ྱུྭ ཕྱྭ་སྣང་གཏོ་ཡི་ཕན་འབྲས་དང་དེའི་ལག་
ལེན་སྐོར་བཤད་པ།།
༧དེ་ཡང་མི་རྣམས་ཚེ་ལོ་བརྒྱད་ཁྲི་ནས་བཅུ་བར་འཕེལ་འགྲིབ་ཀྱི་ཁུགས་པ་བརྒྱད་ཅུ་ལ་བསྐལ་ཆེན་དང་། བཞི་བཅུ་ལ་བསྐལ་པ་འབྲིང་པོ། བཅོ་བརྒྱད་ལ་ཆུང་ངུ་ཞེས་པའི་བརྩི་བའི་མུན་བསྐལ་དང་སྒྲོན་བསྐལ་མང་དུ་བྱུང་ཞིང་། ད་ལྟའི་སྒྲོན་བསྐལ་འདིར་ཡར་ཐོག་རིང་མོ་ལ་སྟོན་པ་རབས་དགུ་བྱོན་པ་ལས། བརྒྱད་པ་རྣམ་འདྲེན་ཁྲི་གཙུག་གཤེན་རྒྱལ་ཚེ་ལོ་བརྒྱ་པའི་སྟོན་པ་མཛད་ཅིང་། བོན་སྒོ་ཐེག་པ་རིམ་དགུ་གསུངས་པ་དང་། ཐེག་དགུ་ལ་ཡང་ལྷོ་བྱང་གི་བཀའ་སྟེར་སོ་སོར་ཐ་སྙད་འདྲེན་སྟངས་ཅུང་མི་འདྲ་བ་ཡོད་ལ། བཀའ་ལྷོ་གཏེར་དང་། མཛད་མདོ་རྒྱས་པ་ལས་གསུངས་པའི་ཐེག་དགུའི་དང་པོ་ཕྱྭ་གཤེན་ཐེག་པ་ལ། མོ་རྩིས་གཏོ་དཔྱད་བཞི་ཡོད་ཅིང་། དེ་དག་ཀྱང་གཅིག་ལ་གཅིག་དགོས་ལྟ་བུའི་ཐོག་མའི་རྩིས་མཐའ་མོ་ཡིས་བཅད་དེ། ནད་ལ་སྨན་དང་གདོན་ལ་གཏོ་ཞེས་པ་ལྟ་བུའི་ལག་ལེན་བསྟན། འབྱུང་རྩིས་ལ་བཟང་ངན་གཉིས་ལྷན་དུ་འབབ་པ་ཡོད་པ་དཔེར་ན། སྲོག་ཁམས་ལ་ལྟོས་ཏེ་བཟང་བ་དང་། དབང་ཁམས་ལ་ལྟོས་ཏེ་ངན་པ་ལྟ་བུ་ཡོད་པ་དེ་དག་མོས་ཐག་བཅད་དེ་སྨན་གཏོ་ཅི་རིགས་ལ་འབད་པ་དང་། གཏོར་མཚོན་ནའང་ཚེ་ཟད་ཀྱང་ལོ་གསུམ་བར་དུ་ཚེ་སྲིང་ནུས་པའི་དགེ་འབྲས་བླ་ན་མེད་པ་ཞིག་ཡིན། གཏོའི་རིགས་ལ་ཡང་སྟོང་གསུམ་འཁྲུགས་པའི་ཡོ་གཏོ་དང་། མདོས་ཆ་རྟེན་འབྲེལ་བརྡེག་གཏོ་དང་། མཉམ་ཉིད་བསོར་བའི་བརྗེ་གཏོ་དང་། གག་ཉེན་བཟློག་པའི་ཐུན་གཏོའམ་པྲ་མཚན་རིག་པའི་བསྣུན་གཏོ་དང་བཞི་ཡོད་ལ། གཏོ་རེ་རེའི་དགོས་པ་ནི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། གསུམ་པ་གཏོ་ཡིས་གསོ་བ་ལ། འགྲོ་བ་མ་རིག་སེམས་ཅན་རྣམས། སྤར་ཁ་ལོ་སྐོར་སྨེ་བ་གླིང་། འབྱུང་བ་དགྲ་གཤེད་འཁྲུགས་པ་དང་། སྟོང་གསུམ་འཁྲུགས་པའི་ཡོ་གཏོ་བྱ། ཞེས་དང་། ཡང་དེ་ཉིད་ལས། སེམས་ཅན་མི་རྣམས་དབུལ་འཕོངས་བས། ཚེ་དཔལ་བསོད་ནམས་བསྐྱེད་པའི་ཕྱིར། མདོས་ཆ་རྟེན་འབྲེལ་བརྡེག་གཏོ་བྱ། ཞེས་དང་། ཡང་དེ་ཉིད་ལས། འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། ཀག་ལ་བབ་ཅིང་འཆི་བར་ཉེན། ཀག་ལས་ཐར་དང་ཉེས་བཟློག་ཕྱིར། པྲ་ཚན་རིག་པའི་བསྣུན་པ་གཏོ། ཞེས་དང་། ཡད་དེ་ཉིད་ལས། འགྲོ་བ་སེམས་ཅན་ཐམས་ཅད་ལ། ལྷ་སྲིན་ཟ་ཁ་སྡང་བ་དང་། སྡེ་བརྒྱད་བྱོལ་ཁ་བབ་པ་དང་། མཉམ་ཉིད་བསོར་བའི་བརྗེ་གཏོ་བྱ། ཞེས་དང་། ཡང་དེ་ཉིད་ལས། ཚེ་ཟད་དུས་ལ་བབ་གྱུར་ཀྱང་། ལོ་གསུམ་བར་དུ་བཤོལ་བར་འགྱུར་ཞེས་སོ། དེ་ལས་སྟོང་གསུམ་འཁྲུགས་པའི་ཡོ་གཏོ་ཞེས་པ་དེ། མི་རྣམས་ཀྱི་སྲོག་ལུས་དབང་རླུང་བླ་དང་སྤར་ཁ་སྨེ་བ་བཅས་ཀྱི་ཁམས་ཀྱིས་གཅོད་འདྲལ། དེ་བཞིན་ཤིང་གཉན་བཅད་པ་དང་། ས་གཉན་བརྐོས་པ་དང་། ཆུ་མིག་དཀྲུགས་པ་སོགས་ཀྱིས་ཡུལ་ས་ཀླུ་གཉན་དང་འཁྲུགས་བསྡོམ་བྱེད་པ་སྟེ། སྤར་ཁའི་གཏོ་བརྒྱད་དང་། སྤར་ཁའི་ཞུས་མདོ་དེ་བཞིན་དུ་ས་བདག་འཁྲུགས་བཅོས་དང་། སྟོང་གསུམ་འཁྲུགས་པ་ཡོ་བཅོས། ས་བདག་ཉེ་ལམ་སྡེ་བཞི་སོགས་དང་། གཉན་གྱི་སྙིང་བཅོས་དཀར་ནག གནམ་ས་སྣང་བརྒྱད། ས་བདག་ཀླུ་གཉན་གྱི་འབུམ་བཞི་སོགས་འཁྲུག་བཅོས་ཀྱི་ཐབས་སུ་གྲགས་པ་ཡིན། མདོས་ཆ་རྟེན་འབྲེལ་བརྡེག་གཏོ་ཞེས་པ་ནི། ཚེ་དང་གཡང་བསྡུ་བར་བྱེད་པ་ལས་གཙོ་བོར་ཚེ་འཕེལ་བར་བྱེད་པ་དང་གཡང་འཕེལ་བར་བྱེད་པའི་རྟེན་འབྲེལ་གྱི་ཡ་ཀ་བརྗོད་པ་དང་། ལྷ་སྲིན་ལ་མདོས་ཆ་སྟེ་མཆོད་རྫས་ཕུལ་བའི་མཐུས་རང་ཉིད་ཀྱི་ཚེ་དཔལ་འཕེལ་བྱེད་ཀྱི་ཐབས་ལམ་སྣ་ཚོགས་ཤིག་ཡོད་པ་དག་ཡིན། གག་གཉེན་བཟློག་པའི་ཐུན་གཏོའམ་པྲ་ཚན་རིག་པའི་བསྣུན་གཏོ་ཞེས་པ་ནི། དེ་ཉིད་ལས། ཚེ་བསླུ་སྲོག་བདམ་སྲོག་མཁར་འཛུགས། ཚེ་སྐྱིན་སྲོག་གླུད་ལན་ཆགས་འཇལ། ཞེས་པ་ལྟར་འཆི་བ་བསླུ་བའི་གཞུང་གི་གཏོ་ཐབས་དང་། བླ་བསླུ་བར་བྱེད་པའི་གཞུང་གི་གཏོ། གཞན་སྲོག་ལན་གྱི་སྐྱིན་དུ་གཏོ་གཏོང་བས་ཚེ་རིང་བར་བྱེད་པ་དང་། ཚེ་བདུད་བཙན་མ་མོ་གཤིན་རྗེ་བདུད་སོགས་ནས་སྐྱིན་པར་བྱེད་པ་ཡང་ཡོད། ཚེ་བདུད་ལ་བརྔན་ཡོན་འབུལ་བ་དང་། ཚེ་བདུད་དམ་ལ་འདོགས་པ་སོགས་ཀྱི་གཏོ་རིགས་སྣ་ཚོགས་པ་དག་གོ། མཉམ་ཉིད་བསོར་བའི་བརྗེ་གཏོ་ཞེས་པ་ནི། འདྲ་མཉམ་དུ་གཏོ་འབུལ་ཡུལ་དང་འབུལ་མཁན་གྱི་ཡོན་བདག་ཕན་ཚུན་ཉོ་ཚོང་བྱེད་པའི་རྣམ་པ་ཞིག་སྟེ། བསོར་བ་ཞེས་པ་དེ་བརྗེ་བའི་དོན་ཡིན་ལ། སྤྱིར་བསམ་པའི་ཏིང་འཛིན་ནམ་དམིགས་པ་དེས་ཡིད་གཟུགས་དང་ལྷ་མ་སྲིན་སྡེ་བརྒྱད་མགུ་བར་བྱེད་ནུས་པ་ཞིག་ཡིན་ཞིང་། གླུད་ཡས་འབུལ་མཁན་ནད་པ་དང་སྒྲུབ་གཤེན་གང་ཡིན་ཡང་དེ་ཉིད་ཀྱི་གཟུགས་ཚད་དང་སྦྱར་ཞིང་ཡོན་བདག་དེའི་ཆ་བྱད་ཅན། ཟན་སོགས་ལ་བཟོ་བ་དང་། ནད་པའམ་ཡོན་བདག་གི་གོས་གླུད་གྱོན་པ་དྲི་མ་ཅན་སོགས་གླུད་རྫས་བསགས་ཏེ་འབུལ་བ་ཞིག་རེད། དེ་ཡང་གླུད་ཅེས་པ་དེ་ཚབ་མཚོན་རང་བཞིན་གྱི་གཏོ་ཞིག་ཡིན་པས། གནག་རྟ་ར་ལུག་གི་གླུད་དུ་དེ་དག་གི་གཟུགས་བརྙན་རིས་སུ་བྲིས་པ་དང། འབུར་དུ་དོད་པ། དམིགས་ཡུལ་ཤེལ་ཚིག་སོགས་ཀྱི་འགྲོན་བཞིའི་སྡེ་ཚོགས་ཀུན་ལ་འབུལ་ཆོག་པ་ཞིག་རེད། དེ་ལྟར་ཕྱྭ་གཤེན་པས་གཏོ་བྱེད་པའི་རྣམ་གྲངས་རགས་བསྡུས་བྱས་ན་དེ་བཞིར་འདུས་མོད་དེ་དག་ལ་ཕྱྭ་སྣང་གཉིས་ཀའི་ཆ་ཡོད་པ་རེད། དེ་ཡང་སྣང་གཤེན་ཐེག་པ་ལས། གླུད་ཡས་གནས་སུ་ཐིངས་པར་བསྔོ། འདྲེ་དགུ་བསྐྱལ་བའི་སྨྲང་གཏོ་བྱ། སྲི་དགུ་གནོན་པའི་སྲི་གཏོ་བྱ། གག་ཉེན་བཟློག་པའི་ཉེན་གཏོ་བྱ། རྟེན་འབྲེལ་སྲིད་པའི་རྩིས་གཏོ་བྱ། ཞེས་པས་སོ། །སྣང་གཤེན་པའི་གཏོ་ལ་དེས་ཀྱང་མ་ངེས་པ་འགའ་ཞིག་ཡོད་པ་སྟེ། སྣང་གཤེན་ཐེག་པ་ལས། དཔོན་གསས་ཕྱག་བརྙན་གཏོ་ཡི་སྒོ། འདི་ལ་རྣམ་པ་བཞི་ཡིན་ཏེ། དབྱིངས་ཀྱི་ལྷ་ཚོགས་ཚོགས་ཀྱིས་མཆོད། མཁའ་ཡི་དབལ་མོ་བསྐང་གིས་བསྐངས། ཀློང་གི་དམ་ཅན་རྟེན་གྱིས་བརྟེན། ཞེས་པ་ལྟར་རོ། །སྣང་གཤེན་པའི་འཕན་ཡུལ་གླུད་ལ་ཕོ་གླུད་མོ་གླུད་ཆུང་གླུད་དང་གསུམ་ལས་གྱེས་པ་དུ་མ་ཡོད་པ་དང་། དཔོན་གསས་ཕྱག་བརྙན་གཏོ་བཞི་ལས་གྱེས་པ་དུ་མ་ཡོད་པ་ཡིན་འདུག
ཕྱྭ་སྣང་གི་གཏོ་དེ་དག་རྩ་བའི་ཆ་ནས་ད་ལྟ་བོན་པོ་ཚོས་སྐྱེ་འགྲོའི་ཕན་བདེ་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། སྒྲུབ་གཤེན་ཏིང་འཛིན་དག་པ་དང་བསམ་སྦྱོར་དག་པ་ཞིག་གིས་གཏོ་འདི་དག་གི་བྱེད་སྒོ་སྤེལ་བ་ན་ཧ་ཅང་གི་ཕན་པ་ཆེན་པོ་ཞིག་འབྱུང་མོད། དེ་ལྟར་མིན་པ་ཞིག་གིས་འདི་དག་ལག་ལེན་བྱེད་པ་ནི་རང་གཞན་གཉིས་ཀ་ལ་གནོད་པ་བྱེད་པ་ལས་ཕན་པ་མི་འབྱུང་བས། དེ་གཟབ་པར་བྱ་བའི་གནས་ཤིག་ཡིན། དེ་ཡང་ལྷ་འདྲེ་དེ་དག་འཕྲག་དོག་དང་ཕོག་ཐུག་ཤོར་སླ་བ་ཞིག་ཡིན་པ་དང་། འགུག་པའི་སྔགས་ཚིག་གིས་འགུག་སླ་བ་སོགས་ཡིན་པས་དེ་མཐུན་གྱིས་རྫས་དང་བསམ་པ་ཚང་དགོས་པ་ལས་གཞན་གྱིས་རང་གར་དུ་བྱེད་པ་ནི། ཕྱྭ་གཤེན་ཐེག་པ་ལས། ལག་ལེན་མེད་པའི་ཚད་མདའ་སྤོངས། ཤེས་སོ་བསམ་པའི་ཆེ་བ་སྤོངས། མཁས་སོ་བསམ་པའི་དྲག་པ་སྤོངས། གཞན་ལ་འཛུགས་པའི་ཚེར་མ་སྤོངས། རང་ལ་བསྟོད་པའི་ཕྱར་གཡེང་སྤོངས། མི་ཤེས་པའི་༼ཡི་༽ཕོ་རྒོད་སྤོངས། མི་མཐུན