སྔོན་གླེང་།
ཁྱུང་མུ་ཝེར།
འཚོ་གནས་དངོས་ལ་བསམ་གཞིག་གི་སྒོ་ནས་སྐད་ཆ་ཐུང་ངུ་ཞིག་སྔོན་དུ་གླེང་བར་མོས་ཏེ།
དེ་ཡང་། ཡ་ཐོག་རིང་མོ་ནས་མིག་བརྡ་དང་ལག་བརྡ་ཡིས་ཕན་ཚུན་གོ་བརྡ་སྤྲོད་པ་དང་། ཟས་སུ་ས་ཞག་གོས་སུ་ཤིང་ལོ་གྱོན་པའི་དུས་ནས་བཟུང་སྟེ་ད་ལྟ་སྐད་ཡིག་དང་རིག་གཞུང་།
དཀར་དམར་གྱི་ཟས་སྣ། རས་ཕྲུག་གི་གྱོན་གོས་སོགས་ཕུན་སུམ་ཚོགས་པའི་བརྡ་འཕྲིན་གྱི་དུས་རབས་འདི་ལ་མ་ཐུག་གི་བར།
ཉམས་མྱོང་དང་ཐབས་ཤེས་སྣ་ཚོགས་སྤྱད་ནས་འཚོ་བའི་དགོས་མཁོ་དང་ཆ་རྐྱེན་ཇེ་བཟང་དུ་སོང་བ་ནི་ཡབ་མེས་གོང་མ་དག་གི་དཀའ་སྡུག་གི་བརྩོན་པ་བརྒྱུད་ནས་ཡོང་བ་ལས།
སྐྱིད་ཉལ་དང་སྤྲོ་གསེང་བརྒྱུད་ནས་ཡོང་བ་ཞིག་དང་། ལྷ་མཆོད་དང་ཀླུ་མཆོད་བྱས་ནས་དངོས་གྲུབ་ཏུ་བབས་པ་ཞིག་མིན་པ་ལོས་ཤེས། ང་ཚོ་གཞོན་སྐྱེས་ཚོས་ཕ་མེས་སྙིང་སྟོབས་ཅན་གྱི་རྐང་ལམ་ཐོག
དེང་རབས་ཀྱི་འགྲོས་དང་བསྟུན་ནས། བློ་འབྱེད་དང་སད་རྟོགས་ཀྱི་ལྟ་བའི་རྨིང་གཞི་འདིང་ནས།
བསམ་བློ་དང་ཀུན་སྤྱོད་ལེགས་སྒྲིག་ཐོག གསར་གཏོད་དང་འབད་བརྩོན། དོགས་སློང་དང་དག་འབུད།
ཉེས་འགོག་དང་ལེགས་སྤེལ། དགེ་འདོན་དང་སྐྱོན་སེལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དཔྱོད་ཤེས་ཀྱི་དབང་པོ་དེང་རབས་ལ་ཕྱོགས་ཏེ་ཁྱིམ་མཚན་མི་རིགས་གཞན་ལ་མིག་ལྟོས་བྱེད་དགོས་པ་ལས།
རྨོངས་དད་མཁྲེགས་བཟུང་། བསམ་བློ་སྒེར་གཅོད། ལུང་ཚན་འགལ་ཟླ། རྩྭ་ས་རྩོད་སློང་།
ཤོ་བག་རྒྱན་འཛུགས་གྲུབ་མཐའི་ཕྱོགས་རིས་སོགས་ལ་མགོ་བོ་འཁོར་བསྡད་ན། བག་འཁུམ་དང་རྗེས་ལུས་ཀྱི་གནས་ལས་ནམ་ཡང་མགོ་བོ་འཕར་མི་སྲིད་ལ་འཇིག་རྟེན་ཕལ་བ་ཞིག་གིས་དམ་པ་ཆོས་གྱི་སྤང་བྱ་ཡོད་ཚད་སྤངས།
སྲུང་བྱ་ཡོད་ཚད་སྲུང་དགོས་ན་དཀའ་མོ་རེད། ལྷག་པར་དུ་འཚོ་བ་དངོས་ཀྱི་ཡོང་ཁུངས་ནི།
ཞིང་འབྲོག་ལས། ཚོང་ལས་གཉེར་སྐྱོང་། ལས་རིགས་ལག་རྩལ་སོགས་ལ་བསྟེན་ནས་ཡོང་དགོས་རྒྱུ་ཡིན་པས།
དེ་དག་ཐམས་ཅད་སྤང་བྱ་དང་འཛེམ་བྱ་རུ་བཞག་བཏང་ན་ད་གཟོད་མི་རིགས་ཤིག་གི་དབུགས་རྒྱུན་ཆད་རྒྱུ་ལས་མ་འདས།
