ་བཅས་སོ། །གཞུང་འདིས་ཚད་མའི་རྣམ་བཞག་ཚིག་ཉུང་དོན་གསལ་སྣ་མང་གིས་བསྟན་པའི་གཞུང་ཞིག་ལགས་ཤིང་། ཁྱད་པར་འཇལ་བྱེད་རྒྱས་པར་བཤད་པའི་ལེའུ་སྐབས་སུ། མཚན་མཚོན་བསྟན་པ། རྟགས་ཀྱི་བསྒྲུབ་བྱ་དང་དགག་བྱ་གཏན་ཚིགས་དཔེ་དང་བཅས་པ་བསྟན་པ། ལུང་རིག་ཚད་མའི་གསལ་བ་བསྟན་པ། རྫས་ཡོད་དང་རྟགས་ཡོད་བསྟན་པ། དགག་སྒྲུབ་བསྟན་པ། རྟོག་མེད་ལོག་ཤེས་བསྟན་པ། ཚད་མིན་བློ་དྲུག་བསྟན་པ། མངོན་སུམ་བསྟན་པ། ངོན་སུམ་གྱི་དབྱེ་བ་དྲུག་བསྟན་པ། རྗེས་དཔག་བསྟན་པ། ཁྱབ་བྱ་ཁྱབ་བྱེད་འབྲེལ་བ་བསྟན་པ། གྲངས་སྤྱི་དང་རིགས་སྤྱི་བསྟན་པ་བཅས་ཡིན། དེ་དག་གཞུང་ཚིག་ཇི་བཞིན་འགོད་པ་ཡིག་ཚོག་མང་བར་དོགས་ནས་མ་བྲིས། ཤ་རིའི་གལ་མདོ་ནི་གསུང་པ་པོ་ཤ་རི་ཨུ་ཆེན་ཡིན་པས་གཞུང་མཚན་ལ་ཤ་རིའི་གལ་མདོ་ཟེར། གཞུང་དེའི་དབུར། ཞང་སྐད། རྒྱ་གར་སྐད། རྒྱ་ནམ་པ་ལྡོང་གི་སྐད། མི་ཉག་གི་སྐད། གེ་སར་གྱི་སྐད། སུམ་པའི་སྐད། དེ་ནས་བོད་སྐད་བཅས་བསྟན་འདུག གཞུང་དེར་ལེའུ་བཅུ་བཞི་ཡོད་ཅིང་དེ་དག་གཙོ་བོ་རྫོགས་པ་ཆེན་པོའི་ལྟ་བ་ཟབ་མོ་འཆད་བྱེད་ཡིན་པས་བསྟན་དོན་འདི་ཞེས་བདག་གིས་སྨྲ་མ་སྤོབས་ཀྱང་། གཞུང་དེར་ཚད་མ་བསྟན་ཚུལ་ནི། གཏན་ཚིགས་བཞི་ཡི་ཐེག་སྟངས་བསྡུས་པའི་ལེའུ་ལས། མངོན་སུམ་དང་ནི་རྗེས་སུ་དཔག་པ་ཡིས། །བོན་ཀུན་བོན་ཉིད་གཞལ་བྱར་བསྟན་པ་དང་། ཞེས་དང་། མངོན་སུམ་དབང་པོ་ཡིད་དང་རིག་པ་དོན། ཞེས་དང་། ལྐོག་གྱུར་ཅེས་བྱ་འབྲས་བུ་རྒྱུར་མཚོན་ཞིང་། །ཡིད་དཔྱོད་ཐེ་ཚོམ་མེད་པར་གཏན་ལ་དབབ་པ་ཡང་། བདག་གཞན་དོན་དུ་མི་བསླུ་གདེང་ལྡན་པར། །དཔེ་དོན་རྟགས་ཀྱིས་ཉམས་མྱོང་རྒྱུ་བ་ཞེས་སོགས་ཀྱིས་ཞིབ་པར་བསྟན་པར་འདོད། དེ་དག་སྔ་དར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་ཡ་གྱལ་བོད་ཀྱི་ཚད་མའི་གཞུང་ཆེན་རྣམས་ཏེ་བོད་རྒྱལ་གྲི་གུམ་སྐབས་ཡན་དུ་བོད་ཡུལ་དུ་དར་རྒྱས་སུ་གནས་སོ། །ཕྱིས་འབྱུང་བོན་གྱི་ཚད་མ་རིག་པའི་གཞུང་ནི། ཁོ་བོས་དངོས་སུ་མཇལ་མྱོང་བའི་སྐོར་ལས། ཚད་མའི་སྙིང་པོ་དེ་ཁོ་ན་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ནི། གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་གསུངས་ཤིང་། ཁོང་ནི་སྤྱི་ལོ་༡༡༩༣ལོར་སྐུ་འཁྲུངས། གཞུང་དེ་ནི་རྣམ་འབྱེད་འཕྲུལ་ལྡེའི་འཇལ་བྱེད་རྒྱས་པར་བཤད་པའི་ལེའུའི་དོན་འགྲེལ་ཡིན་པར་སེམས། ཡོངས་གྲགས་ལ་འགྲོ་མགོན་ཚད་མ་ཟེར། ཚད་མའི་གཞུང་དེར་ལེའུ་བརྒྱད་ཡོད་ཅིང་། རིམ་པ་ལྟར་བློ་ཙམ་གྱི་རང་བཞིན་གཏན་ལ་དབབ་པའི་ལེའུ། ཚད་མ་སྤྱི་ཡི་རང་བཞིན་བསྟན་པའི་ལེའུ། བཀའ་དང་ལུང་ཚད་མའི་ལེའུ། མངོན་སུམ་ཚད་མའི་ལེའུ། རྗེས་དཔག་སྤྱི་ཡི་ལེའུ། རང་དོན་རྗེས་སུ་དཔག་པའི་ལེའུ། གཞན་དོན་རྗེས་སུ་དཔག་པའི་ལེའུ། མཚན་མཚོན་གཞི་གསུམ་གཏན་ལ་དབབ་པའི་ལེའུ་བཅས་བརྗོད་བྱ་རགས་རིམ་ཙམ་དུ་དེ་ལྟར་ལགས། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མའི་རྩ་བ་དང་རང་འགྲེལ་ནི་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གསུངས་པ་དང་། ཁོང་སྤྱི་ལོ་༡༣༥༦ལོར་འཁྲུངས། གཞུང་འགྲེལ་འདི་གཉིས་ལེའུ་གསུམ་གསུམ་གྱིས་བསྟན་ཅིང་། ལེའུ་དང་པོ་རྟོགས་པར་བྱ་བ་ཡུལ་གྱི་ཡིན་ལུགས། གཉིས་པ་རྟོགས་བྱེད་བློ་ཡི་ཡིན་ལུགས། གསུམ་པ་ཁྱད་པར་ཚད་མ་གཉིས་ཀྱི་ཡིན་ལུགས་བཅས་སོ། །གཞན་ཡང་དགའ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་གཏན་ཚིགས་ཐིགས་པའི་མདོ་འགྲེལ། སྨན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་རྩོད་སྤོང་སྨྲ་སེང་གི་མཆན་འགྲེལ་ལུང་དོན་རབ་གསལ་སྒྲོན་མེ་དང་། བོན་སྒོའི་སྤྱི་དོན་ཤ་རིའི་གལ་མདོའི་རྣམ་བཤད་རིགས་ལམ་གསལ་བའི་ཉི་མ། སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མའི་བསྡུས་གྲྭ། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྡུས་གྲྭ། ཧོར་སློབ་བཟང་རྒྱལ་གྱི་བསྡུས་རྟགས་གཉིས། སྤ་སྟོན་བསྟན་པ་འབྲུག་གྲགས་ཀྱིས་མཛད་པའི་རིགས་ལམ་ཆེ་འབྲིང་ཆུང་གསུམ་དང་བློ་རིག་གི་རྣམ་བཞག ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་རིགས་ལམ་བསྡུས་གྲྭའི་རྣམ་བཞག་དང་། རིགས་ལམ་ཆེ་བའི་རྣམ་བཞག་གཉིས་ཡོད་པར་ཁོང་གི་རྣམ་ཐར་དུ་འཁོད་འདུག ཁྱུང་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་བསྡུས་གྲྭ་རྟགས་རིགས་བཅས་དང་། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་རིགས་ལམ་ནོར་བུའི་ཕྲེང་བ། གཞན་ཐལ་འཕྲེང་ཚད་བསྡུས་བོན་ཅན་ཟུར་བཀོད་སོགས་ད་ལྟ་མཇལ་དུ་ཡོད། མཁས་པ་དཔལ་ཆེན་གྱིས་ཚད་མ་རྣམ་འགྲེལ་ལ་ཏི་ཀ་དོན་གསལ་སྒྲོན་མེ་ཟེར་བ་ཞིག་ཀྱང་ཡོད་པར་རྣམ་ཐར་དུ་བཀོད་འདུག དེ་ལྟར་ཚད་མ་རིག་པའི་གཞུང་གིས་ཚད་མ་བསྟན་སྐབས་མངོན་རྗེས་བསྟན་ཅིང་། རྗེས་དཔག་ཚད་མའི་སྐབས་རང་ཉིད་རྟགས་ཡང་དག་ལ་བརྟེན་ནས་གཞལ་བྱ་འཇལ་དགོས་པས་གཏན་ཚིགས་རིག་པའི་རྣམ་བཞག་བསྟན་པ་ཡིན། རང་ལུགས་ལ་གཏན་ཚིགས་རིག་པ་བསྟན་པའི་གཞུང་གོང་ལྟར་ཚད་མའི་གཞུང་དེ་དག་དང་བོན་འཁོར་ཚིག་བཞི་བསྟན་པའི་མདོའི་རྩོད་པ་བོན་གྱི་འཁོ་ལོ་བསྟན་པའི་མདོ་སོགས་ཡིན་ཞིང་། རྟགས་ཡང་དག་གི་ཕྱོགས་བོན་རྗེས་ཁྱབ་ལྡོག་ཁྱབ་གསུམ་གྱི་ཐ་སྙད་ཕལ་ཆེར་རྒྱ་གར་ནས་བྱུང་བའི་ཚད་མ་དང་འདྲ་བས་རང་གཞུང་མཐོང་རྒྱ་ཆུང་བ་རྣམས་འདི་དག་ལ་དོགས་གཞི་སྐྱེ་སྲིད་མོད། ཚུལ་གསུམ་གྱི་ཐ་སྙད་འདི་ནི་བོད་རྒྱལ་གྲུ་གུམ་གྱི་སྐབས་སུ་བོད་སྐད་ལ་བྱུང་ཟིན་འདུག་སྟེ། ལོ་ཙཱ་བ་ཞང་ཞུང་སད་ནེ་གའུས་བོད་སྐད་དུ་བསྒྱུར་ཅིང་གྲི་གུམ་དུས་སུ་དར་དཀར་ལ་ཞང་ཡིག་དང་བོད་ཡིག་འདྲེས་མར་བྲིས་ཏེ་གཏེར་དུ་བཞག་ནས་ཕྱིས་སྤྲུལ་སྐུ་གུ་རུ་རྣོན་རྩེས་གཏེར་ཞལ་ཕྱེས་པ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དུ་གྲགས་པའི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པའི་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་གསུངས་འདུག