་པའི་༼ཡི་༽བྱ་བ་སྤོངས། མི་འགྲོ་བའི་༼ཡི་༽ཡས་སྟག་སྤོངས་ཞེས་སོགས་གསུངས་པས་སོ། །གཏོ་དེ་དག་འབུལ་ཡུལ་གཙོ་ཆེ་བ་ནི། གཡེན་ཁམས་ཀྱི་ལྷ་མིན་དང་། དེ་ལས་ཀྱང་ཡི་དྭགས་ཀྱི་སྡེ་རུ་འགྲོ་བ་དག་ཡིན་ལ། གཡེན་ཁམས་སོ་གསུམ་རྣམས་ལའང་རང་རང་གི་བཀའ་མོལ་ཞུ་བ་དང་ལེགས་ཉེས་འདྲི་ཡུལ་གྱི་བོན་པོ་རེ་ཡོད་ཅིང་། དེ་དག་ལ་བསྡུས་མིང་དུ་གཡེན་བོན་སོ་གསུམ་ཟེར་ལ། དེ་ཡང་སྟོན་པ་གཤེན་རབ་ཀྱི་མཚན་བཟང་ལས་སྤྲུལ་པའི་བོན་པོ་ཡིན། བདུད་ཁྱབ་པས་གཡུང་དྲུང་བོན་ལ་སྨོད་པ་བྱས་པའི་རྣམ་སྨིན་བདུད་ཁ་ལྟག་པར་རལ་བར། བདུད་བོན་ལ་བློ་གྲོས་འཚོལ་བས། བདུད་བོན་གྱིས་གཤེན་ལ་འགྱོད་བཤགས་བྱེད་པར་གསུངས་པས་དེ་ལྟར་བྱས་པས་ཕན་པ་ལྟ་བུའོ། །བདུད་བོན་ཞེས་པའི་བོན་པོ་ཡོད་དོ་ཅོག་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ཡིན་པའི་ངེས་པའང་མེད་དོ། །གཏོ་དེ་དག་ལ་དགོས་པའི་ཡས་སྟགས་ཀྱི་རིགས་ལ། གཏོ་འདི་དག་འབུལ་བའི་ཡོ་བྱེད་ལ་འབུལ་མཁན་གྱི་ཆས་དང་། འབུལ་བའི་ཡས་སྟགས་དང་གཉིས་ལས། དང་པོ་ནི། མཛད་མདོ་རྒྱས་པའི་དེབ་གཉིས་པ་སྣང་གཤེན་ཐེག་པའི་མདོ་ལས། སྲིད་པའི་སེལ་བོན་སྣ་ཆེན་གྱི། དབུ་ལ་འགྱིང་པའི་ཐོད་ཀྱང་བཅིང་། ཞལ་ནས་སྐྱེམས་པའི་སྐྱེམས་ཡང་གསོལ། ཞེས་དང་། མཁའ་ཀློང་མདོས་ལས། ངས་དབུ་ལ་ཐོད་བཅིང་པ་དེ། དྲེགས་བྱེད་དབང་དུ་བསྡུས་པའི་དོན། སྐུ་ལ་བེར་ཅིག་གྱོན་པ་དེ། སྣང་སྲིད་ཟིལ་གྱིས་མནོན་པའི་དོན། ཞལ་ནས་གསེར་གཡུ་མུར་བ་དེས། བདེན་རྫུན་ཤན་འཕྲང་འབྱེད་པ་དང་། ལྷ་ཡི་སྐྱེ་རྒྱུད་བཤད་པའི་དོན། ཞེས་སོགས་དང་། ཕྱི་ནང་གསང་བའི་མདོས་ཀྱི་འབྱུང་ཁུངས་གསལ་བྱེད་ལག་ཁྲིད་ནོ་བཱེ་ཀའི་ལག་ལེན་ལས། མདོས་མཁན་ཉིད་ལ་དགོས་པ་ནི། བཞུགས་པའི་གདན་ཅིག་དགོས། ཞལ་དུ་སྐྱེམས་ཅིག་དགོས། གཞི་རྟེན་ནས་ཅིག་དགོས། སྐུ་ལ་རྟེན་ཅིག་དགོས། སྐུ་རྟེན་གསེར་གཡུ་གཅིག་དགོས། ཁ་གསེར་ཁ་གཡུ་ཞེས་ཀྱང་བྱ། མགུལ་དུ་གསེར་གཡུ་འདོགས་པར་བཤད། སྔགས་འཆང་ཆས་སུ་འཇུག་པར་གསུངས། ཞེས་དང་། ཀློང་རྒྱས་ལས། གཙང་ཐོད་དང་། ཁ་གསེར་ཁ་གཡུ་ཞེས་སོགས་གསུངས་སོ། །དེ་དག་ལས་གདན་དང་བེར་མདའ་དར་སོགས་རྒྱུན་དུ་མཐོང་དུ་ཡོད་ལ། ཁ་གསེར་ཁ་གཡུ་དང་དབུ་ཐོད་ནི་ཅུང་མཐོང་དཀོན་པ་ཞིག་འདུག་པའི་སྣང་བ་བྱུང་བས། དབུ་ཐོད་ནི་སྦྱིག་སྲེག་སྐབས་འབྱུང་བ་ལྔའི་མཚོན་མདངས་ཀྱི་དབུ་ཐོད་ཅེས་དར་སོར་དོ་ཡན་མན་ཅན་དཀྲི་བ་དང་། གཞན་མཚོ་སྔོན་རེབ་ཀོང་གི་སྔགས་པ་རྒན་གྲས་ཀྱི་དབུར་དམ་ཀོ་སོགས་ཐོད་ལྡེང་དུ་འདོགས་པ་ཞིག་ཡོད་པ་དེ་རིགས་ཡིན་སྲིད་པ་དང་། ཁ་གསེར་ཁ་གཡུ་ནི་གཏོ་ཡས་དེ་དག་གི་ཆོ་ག་ཀློག་སྐབས་སུ་ཁ་ནང་དུ་འཆང་རྒྱུའི་གསེར་གཡུ་ཞིག་སྟེ། ཞལ་ནས་གསེར་གཡུ་མུར་བ་དེ། ཞེས་པས་ཤེས་ལ། ད་ཆ་དེ་ལྟ་བུའི་གསེར་གཡུ་མུར་བའི་ཕྱྭ་སྣང་གི་གཤེན་པོ་ཡོད་པར་མ་གོ་ལ། གསེར་གཡུ་དེའི་དགོས་པ་ནི། བདེན་རྫུན་ཤན་འབྱེད་པའམ། ལྷ་འདྲེ་དེ་རིགས་ལ་བཀའ་བཙན་པའི་ཕྱིར་ཡིན་པ་ནི། ཀློང་རྒྱས་ལས། ཁ་གསེར་ཁ་གཡུ་ངོ་མཚར་བཀའ་ཡི་རྟགས་ཞེས་པས་སོ། །འོན་ཏེ་གསེར་སྐྱེམས་དང་གཡུ་མངོན་ཡིན་ཡང་སྲིད་པ་སྟེ། ཞལ་དུ་སྐྱེམས་པའི་སྐྱེམས་ཅིག་དགོས་ཞེས་པས་སོ། །མདོར་ན་སྔགས་འཆང་པའི་ཆས་དེ་དག་དང་ལྡན་པ་ཞིག་སྟེ། སྔགས་འཆང་ཆས་སུ་ཞུགས་པར་གསུངས་ཞེས་སོ། །ནས་ནི་ད་ཆ་གཞི་ནས་ཞེས་ནས་ཞིག་གཞི་ཐོག་ཏུ་བཀོད་པའམ་བཀྲམ་པ་ཡིན་འདུག་དེ་དག་ཀྱང་ལྷ་ཡི་རྟེན་ལྟ་བུ་ཞིག་ཡིན་པ་ནི་མཁའ་ཀློང་མདོས་མཆང་ཟིལ་མནོན་ལས། གཞི་རྟེན་ནས་ལ་བྱེད་པ་དེ། ལྷ་དམག་ནས་བས་མང་བའི་དོན། མི་འཕེལ་ནས་བས་ཆེ་བའི་དོན། ཞེས་པས་སོ།།
