ཞོ་དཀར་དང་མཛེས་མ།
ལྡོང་སྐལ་བཟང་།
དཀར་ཡོལ་དཀར་པོ་ཕྱི་ལ་མཛེས་སོང་ཁྲ་ཆུང་མིག་གི་མཛེས་རྒྱན་ཡིན།།
འབྲི་ཞོ་མངར་མོ་ནང་ལ་མངར་སོང་ཡ་ཆུང་སེམས་ཀྱི་བདུད་རྩི་ཡིན།།
འཐུང་བའི་སྐལ་བཟང་བདག་ལ་ཡོད་སོང་དམར་ཆུང་ལྕེ་ཡི་བསོད་ནམས་ཡིན།། བཏེགས་མཁན་བུ་མོ་ལག་འབྲས་གཙང་སོང་བུ་ཆུང་རང་གི་སྐྱིད་གཅིག་ཡིན།།
ཁ་བ་དཀར་པོས་རི་མགོ་གཏུམ་སོང་ནམ་ཟླ་ཞིག་གི་འགྲོ་ལུགས་རེད།།
འབྲི་ཞོ་དཀར་པོས་ཁོག་པ་བཀང་སོང་དགའ་མ་ཞིག་གི་གུས་ལུགས་རེད།།
བསམ་པ་དཀར་པོའི་སྨོན་འདུན་བོས་སོང་རྟེན་འབྲེལ་ཞིག་གི་འགྲིག་ལུགས་རེད།། སྣང་བ་དཀར་པོས་ལུས་སེམས་ཁྱབ་སོང་རེ་བ་ཞིག་གི་འཁོར་ལུགས་རེད།།
འབྲི་མོའི་ཞོ་མངན་བདག་ལ་ཞིམ་སོང་སྦྲང་རྩི་མངར་བའི་ཡན་ཞིག་རེད།།
བདག་མོའི་ཟས་འདྲེན་བདག་ལ་འཕྲོད་སོང་བྱིན་རླབས་རིལ་བུའི་ཚབ་ཅིག་རེད།། བུ་མོའི་རྣམ་འགྱུར་བློ་ལ་བབ་སོང་གསེར་སྲང་སྟོང་གི་དོད་ཅིག་རེད།།
ཁོ་མོའི་མཛེས་སྡུག་སྙིང་ལ་ཟུག་སོང་ཡིད་འཕྲོག་ལྷ་མོའི་མཛེས་ཤིག་རེད།།
༢༠༡༣/༡༢/༢༤ཉིན།