ཕྱོགས་གཅིག་བོན་དུ་བཟུང་ཞེས་པའི་ཚིག་ཟུར་ཕྱོགས་བོན་དང་། རྗེས་སུ་ངེས་ཞེས་པའི་ཚིག་ཟུར་རྗེས་ཁྱབ། ལྡོག་པ་ཞེས་པའི་ལྡོག་ཁྱབ་བོ། །མཛོད་ཅེས་པ་ནི་གཞལ་བྱའམ་ལྐོག་གྱུར་ལ་གོ་བར་སེམས། གཞན་མངོན་སུམ་བཞི་ཡང་མ་རྒྱུད་ལས་དངོས་སུ་བསྟན་འདུག་པས་རང་ལུགས་ལ་རྣལ་འབྱོར་མངོན་སུམ་བསྟན་པའི་གཞུང་འཚོལ་བ་དེ་འདྲ་དཀའ་རྒྱུ་མི་འདུག གཞུང་འདི་དག་ལ་གཞིགས་ཚེ་མཁས་པ་གང་ཞིག་གིས་གསུངས་པའི་ཚད་མའི་གཞུང་སྔ་ཤོས་ཡིན་པའང་རྟོགས་སླ། གཞན་ད་དུང་ཚུལ་གསུམ་བསྟན་པའི་གཞུང་ནི། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། གཏན་ཚིགས་ཀྱི་དོན་ལ་གཉིས། ཕྱོགས་དང་ཁྱབ་པ་བསྒྲུབ་པའོ། ཞེས་པས་ཕྱོགས་བོན་དང་ཁྱབ་པ་གཉིས་བསྟན་པ་དང་། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས། ཞེས་དང་། འགྲེལ་བ་མེ་ལོང་དགུ་སྐོར་ལས། ལྔ་གང་ཞེ་ན་བོན་ཅན་གྱི་དོན་དང་། དགག་བྱའི་དོན། བསྒྲུབ་བྱའི་དོན་དང་། གཏན་ཚིགས་ཀྱི་དོན་དང་། དཔེ་ཡི་དོན་ནོ། །ཞེས་པ་རྣམས་ཀྱིས་གཏན་ཚིགས་རིག་པ་རྫོགས་པར་བསྟན། དེ་ལྟར་སྔ་རབས་བོད་ཀྱི་ཚད་མའི་ལོ་རྒྱུས་འདི་ནི་བདག་ལྟ་བུ་ལ་བཤད་པའི་སྤོབས་པ་མི་འདུག་ནའང་། དེང་སྔོན་བོད་དུ་ཚད་མ་རིག་པ་དར་ཚུལ་བསྟན་མཁན་དག་གིས་རྩོམ་ཡིག་དག་ལས་བོན་གྱི་ཚད་མའི་གཞུང་འདི་དག་འཁོད་མི་འདུག་པ་མ་ཟད། ཡོད་མེད་ཀྱི་དོགས་སློང་ཙམ་ཡང་མ་བྱས་པར་ཐོག་མར་བོད་དུ་དར་བའི་ཚད་མའི་གཞུང་ནི་གཏན་ཚིགས་ཐིགས་པ་སོགས་ཡིན་ཟེར་བ་དང་། རྔོག་ལོ་ཙཱ་བས་མཛད་པའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་ནི་བོད་ཀྱི་ཚད་མའི་གཞུང་སྔ་ཤོས་ཡིན་ཞེས་ཚད་མ་རིག་པའི་སྤྱི་དོན་དང་བོད་ཀྱི་སློབ་གསོ་༢༠༠༥ལོའི་དེབ་དྲུག་པར་བཀོད་འདུག་པ་དེ་དག་དཔྱད་གཏམ་དངོས་ཡོད་དང་མཐུན་མིན་དཔྱད་བདེ་བའི་ཕྱིར་བྲིས་པ་ལགས་སོ། །གཞན་ཡང་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན་གང་རུང་གི་འགྲེལ་བ་རྩོམ་མཁན་བོད་མི་ལས་སྔ་ཤོས་རྔོག་ལོ་ཡིན་མིན་ལའང་དོགས་གཞི་ཆེ་སྟེ། རྔོག་ལོ་རབ་བྱུང་དང་པོའི་ས་ཕག་ལ་འཁྲུངས་པ་དང་། མེ་འབྲུག་ལ་ཁ་ཆེར་བྱོན། རབ་བྱུང་གཉིས་པའི་ཆུ་སྤྲེལ་ལ་བོད་དུ་ཕེབས། ས་གླང་ལ་ཞི་བར་གཤེགས་པ་བཅས་བོད་རྒྱ་ཚིག་མཛོད་ཆེན་མོར་བཤད་འདུག་ཅིང་། དེ་ལྟར་ན་དགུང་ལོ་བཅོ་བརྒྱད་ཐོག་ཁ་ཆེར་ཕེབས་པ་དང་། སོ་བཞིའི་ཐོག་བོད་དུ་ཕེབས་པ་ང་གཅིག་ཐོག་གཤེགས་པ་ལྟ་བུ་རེད། ཡིན་ཡང་རྨེའུ་མཁས་པ་དཔལ་ཆེན་གྱིས་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་ཏི་ཀ་དོན་གསལ་སྒྲོན་མེ་ཞེས་པ་ཞིག་གསུངས་ཡོད་པ་རྣམ་ཐར་དུ་འཁོད་འདུག དཔལ་ཆེན་ནི་རབ་བྱུང་དང་པོའི་ཆུ་འབྲུག་ལ་འཁྲུངས་པ་དང་གཉིས་པའི་མེ་ཡོས་ལ་སྐུ་གཤེགས་པར་བསྟན་རྩིས་རྣམས་སུ་བཤད། དེ་ལྟར་ན་རྔོག་ལོ་ལས་དཔལ་ཆེན་ལོ་བདུན་གྱིས་ཆེ་བ་དང་། རྔོག་ལོ་ལོ་ཉེར་བརྒྱད་ཐོག་དཔལ་ཆེན་གཤེགས་པ་དང་། རྔོག་ཁ་ཆེར་ཕེབས་ལོར་དཔལ་ཆེན་ལོ་ཉེར་ལྔ་དང་། རྔོག་བོད་དུ་ཕེབས་ལོར་དཔལ་ཆེན་འདས་ནས་ལོ་དྲུག་ཙམ་འདས་འདུག དཔལ་ཆེན་ལོ་བཅུ་གསུམ་གྱི་རྗེས་ནས་གཞན་སྡེར་ཚད་མ་སློབ་ཏུ་གཤེགས་པ་དང་། ལོ་བདུན་རིང་གྲྭ་ས་དེ་རུ་བཞུགས་སྐབས་ཚད་འགྲེལ་དེ་གསུངས་རྩོམ་གནང་ཞེས་ཟེར། རྔོག་ལོས་རྣམ་ངེས་འགྲེལ་བ་ཁ་ཆེར་མ་བྱོན་གོང་དུ་མཛད་པའམ་ཁ་ཆེ་རུ་མཛད་པ། ཡང་ན་བོད་དུ་ཁ་ཆེ་ནས་ཕེབས་ཟིན་རྗེས་སུ་མཛད་པ་སོགས་ནི་རྣམ་ཐར་མཇལ་ཚེ་རྟོགས་སྲིད་ཀྱང་བདག་ལ་དེ་དག་གི་མཐུན་རྐྱེན་མ་འཛོམས་པས་ཞུ་ཐབས་བྲལ།། ༢༠༠༥ལོར་བྲིས།
༢༠༠༦ལོའི་བོད་ཀྱི་སློང་གསོའི་དེབ་དྲུག་པར་བཀོད།།
- ཟིན་ཐོ་གོང་མ།གཡུང་དྲུང་བསྟན་པ་རྒྱས་པའི་ལྷ་རྒྱལ་ལོ།།
- ཟིན་ཐོ་འོག་མ།ཤོག་དྲིལ་སྔོན་པོ།།