གཉིས་པ་འབུལ་བའི་རྫས་ནི། ནོ་བཱེ་ཀའི་ལག་ལེན་ལས། མདོས་ལུང་དུ་མ་ཡོད་གྱུར་ཀྱང་། ཤེས་ཚུལ་ལྔ་རུ་འདུག་པ་ཡིན། ཕྱི་མདོས་གླུད་དུ་ཤེས་པ་ཡིན། ནམ་མཁའ་རྒྱང་བུ་ཤིང་རིས་དདང་། ཕོ་སྟོང་མོ་སྟོང་མདའ་འཕང་དང་། རི་རབ་གླིང་བཞི་ལྕགས་རི་བཅས། གླུད་མདོས་ཡས་སྟགས་ཅི་བསགས་པ། འདོད་པ་ལྔའི་སྦྱིན་པ་ལྔ་ཞེས་དང་། ཡང་དེ་ཉིད་ལས། ནང་མདོས་ལྷ་རུ་ཤེས་པར་བྱ། རི་རབ་གླིང་བཞི་ལྕགས་རི་བཅས། ཕྱི་སྣོད་ལྷ་ཡི་གཞལ་ཡས་ཁང་། ནམ་མཁའ་རྒྱང་བུ་ཤིང་རས་དང་། ཕོ་སྟོང་མོ་སྟོང་མདའ་འཕང་དང་། ཡས་སྟགས་སོ་སོའི་བྱེ་བྲག་རྣམས་ཞེས་དང་། གསང་མདོས་མཆོད་པར་ཤེས་པ་ནི། རི་རབ་གླིང་དང་ལྕགས་རི་བཅས། ཕྱི་སྣོད་ཐམས་ཅད་གཏོར་གཞོང་དུ། ནང་བཅུད་ནམ་མཁའ་རྒྱང་བུ་ཤིང་རིས་དང་། ཕོ་སྟོང་མོ་སྟོང་མདའ་འཕང་དང་། ཡས་སྟགས་ལ་སོགས་ལྷ་འདྲེ་རྣམས། ཁམས་གསུམ་སྟོང་གསུམ་སྲིད་གསུམ་གྱི། གནམ་རི་ས་བྲག་རྩི་ཤིང་ཚལ། ཇི་སྲིད་སྲོག་ཆགས་སེམས་ཅན་རྣམས། ཞེས་སོགས་གསུངས། ཡང་དེ་ཉིད་ལས། གསེར་སྐྱེམས་གཡུ་མངོན་རྒྱང་བུ་གསུམ་པོ་དེ། མེད་དུ་མི་རུང་རྫས་གསུམ་ཡིན། ཕྱོགས་བཞི་རྒྱལ་མཚན་བཞི་ཡང་བཙུག ཞེས་པ་ལྟར་སྤྱིར་ལྷ་མིའི་དཀོར་ནོར་འཚོགས་ཚད་རྫས་སུ་རུང་ལ། དེ་ཉིད་དངོས་སུ་འཛོམས་པ་དང་རིས་སུ་བྲིས་པ་འབུར་དུ་དོད་པ་ཡིད་ཀྱིས་དམིགས་པ་ཅི་རིགས་སུ་རུང་བ་དང་། གསེར་སྐྱེམས་ནི་རིན་པོ་ཆེ་གསེར་ཆང་དང་སྦྱར་བ་དང་། གཡུ་མངོན་ནི་རིན་པོ་ཆེ་གཡུ་ཆང་དང་སྦྱར་བ་དག་ཡིན་ཞེས་ཤོད་སྲོལ་ཡོད། གསེར་སྐྱེམས་ཀྱི་རབས་ལས་ཀྱང་གསེར་དང་ཆང་གཉིས་ཀྱི་བྱུང་ཚུལ་ཤོད་པས་ན་གོང་ལྟར་འཐད་པར་སྙམ། རྒྱང་བུ་ནི། སྨྱུག་མ་ལ་སོགས་ཤིང་བཤེན་ཞིང་ལྡེམ་པ་རིང་ཐུང་སྐབས་ཀྱི་གླུད་མདོས་ཀྱི་སྣོད་གཞི་དང་བསྟུན་ལ། གཞན་ཡང་མདོས་ཀྱི་ལས་བྱང་བསམ་འཕེལ་ནོར་བུ་ལས། འཕན་ཁ་གསུམ་དུ་གྱེས་པ་དེ། སྐུ་གསུང་ཐུགས་རྗེས་བརྡ་མཚོན་ཡིན། འཕན་འདབ་དགུ་རུ་གྱེས་པ་དེ། འདོད་རྒུ་ལྷུན་གྱིས་གྲུབ་པའི་དོན་ཞེས་གསུངས་པ་ལྟར། རྒྱང་བུ་ཡོད་རྒུར་འཕན་ཁ་གསུམ་རེ་དང་འཕན་འདབ་དགུར་དགོས་ཤིང་། དེའི་བརྩི་ཚུལ་ཡང་། རྒྱང་བུར་འཕན་ཁ་གང་འོག་བར་གསུམ་དུ་གྱེས་པས་འཕན་ཁ་གསུམ་དུ་གྱེས་པ་དང་། གོང་མ་ལ་འདབ་མ་གསུམ་དང་འོག་མ་ལ་གསུམ། བར་མར་གསུམ་སྟེ་འཕན་འདབ་དགུ་དང་། རྩེ་མོར་བྱ་སྤུས་བརྒྱན་པའོ། །ནམ་མཁའ་ནི་གོང་ལྟར་གྱི་ཤིང་བཤེན་པ་ཞིག་གི་རྩེ་མོ་ཡི་ཆར་དཔུང་ཐུང་ངམ་ཤིང་ཐུར་མཐོ་གང་སོགས་ནམ་མཁའི་ཚད་མདོས་གཞི་དང་བསྟུན་ལ། དེ་ཉིད་རྩེ་ཡི་ཆར་རྒྱ་གྲམ་གྱི་དཀྱིལ་རྐུད་པས་སྤྱན་གཏོད་ལ་མཐའ་སྐོར་དུ་ལྕགས་རི་སོགས་སྐབས་བབ་ཀྱི་ནམ་མཁའ་གང་དགོས་མདོས་གཞུང་ལྟར་འདྲེན། དེ་ཡང་གཡས་གཡོན་དང་རྩེ་མོ་བྱ་སྤུས་བརྒྱན། བྱ་སྤུ་རིགས་དང་ཤིང་གི་རིགས་དེ་བཞིན་ནམ་མཁའ་དང་རྒྱང་བུའི་ཁ་དོག་སོགས་འཐོབ་ཐང་སོ་སོ་བ་ཡོད་པ་ཡིན། དམིགས་གསལ་དུ་མདོས་གླུད་ལ་དགོས་པའི་རྫས་ཅིག་ནི། ཤེལ་ཚིག་ཅེས་པ་དེ་ཡིན་ཞིང་། དེའི་བྱུང་བ་མདོར་ཙམ་ཞིག་ནི་འཁྲུགས་བཅོས་ནང་དུ་ཡོད་པ་འདི་ལྟར་སྟེ། ཀྱེ་སྔོན་ཚེ་བསྐལ་པ་དང་པོ་ལ། སྔོན་མོ་ནས་ཀྱི་འབྲུ་བདུན་བྱུང་། མཁའ་ལྡིང་བྱའི་༼ཡི༽མགུར་ནས་བྱུང་། རྒྱལ་པོ་བྲེ་ཏས་ཞིང་ལ་བཏབས། བདུད་རྩི་སྤྱི་ཁྱབ་ཆུ་ཡིས་བྲན། དྲོད་ཀྱིས་གསོ་ཞིང་སྐྱེ་བར་བྱས། གཡོ་བྱེད་རླུང་གིས་སྨིན་པར་བྱས། དཔྱིད་རྨོས་དབྱར་སྐྱེས་སྟོན་ལ་བརྔས། ནར་མ་འབྲུ་ཡི་བྱིན་བརླབས་ཀྱིས། འགྲོ་དྲུག་སེམས་ཅན་ཀུན་ལ་ཕན། སེམས་ཅན་ཀུན་གྱི་གསོས་སུ་ཆེ། འཛམ་གླིང་ཀུན་ལ་ཁྱབ་པར་བྱེད། ཡར་གྱི་ལྷ་ཡང་འདི་ཡིས་མཆོད། མར་གྱི་སྲི་ཡང་འདི་ཡིས་མནན། བྱམས་པའི་གཉེན་ཡང་འདི་ཡིས་བསྐྱབ། ཡབ་ཡུམ་འབྲི་བཀོད་དཔེ་ཡི་ཚུལ། ཡབ་ཀྱི་ངོ་བོ་སླ་ངའི་ནང་དུ་བླུག ཡུམ་གྱི་སྣང་མེའི་མེ་ལ་བསྲེགས། རྟེན་འབྲེལ་མཐུན་པ་ཡོག་མགོས་བརྔོས། དཀར་བརྒྱ་ནག་སྟོང་སྨུག་མོ་ཁྲི། གསེར་གཞོང་དངུལ་གཞོང་ནང་དུ་བླུག །ཅེས་པ་དེས་ཤེལ་ཚིག་ཅེས་པ་དེ་ཅི་ཞིག་ཡིན་པར་གསལ་བ་ཡིན། བོད་མི་རྣམས་ཀྱིས་རྩམ་པ་བཟོ་ཚེ་ནས་བརྔོད་ཙམ་བྱེད་པ་ལས་ཧ་ཅང་གིས་བརྔོས་དྲག་ན་རྩམ་པ་ནག་པོར་འགྱུར་འགྲོ་བ་རེད། དེས་ན་སྐབས་འདིར་ཤེལ་ཚིག་ཏུ་བཟོ་བའི་ཚེ་ནས་རེ་འགའ་སླ་ངའི་ནང་དུ་ནག་པོར་འགྱུར་བར་བསྲེག་པ་དང་། རེ་འགའ་ཁྲ་བོ་བྱེད་པ་དང་། རེ་འགའ་སེར་ཙམ་བྱེད་པ་སོགས་ཀྱིས་ཤེལ་ཚིག་བཟོ་བ་རེད། ཕོ་སྟོང་ནི་ཤིང་བྱང་སོགས་སུ་སྐྱེས་པ་གོ་མཚོན་གྱིས་བརྒྱན་པ་འབྲི་བ་དང་། མོ་སྟོང་ནི་དེ་བཞིན་བུད་མེད་ཀྱི་གཟུགས་རྒྱན་ཆས་དང་ལྡན་པ་འབྲི་བ་དག་ཡིན་ལ། མདའ་དང་འཕང་ནི་ཕོ་མོའི་མཛའ་བརྩེ་མཚོན་བྱེད་ཅིག་ཡིན་འདུག དེ་ལྟར་ཡོ་བྱད་འཚོགས་ནས་གླུད་ཡས་དེ་དག་གཏོང་བའམ་འབུལ་ཚུལ་ལག་ལེན་དུ། སྔོན་དུ་འགྲོ་བ་དང་། དངོས་གཞི་རྗེས་བྱ་དང་གསུམ་དུ་ལྡན་ཞིང་དེའི་དང་པོ་ནི། མདོ་སྡེ་དྲི་མ་མེད་པ་ལས། ད་གཉིས་པ་འཇུག་དང་སྤྱོད་པ་ནི། ཐོག་མར་འཇུག་པའི་རིམ་པ་ལ། སེམས་བསྐྱེད་སྙིང་རྗེ་གཞི་བཟུང་ནས། འགྲོ་ལ་ཕན་པའི་སེམས་ལྡན་ཞིང་། ཞེས་གསུངས་པ་ལྟར་སྙིང་རྗེ་དང་སེམས་བསྐྱེད་ཀྱི་གཞི་གཞན་ཕན་གྱིས་གཟུང་སྟེ་མཆོད་རྫས་དང་ཡོ་བྱད་རྫས་ཚང་བར་བསགས་ཤིང་མཛེས་ལ་སྡུག་པར་བཤམས། དེ་ནས་དངོས་གཞིར་འཇུག་པ་མཆོད་རྫས་ཀྱི་མི་གཙང་བ་དང་དུག་སེལ་གྱི་རིམ་པ་བྱ། དེ་ཡང་གཏོ་ཐབས་སུམ་ཅུ་པ་ལས། སྐད་ཅིག་གནས་འགྱུར་བདག་ཉིད་གཤེན་རབ་ནི། གཙང་མ་གསེར་མདོག་མཉམ་བཞག་ས་གནོན་མཛད། ཐུགས་ལས་འོད་འཕྲོས་མདོས་ཡས་ལ་ཕོག་པས། རང་རང་དགྱེས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་ནས། རཾ་ཡཾ་མཾ་ལས་མེ་རླུང་ཆུ་གསུམ་གྱིས། མ་དག་སྨེ་མནོལ་དྲི་མ་བསྲེག་གཏོར་བཀྲུས། དག་པའི་རྫས་གྱུར་གླུད་ཡས་བདག་པོ་ལ། ཕུལ་ནས་འདོད་ཚིམས་དེ་བསྐང་དགྱེས་པར་བསམ་ཞེས་དམིགས་རིམ་གྱི་ཏིང་འཛིན་བསྟན་པ་དང་། དེ་ནས་བགེགས་བསྐྲད་དེ་མཆོད་པ་འབུལ་ནས་གཏོ་ཡས་ལེན་པའི་ཡག་ཀ་བརྗོད་དེ་གཞུང་ལྟར་གཏོ་ཐབས་ལ་འཇུག་པའོ། །དེའི་གཏོ་ཐབས་སུམ་ཅུ་ནི། སྤར་ཁ་བརྒྱད་ཀྱི་གཏོ། སྨེ་བ་དགུའི་གཏོ་དང་། ལོ་སྐོར་བཅུ་གཉིས་ཀྱི་གཏོ་དང་། ས་བདག་གཟའ་བརྒྱད་ཀྱི་གཏོ་བཅོས་ཏེ་སུམ་ཅུའོ། །གཏོ་ཡས་འདི་འབུལ་ཚུལ་ལའང་། ཨ་དཀར་ཐེག་པའི་ཆ་ལག་གི་ཚུལ་དུ་ཆེ་ཆུང་ཅི་རིགས་སུ་འབུལ་བ་དང་། གཏོ་བཅོས་སྒེར་ཐེབ་ཏུ་འབུལ་བ་གཉིས་སུ་ཡོད་ལ། དང་པོ་ནི་བསྙེན་པའི་གཞི་མ་སྒོ་དགུ་ལས། ཐར་གླུད་སྐོང་ལ་བསྙེན་པའི་སྐབས་སུ། མཁའ་ཀློང་གསང་མདོས་དང་། གཞན་རང་གཞུང་དག་གི་གླུད་ལྟ་བུ་ཡིན། ལས་ཀྱི་འཕྱང་ཆེན་སྡེ་དགུའི་སྐབས་སུ་གཉིས་པ་སྣང་སྲིད་རབ་འབྱམས་སྐོང་གི་འཕྱང་ལ་ཡང་གཏོ་ཡས་འབུལ་བ་ཡོད། དེ་དག་ནི་གསང་སྔགས་པའི་ཆ་ལག་ཏུ་གཏོགས་ཕྱིར་གོ་རིམ་ཡང་གཞུང་དེ་དག་དང་འབྲེལ་བ་ཞིག་ཡིན། འོན་ཏེ་གླུད་ཡས་འབུལ་བའི་དགོས་པ་དང་ཚུལ་ནི་ཕྱྭ་སྣང་གི་བྱེད་སྤྱོད་དང་འདྲ་བ་ཞིག་གོ། །ལྷོ་གཏེར་གྱི་རྒྱུ་