ང་ཚོ་ལ་ཐོབ་དགོས་རྒྱུ་ནི། འཆམ་མཐུན་དང་བརྟན་ལྷིང་། འཚོ་བའི་བདེ་ཐང་བཅས་ཡིན་པས་དེ་ནི་ལས་འབྲས་ཚུལ་བཞིན་སྲུང་།
མི་ཆོས་གཙུག་ཏུ་བཀུར། གཡོ་རྒྱུ་དུག་ལྟར་སྤངས་ནས་རང་ཚུག་བརྟན་པོའི་ཐོག་ཉ་ཉུང་མ་འདྲེས་པའི་སློབ་གསོ་དང་།
ཞིང་འབྲོག་ལས་རིགས། ཚོང་ལས་གཉེར་སྐྱོང་སོགས་འཚོ་བའི་ཆུ་ཚད་མཐོར་འདེགས་ཀྱི་ཐབས་ལམ་ལ་འབད་ན་འབྲས་བུ་དེ་བཞིན་ལོས་ཐུབ།
དཔེར་ན་ད་ལྟ་ཆབ་དཔལ་རིག་གསུམ་གྱི་ཡང་རྩེར་ཕྱིན་པའི་ཁྱིམ་མཚན་མི་རིགས་ཁག་ལ་གཞིག་ན།
ཐོག་མ་ནས་གྲུབ་བསྡད་པ་ཞིག་མ་ཡིན་པར། རིག་གཞུང་དང་ལས་རིགས་བསམ་བློ་དང་ཀུན་སྤྱོད་གང་ལ་ལེགས་སྤེལ་ཉེས་འགོག
གསར་གཏོད་དག་འབུད། དགག་བཞག་གང་མང་བརྒྱུད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྙིང་སྟོབས་ཅན་གྱི་མི་བུ་མང་པོ་ཞིག་གིས་ཤ་ཁྲག་དང་རྔུལ་ཆུ་ལས་གྲུབ་པའི་འབྲས་བུ་ཉག་ཅིག་ཡིན།
དུས་རབས་ཀྱིས་ང་ཚོ་ལ་བགོས་སྐལ་དུ་བཞག་པའི་ན་ཟུག་དང་སུན་སྣང་ཞིག་ཡོད་པ་ནི། ཕ་ཡུལ་གྱི་གུ་དོག་པོའི་བསམ་བློས་བཞེངས་པའི་ནད་རོ་འདི་ལ་བཅོས་བྱེད་ཀྱི་སྨན་རྩ་ཞིག་ད་དུང་འདེབས་འཛུགས་ཐུབ་མེད་པ་འདི་ཡིན།
ད་ཐེངས་ང་ཚོ་གསར་བུ་རིགས་དུངས་འགའ་ཞིག་མཉམ་རུབ་ཐོག་གོམ་སྒྲ་ཞེས་པའི་དེབ་ཆུང་ཞིག་གི་ལང་ཚོ་བསྐྲུན་ཐུབ་པ་ནི།
འབྲོག་གྲོང་གི་བྱིས་པ་སྣབས་ལུག་དག་བསམ་བློ་སད་རྟོགས་ཀྱི་གོ་རིམ་ལ་སླེབ་པའི་དུས་བརྡ་དང་།
འདྲ་མཉམ་གྱི་གོམ་ཁ་ཤེས་རིག་ལ་ཕྱོགས་དགོས་པའི་སྐུལ་མ་ཆུང་ཆུང་ཞིག་ཡོང་རེའི་ཆེད་དུ་ཡར་སྐུལ་གྱི་བསམ་བློའི་སྒུལ་ཤུགས་ཀྱིས་དཀྲོག་སྟེ་ཤ་མར་ཐུད་གསུམ་གྱིས་འཚོས་པའི་འབྲོག་ཕྲུག་ཁྱུ་ཅིག་གི་ཚོར་བ་དམར་རྗེན་དུ་ཕུད་དེ་ཕ་སྐད་མ་ཡིག་ལ་བཅངས་བའི་བརྩེ་སེམས་ཅིག་ཡིན།
འོན་ཀྱང་ང་ཚོ་ནི་ས་བབ་དང་ཁོར་ཡུག་སོགས་ཀྱིས་རྐྱེན་ཏེ་སློབ་ཆུང་ཚད་ལྡན་ཞིག་གི་སྒོ་ཐེམ་བརྒལ་རྒྱུའི་གོ་སྐབས་མ་ཐོབ་པ་ཤ་སྟག་ཡིན་པས་སྐྱོན་དང་ནོར་འཁྲུལ་གང་མང་ཡོད་སྲིད་པས།
མཁྱེན་ལྡན་རྣམ་པས་ཐུགས་ཁྲེལ་མི་མཛད་ནས་གནད་སྨིན་གྱི་ལམ་སྟོན་གང་མང་གནང་རྒྱུའི་རེ་བ་ཆེ།
༢༠༡༦ལོའི་ཟླ་༢ཚེས་༡༣ ཉིན་རྩོམ་སྒྲིག་པས་ཁྱུང་པོ་སྟེང་ཆེན་དུ་བྲིས།