སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྟོང་རི་ལྷ་མཚོའི་སྲས་མོ།
[ 2013/12/25 23:10:00 | By: ཁྱུང་མུ་ཝེར། ]
 

སྟོང་རི་ལྷ་མཚོའི་སྲས་མོ།

          ཁྱུང་མུ་ཝེར།

གངས་དཀར་ལྷ་མོའི་སྲས་མོ།།

གངས་རིའི་མཛེས་རྒྱན་ཨེ་རེད།།

སྟོང་རི་ལྷ་མཚོའི་སྲས་མོ།།

མིག་གི་ལམ་དུ་མཛེས་སོང་།།

 

ཀླུ་མོ་དངོས་སུ་མིན་ཡང་།།

ཀླུ་མོའི་དོ་ཟླ་ཨེ་རེད།།

མཚོ་ཁར་བཞད་པ་མིན་ཡང་།།

ཆུ་སྐྱེས་ལས་ཀྱང་མཛེས་སོང་།།

 

ལྷན་འཛོམས་འོད་སྡེར་དང་པོ།།

མི་ཡུལ་ལག་རྗེས་ཨེ་རེད།།

ཁྱེད་དང་ང་ཡི་བརྩེ་བས།།

མི་འགྱུར་དམ་བཅའ་དངོས་སོང་།།

 

ཆུ་ལེན་བུ་མོའི་གླུ་ཆུང་།།

ཐོག་མའི་ལེགས་སྐྱེས་ཨེ་རེད།།

ཨ་ལ་ཐ་ལའི་དབྱངས་རྟས།།

ཀུ་ཧུའི་སྐལ་བཟང་འཕྲོག་སོང་།།

 

ལྷན་འཛོམས་གླུ་ཡི་མཆོད་པ།།

མཛའ་བརྩེའི་ཕྱི་ཐག་ཨེ་རེད།།

ཕ་ཡུལ་བིས་མདོ་བསྟོད་གླུའི།།

ཁ་བཏགས་གནམ་ལ་བཏེགས་སོང་།།

 

ཨ་ཅེ་སེང་ལྕམ་འབྲུག་མོ།།

དོག་ལ་བབ་པ་ཨེ་རེད།།

བཀྲ་ཤིས་འཇའ་ཚོན་སྣ་ལྔའི།།

གུར་ཁང་དགུང་ལ་ཕུབ་སོང་།།

 

བཀྲ་ཤིས་ལྷ་ཆབ་གཙང་མ།།

གངས་ནས་བཞུར་བ་ཨེ་རེད།།

བདུད་རྩི་ཆང་གིས་མཆོད་པ།།

ཕ་མ་སྤུན་ལ་ཕུལ་སོང་།།

 

དར་ལ་སྨིན་པའི་ལང་ཚོ།།

ལྡེམ་ལྡེམ་སྨྱུག་མ་ཨེ་རེད།།

གར་གྱི་སྒྱུ་རྩལ་རེ་རེས།།

ཆགས་ལྡན་དབང་རྩ་སྦྲིད་སོང་།།

 

ཁྲ་ཆུང་མིག་གི་ཟུར་མིག།

འཕང་པའི་མདའ་མོ་ཨེ་རེད།།

ལང་ཚོའི་འོད་རླབས་རེ་རེས།།

སྙིང་ཆུང་བརྩེ་བས་བཤལ་སོང་།།

 

བསྟན་པའི་ལྟད་མོ་འདི་ནི།།

མ་བཅོས་སྒྱུ་རྩལ་ཨེ་རེད།།

སྙན་པའི་གླུ་ཆུང་རེ་རེས།།

གློ་སྙིང་གཉིས་ཀ་འགུལ་སོང་།།

 

རྙིང་ཞེན་ཁུར་པོས་མ་མནན།།

གསར་ངད་ནད་ཀྱི་མ་ཟིན།།

མདུན་སྐྱོད་གོམ་ཁ་མ་ལྷོད།།

ཁྱོད་རང་ཡང་བསྐྱར་ཐོན་ཤོག།         

          ༢༠༡༣/༡༡/༣

 

 
 
Re:སྟོང་རི་ལྷ་མཚོའི་སྲས་མོ།
[ 2013/12/27 13:38:27 | By: boncute ]
 
boncuteཡག་བྱུང་་་་་་་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.