ཐེག་དག་ནི་སྤྱོད་པ་ཆུང་ངུའི་ཚུལ་དང་། འབྲས་ཐེག་ནི་སྤྱོད་པ་ཆེན་པོའི་ཚུལ་དུ་གསུངས་པའི་ཐེག་པ་ཆེ་ཆུང་དུ་འདོགས་པ་ལྟ་བུར་སྣང་ངམ་ཅི། ཕྱི་མ་ནི་གཏོ་ཡས་འབུལ་བའི་ཆ་ལག་ཆགས་རྐྱེན་རང་སྐྱ་ཐུབ་པ་ཞིག་ཡིན་ལ། དེ་ཡང་གཏོ་ནག་སྤྱི་ཡི་གོང་སེལ་ཞེས་པ་ལས། ཀྱེ་འདི་ལྟར་ཙམ་དུ་ལགས་སོ། ཞེས་སོགས་ནས་གཏོ་ཡས་འབུལ་དགོས་པའི་རྒྱུ་མཚན་ནམ། ལྷ་འདྲེ་ཁྱེད་ཅག་མགྲོན་དུ་འབོད་དགོས་པའི་རྒྱུ་མཚན་ནི་འདི་འདྲ་ཞིག་གམ་འདི་ལྟར་ཙམ་དུ་ལགས། ཞེས་པ་དང་། ལན་གཅིག་བོས་པས་སྟེང་གི་ལྷ་ཡིས་ཚོར་བ་དང་། ལན་གཉིས་བོས་པས་བར་གྱི་མིས་ཚོར་བ་དང་། ལན་གསུམ་བོས་པས་འོག་གི་འདྲེ་སྲིན་བྱུར་གསུམ་གྱིས་ཚོར་བ་སོགས་དང་། ད་ལྟ་གཏོ་བྱེད་པ་འདི་ནི་དགོས་མེ་དོན་མེད་དང་ཡོ་བྱད་ཀྱི་ལྷག་མ་གང་བྱུང་དུ་འཕོ་བ་ལྟ་བུ་ཞིག་མིན་པར། ཚེ་ཡི་རིམ་གྲོ་དང་། སྲོག་གི་བརྟན་ཕུར་གཞན་ཡང་མོ་རྩིས་ལས་དགོས་ཚུལ་བབ་པར་བསྟེན་ནས་བྱེད་པ་དང་། ལོ་ཟླ་ཞག་དུས་ཀྱི་མཆོད་པ་ཡང་ཡིན་ཚུལ་སོགས་དང་། གཏོ་ཡི་བྱུང་རབས་དང་། ལོ་ཟླ་ཞག་དུས་སྤར་སྨེ་གཟའ་སྐར་སོགས་གཏོ་ལ་སྤྱན་འདྲེན་པ་དང་། གཞན་ཡང་གཏོ་ཡས་དེ་དག་གནས་སུ་ཐིངས་པར་བྱ་བའི་ཆེད་དུ་སྣང་སྲིད་ལྷ་འདྲེའི་རྐོས་མཁན་སྐོས་རྗེ་དྲང་དཀར་སྤྱན་འདྲེན་ཞིང་དེར་ཕྱག་བཤགས་མཆོད་བསྟོད་བྱས་ཏེ་དགོས་དོན་འགྲུབ་པའི་སྐོས་འདེབས་པར་ཞུ་བ་སོགས་བྱ་བའོ། །གཏོ་ཡི་ཆ་ལག་སྔགས་དྲུག་ཕྱག་དྲུག་ལས། སྔགས་དང་ཕྱག་རྒྱ་དང་པོ་རང་ཉིད་སྟོན་པ་གཤེན་རབ་ཕྱག་གཡས་ཐུགས་རྗེའི་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས་པ། སྤྱི་བོ་ན་ཡེ་ཤེས་གསེར་གྱི་བྱ་ཁྱུང་ལྡིང་བ། འཁོར་དུ་གཡེན་འདུལ་བོན་པོས་བསྐོར་བ་སྒོམ་པ་དང་། གཉིས་པས། ཕྱི་སྣོད་སྒོམ་ཞིང་མཆོད་རྫས་གཙང་བར་བྱེད་པ། གསུམ་པས་རྫས་བདུད་རྩི་འདོད་པའི་ཡོན་ཏན་དུ་བསྒྱུར་བ། བཞི་པས་མདོས་དང་གླུད་བདག་རང་དབང་མེད་པར་བཀུགས། ལྔ་པས་སྦྱིན་པ་འབྱེད་པའི་ལྷ་མོ་སྒོམ་པ། དྲུག་པས་སྦྱིན་རྫས་འདོད་རྒུའི་ཡོ་བྱེད་དུ་བསྒྱུར་བ་དང་། ལྷག་པར་དུ་སྦྱིན་བདག་ཕོ་མོ་སུ་ཞིག་གི་སྐུ་གླུད་ཡིན་ན་དེའི་གཟུགས་བྱད་ཅན་དེ་ཉིད་ལ་དམིགས་རིམ་ནི། བདག་གི་ཐུགས་ཀའི་ཨཱོྃ་ལས་ཡི་གེ་སྲི་ཞིག་འཕྲོས་པས། ངར་མི་འམ་གླུད་གཟུགས་ལ་ཕོག་པས། མདོག་དམར་བ་ཞིག་ཏུ་བསྒྱུར། ཡང་སྙིང་ཁའི་ཨཱོྃ་ལས་ཨཱོྃ་ཅིག་འཕྲོས་པས་ངར་མིའི་ལུས་ལ་ཕོག་པས་ལུས་ལ་ཆག་གས་མེད་པ་གཟུགས་མཛེས་པ་ཡིད་དུ་འོངས་བ་ཞིག་ཏུ་བསྒྱུར། ཡང་སྙིང་ཁའི་ཨཱོྃ་ལས་ཨཱོྃ་ཅིག་འཕྲོས་ནས་ངར་མིའི་ལྗགས་ལ་ཕོག་པས། སྨྲ་མཁས་སྐད་སྙན་ཤག་མཁས་པ། རྒྱུ་སྦྱོར་ཡོན་བདག་གི་གླུད་དུ་ང་འགྲོ་ཟེར་བ་ཞིག་ཏུ་བསྒྱུར། དེ་བཞིན་ངར་མི་དེ་ཉིད་བསམ་པ་བཟང་པ། དགོས་འོདད་འབྱུང་བ་ཞིག་ཏུ་བསྒྱུར་བར་བྱའོ། །དེ་ལྟར་ངར་མིའི་ལུས་ངག་ཡིད་གསུམ་བསྒྱུར་བར་བྱ་བའི་གཞི་ནི། རམ་གྱི་དབུ། ཟེར་མང་སྐྲ། ལུང་ཐང་མིག དར་གྱི་སྙན། བྲ་བོའི་ཤང་། གཡེར་མའི་ཁ། བྱི་རུའི་ལྗགས། མགྲོན་བུའི་སོ། དུང་གི་ཀླད་པ། ཞོ་ཤའི་སྙིང་། ཁོག་སྟོད་གསེར། ཁོག་སྨད་གཡུ། སྐེད་པ་དངུལ། ཡན་ལག་ལྕགས། ཁྲག་ནི་མཚལ། ཤེལ་གྱི་རྩ་སོགས་ཚང་བར་བྱས་པའི་ངར་གླུད་དེ་ཉིད་དོ། །གླུད་རྫས་གཞན་ལའང་དེ་བཞིན་བསྒྱུར་བ་ཡོད་དེ། མདོས་ཀྱི་ལས་བྱང་ལས། རྒྱང་རྟ་སྨྱུག་མ་འཕྲ་བ་དེ། རྒྱང་བུ་ལྡེམ་ལྡེམ་འགྲོ་བའི་ཚུལ། འཕེན་འདབ་ལྕུག་མ་གྲིམ་པ་དེ། ལྡེམ་ཀྱུག་གྱུར་ཀྱུར་སྨྲ་བའི་ཚུལ། རྩེ་ལ་བྱ་ཕོད་བརྒྱན་པ་དེ། བྱ་ཕོད་ལྷག་ལྷག་བཞད་པའི་ཚུལ་ཞེས་དང་། གསེར་སྟོང་སེར་པོ་གཡུ་ཡིས་སྤྲས། སྣ་ཚོགས་རི་མོ་ལེགས་པར་བྲིས། སྐྱེས་པ་དར་མ་བྱིན་གྱིས་བརླབས། ཞེས་པ་ལྟ་བུ་དང་། དགའ་ཐང་འབུམ་པ་ཆེ་ནས་གསར་བརྙེད་བྱུང་བའི་གནའ་དཔེ་ལས། རྒྱན་ཕུར་ཕུར་དེ། སྐྱེས་པ་རྨག་ལ་ཆས་པ་འདྲ། མདའ་རྒྱུད་སྨྱུག་མ་རེ་རེ་ནི། མཛོ་རྟ་རེ་རེ་ཁལ་དང་ཆས་པར་སྤྲུལ། བྱ་སྤུ་དང་འཕན་དང་ཅས་པ་ནི། མཛོ་རྟ་རེ་རེ་ཁལ་དང་ཆས་པར་སྤྲུལ། སྔེ་འཕེན་རེ་རེ་ནི། མཛོ་རྟ་རེ་རེ་སྣ་ཁྲིད་པར་སྤྲུལ། ཕྱིང་འཕན་རེ་རེ་ནི། སྐྱེས་ཕྲན་རེ་རེ་ཕྱི་ན་དེད་པར་སྤྲུལ། ཞེས་དང་། ཆེས་གླུད་རྫས་ཕུན་སུམ་འཚོགས་པ་ཞིག་ནི། ཤེལ་ཚིག་ཅེས་པ་དེ་ཡིན་ལ། དེའི་གཞུང་འཁྲུགས་བཅོས་ལས། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། ང་བླ་མཆོད་སྨྲང་གིས་མ་བཤད་ན། རང་རང་ཤེལ་ཚིག་རྐྱང་པ་འདིས། ས་བདག་ཀླུ་གཉན་ག་ལ་དགྱེས། ང་བླ་མཆོད་སྨྲང་གིས་བཤད་ཙམ་ན། དཀར་པོ་བརྒྱ་ལ་ལུག་ཏུ་ཡོད། དམར་པོ་བརྒྱ་ལ་རྟ་རུ་ཡོད། ཁྲ་མོ་བརྒྱ་ལ་བ་རུ་ཡོད། ནག་མོ་བརྒྱ་ལ་འབྲི་རུ་ཡོད། བ་ཁྲ་བརྒྱ་དང་བེལ་ཁྲ་སྟོང་། རྟ་ཁྲ་བརྒྱ་དང་རྟེལ་ཁྲ་སྟོང་། འདི་ལྟར་ཁྲི་དཀར་སྟོང་ནག་འདིས། ང་བླ་མཆོད་སྨྲང་གིས་བཤད་པའི་ཡོན་ཏན་གྱིས། ཞེས་སོགས་སོ། དེ་ལྟར་བསྒྱུར་བ་དེ་ཉིད་འབུལ་ཡུལ་གྱི་སྣང་ངོར་ཁྲི་དཀར་སྟོང་ནག་རྐྱང་པ་མིན་པར་དཀར་པོ་ལུག་སོགས་སུ་མཐོང་བ་འགྱུར་བ་དང་། གཏོ་གཤེན་དེ་ཉིད་ནི་གོང་ལྟར་ཏིང་འཛིན་གྱི་དམིགས་རིམ་གསལ་བ། གཞན་དོན་ལ་ཐུགས་བརྩེ་ལྡན་པ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་ཡོ་བྱད་རྫས་རྣམས་ཚང་བར་བྱས་ཏེ། གཏོ་འདི་དག་གཏོང་ཚེ། གཏོ་འབུལ་ཡུལ་གྱི་སྣང་ངོར། ཡས་རྫས་དེ་དག་གོང་གི་ཤེལ་ཚིག་ལྟར་དཀོར་ནོར་ཕུན་སུམ་འཚོགས་པར་མཐོང་ཞིང་མཐོང་བ་ལྟར་དུ་ལོངས་སུ་སྤྱོད་དུ་ཡོད་པ་དང་། དེས་ནུས་པས་མི་དང་འགལ་འདྲེས་ཅི་ཡོད་ནའང་དེའི་ཆས་དང་ཡོན་སྟོང་སོགས་སུ་གྱུར་ནས། ཕྱིས་སུ་མི་ལ་ན་ཚ་དང་། ཕྱུགས་ལ་གོད་ཁ་ཞིང་ལ་སད་སེར་སོགས་ཀྱི་འཕྲོ་བཅད་དེ། འགྲོ་བ་མི་རྣམས་བདེ་བར་འཚོ་གནས་བྱེད་ཅིང་། རང་བྱུང་འཁོར་ཡུག་གི་གནོད་འཚེ་ཞི་འཇགས་སུ་གཏོང་ནུས་པ་ཞིག་རེད། ལྷག་ཏུ་ས་བརྐོ་རྡོ་སློག་གི་དེང་རབས་ཀྱི་ལས་གྲ་ཆེ་གྲས་ཁག་དང་། གཏེར་ཁ་བསྔོག་འདོན་དང་ཆུ་བོ་བསྒྱུར་བཅོས་སོགས་ཀྱི་དེ་དག་ལ་གནས་པའི་ས་བདག་ཀླུ་གཉན་གྱི་འཇིག་རྟེན་ལ་གནོད་འཚེ་ཕོག་པས་དབང་གིས། རང་བྱུང་གི་འཇིག་པ་རབ་དང་རིམ་པར་གཏོང་སྟེ། མི་ལ་གནོད་སྐྱོན་མང་དུ་འབྱུང་བ་རེད་ལ། དེ་སེལ་བར་བྱེ་པའི་གཏོ་རིགས་འདི་དག་གཏོང་ཚེ་རང་གཞན་གཉིས་ཀར་ཕན་པ་ཧ་ཅང་ཆེ་བ་དང་། ནད་པའི་ཆེད་དུ་བསྔོས་ན་ཚེ་ཟད་ཀྱང་ལོ་གསུམ་དུ་བསྲིང་ནུས་པ་དང་། གཞན་ཡང་སྨྲ་ཐེན་པས་ཀླུ་རྗེ་བཙན་པོའི་སྲས་ཀླུུ་རབ་བཟང་ཏོ་རེ་བསད་པ་ལས། ཀླུ་རྗེས་ཚོར་ནས། སྨྲ་ཐེན་བ་གསོད་དུ་འོང་ནས་གསོད་དུ་ཉེ་བ་ལ། ལྷ་ཡི་གཟུ་དཔང་བྱས་ཏེ། ཀླུ་རབ་བཟང་ཏོ་རེ་བསད་པའི་སྟོང་དུ་སྲོང་བདུན་ཁྲི་བདུན་འབུམ་སྤྲོད་དགོས་པའི་ཞལ་ཅེ་བཅད་པ་ལས། སྲང་བདུན་ཁྲི་བདུན་འབུམ་མིའི་ནོར་གྱིས་མི་ལང་ལ། ཕྱུགས་ཀྱིས་མི་ལང་བས་འཇལ་མི་ནུས་བྱས་པས ཀླུ་རྗེ་ཐུགས་ཆད་ནས་ལྷ་སྲིན་སྡེ་བརྒྱད་དམག་བསྒྲན་པས། སྨྲ་ཐེན་བོ་བྱ་ལྟར་གཏོར་ལ་ཁད་དེར། སྨྲ་ཐེན་བས་འོ་དོད་བོས་ཏེ། ཕ་གཤེན་རབ་མི་བོ་ལགས། གཏོ་དང་དཔྱད་མཆིས་སམ། མོ་དང་གཏོ་མཚུངས་ཡོད་དམ། །ཞེས་བོས་པས་གཤེན་རབ་ཀྱི་ཡས་རྫས་སྣ་ཚོགས་བསགས་ནས་ཀླུ་ལ་སྟོང་ཕུལ་བས་སྨྲ་བདེ་ལ་འཁོད་ཅིང་ཀླུའི་འདོད་པ་ཚི་པ་བཞིན་ནོ། གཏོ་མཚུངས་ཞེས་པ་དེ་མཉམ་ཉིད་བསོར་བའི་བརྗེ་གཏོ་ལ་གོ་བ་ཡིན་འདུག སྟོན་པ་གཤེན་རབ་ཅེས་པ་དེ་སངས་རྒྱས་གཤེན་རབ་མོ་བོ་ཡིན་པའི་ངེས་པ་མེད་པ་ནི། སྟོན་པ་དང་གཤེན་རབ་ཅེས་པའི་ཐ་སྙད་འདིས་ཀྱང་ཤེས་པར་འདུག་པ་རྗེས་སུ་གླེང་བར་བྱ།
རྗེས་འཇུག་ཏུ་གཏོ་མདོས་ཀྱི་ལམ་བསྟན་ནས། གཏོ་ཡས་གནས་སུ་བསྐྱལ། མགྲོན་རིགས་གནས་སུ་གཤེགས་བསྐྱོད་བྱ་ཞིང་བཀྲ་ཤིས་ལེགས་སྨོན་བཅས་སོ། དེ་ལྟ་བུའི་གཏོའི་རིགས་འདིས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་དང་། དམངས་ཀྱི་དུས་བདེ་འབྱོར་ཕྱུག་གི་གནས་སུ་འཁོད་པར་བྱེད་པའི་ཐབས་གལ་ཆེན་ཞིག་ཡིན། དེ་ཡང་ས་སྒང་ཧྲིལ་པོ་འདིར་འགྲོ་བ་མིའི་རིགས་དང་གཞན་བྱོལ་སོང་གི་རིགས་བསམ་གྱིས་མི་ཁྱབ་པ་མཐོང་གནས་སུ་གྱུར་པ་དེ་དག་གིས་བདག་ཏུ་བྱས་པ་བཞིན། དེ་བཞིན་ཡིད་ཀྱི་གཟུགས་ཅན་དུ་མ་ཞིག་གིས་ཀྱང་བདག་ཏུ་བྱས་ཡོད། ཡིན་ཡང་དེ་དག་འོ་ཅག་དང་རང་བཞིན་གྱིས་བསྐལ་བས་མི་མཐོང་མོད། དེ་དག་ལ་འུ་ཚོའི་ལས་དཀས་གནོད་འཚེ་ཕོག་གི་ཡོད་ལ། དེ་དག་གིས་འུ་ཚོ་ལའང་གནོད་འཚེ་གཏོང་གི་ཡོད། དེའི་རྒྱུ་མཚན་ནི་ས་སྒང་འདི་འུ་ཅག་ཚོ་མས་བདག་བཟུང་བྱས་ཡོད་པས་ན། དེ་རང་ཉིད་ཀྱི་ཁེ་ཕན་གང་དག་གིས་གཞན་ལ་གནོད་སྐྱོན་ཐོབ་ཀྱི་ཡོད་པས། དེའི་སྐྱིན་ལྟ་བུར་གཏོ་རིགས་འདི་དག་གཏོང་བའི་སྲོལ་སངས་རྒྱས་གཤེན་རབ་ཀྱིས་བོད་ཡུལ་དུ་བོན་བསྟན་ཐོག་མར་བསྟན་པའི་གྲས་ཤིག་རེད། འོན་ཏེ་གཏོ་རིགས་འདི་དག་བོད་དུ་དར་བའི་དུས་ནི་མཐའ་གཅིག་ཏུ་གཤེན་རབ་བོད་དུ་བྱོན་དུས་གཅིག་པུ་ཐག་གཅོད་པར་མི་བྱ་སྟེ། གཤེན་རབ་བོད་དུ་མ་བྱོན་གོང་དེར་ད་ལྟའི་བོད་ལྗོངས་ཀྱི་ཁུལ་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ཟིན་པ་དང་། ཞང་བོད་གཉིས་ནི་དེའི་སྐབས་སུ་ཐག་ཉེ་ཞིང་འགྲིམ་འབྲེལ་བདེ་བའི་ས་ཁུལ་མི་འདྲ་བ་གཉིས་ཡིན་པས་ན། བོན་བསྟན་དར་མེད་པའི་ངེས་པ་མེད་པ་ཡིན། སངས་རྒྱས་བོད་དུ་བྱོན་དུས་ཀྱི་བོད་ཀྱི་བོན་པོ་ཞེས་པ་དེ་ནི་གཡུང་དྲུང་བོན་ལ་སྤྱོད་པའི་བོན་པོ་མིན་པའི་རྒྱུ་མཚན་ཡང་ཅུང་དཀོན་པ་ཡིན། དེ་ན་གདོད་མའི་བོན་པོ་ཞེས་པ་དེ་བོད་དུ་བྱུང་མྱུང་མིན་ནི་བསམ་པར་ནན་གྱིས་བྱ་བའི་གནས་ཤིག་ཡིན་པ་ལས། རྒྱུ་མཚན་ཆུང་ངུ་རེས་ཐག་གཅོད་པ་ནི་རིགས་པའི་ལམ་ལ་བྱང་ཆ་ཆུང་བའི་རིགས་ཀྱི་སྨྲ་སྲོལ་ཡིན་ཡང་ཡ་མཚན་པ་དང་ཧ་ལས་དགོས་དོན་ཅི་ཞིག་ཡོད། ཕྱྭ་སྣང་གཉིས་ནི་རྒྱུ་ཐེག་ཅེས་ཐེག་པ་ཆུང་ངུ་གཞན་སྡེའི་བྱེ་མདོ་ལྟ་བུ་ཞིག་ཏུ་བསམ་པར་མི་བྱ་སྟེ། ཕྱྭ་གཤེན་ཐེག་མདོ་ལས། ཐོག་མར་འཇུག་པའི་རིམ་པ་ལ། སེམས་བསྐྱེད་སྙིང་རྗེ་གཞི་བཟུང་ནས། འགྲོ་ལ་ཕན་པའི་སེམས་ལྡན་ཞིང་། མོ་རྩིས་གཏོ་དཔྱད་གང་བསླབ་ཀྱང་། མཁས་པར་བྱ་ལ་ཤེས་པར་སློབ། ཅེས་དང་། སྣང་གཤེན་ཐེག་མདོ་ལས། སྣང་གཤེན་དགེ་བ་འཕེལ་བའི་ཐབས། སེམས་བསྐྱེད་གཞི་མ་ལྡན་པར་གཅེས། སེམས་བསདྐྱེ་གཞི་མ་མི་ལྡན་ཞིང་། ལོག་པར་གོལ་བའི་ཚོགས་རྣམས་ཀྱང་། བཀའ་ལུང་ཚུལ་བཞིན་སྤྱོད་བྱས་པས། མཐར་ནི་དོན་དང་ཡོན་ཏན་ཡང་། ཁམས་གསུམ་ས་དགུ་ཡར་བརྒལ་ནས། སྣང་གཤེན་གྲུབ་སྟེ་མོས་པར་སྤྱོད། གཡུང་དྲུང་ས་བཅུ་རིམ་པར་བགྲོད། ཅེས་སོགས་གསུངས་པས་སོ།། གཏོ་རབས་ཅུང་ཟད་བཤད་པ་དེའོ།།
- ཟིན་ཐོ་གོང་མ།གཤེན་གླུ་ཚངས་པའི་དེའུ་དབྱངས།
- ཟིན་ཐོ་འོག་མ།འཚོ་བའི་རླབས་རིས་སུ་བརྩེན་པའི་ལྦུ་བ།།