སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8392


 
ང་འདི་ལྟར་ཡིན།
[ 2016/2/7 16:39:00 | By: ཁྱུང་མུ་ཝེར། ]
 

 ང་འདི་ལྟར་ཡིན།

ལྟེ་མཚལ་དམར་པོ་གངས་རིའི་འདབས་ན་བཞུར།།

ངུ་ངག་ཕྲ་མོས་མི་ཡུལ་བསུ་བ་ཞུས།།

ཨ་དང་མ་ཡིས་གཏམ་འགོ་ཐོག་མ་དྲངས།།

གོག་མ་འགྲོས་ཀྱིས་མདུན་སྐྱོད་ལམ་དུ་སྙེག།

 

སེམས་དང་བསམ་པ་རི་བོའི་རྩེ་ལ་ཡོད།།

རི་སྤྱང་ཁེར་འགྲོ་ཞིག་དང་འགྲོག་གིན་ཡོད།།

ལང་ཚོའི་ཁ་བཏགས་གངས་རིའི་མགུལ་ན་ཡོད།།

ལྷད་མེད་དུང་བའི་དབུ་ལ་འཁྱུད་ཀྱིན་ཡོད།།

 

ཀ་ཁ་ག་ངའི་རིས་གཟུགས་སེམས་ལ་ཡོད།།

ཕ་སྐད་གཙང་མའི་སྒྲ་གདངས་ངག་ལ་ཡོད།།

སྦྲང་དཀར་རྩམ་པའི་དྲི་བསུངས་འཐུལ་གྱིན་ཡོད།།

བྱམས་དང་སྙིང་རྗེ་ལྷན་སྐྱེས་གཤིས་ལ་ཡོད།།

 

ལས་དང་རྒྱུ་འབྲས་བསླུ་མེད་ཤེས་ཀྱིན་ཡོད།།

དགེ་དང་སྡིག་པའི་དབྱེ་བ་འབྱེད་ཀྱིན་ཡོད།།

འདྲ་མཉམ་འཚོ་བའི་མངར་སྐྱུར་རྟོགས་ཀྱིན་ཡོད།།

རང་ཉིད་གང་ཡིན་རང་གིས་ཤེས་ཀྱིན་ཡོད།།

               

ཕ་རྒྱུད་གངས་ཀྱི་རི་བོའི་ན་མཉམ་སྟེ།།

ལོ་རྒྱུས་ཅན་གྱི་གདོང་དམར་བོད་པ་ཡིན།།

མ་རྒྱུད་ཡར་ཀླུང་ཆབ་ལས་རྒྱུ་རིང་བའི།།

མཛེས་མཛངས་གངས་དཀར་ལྷ་མོའི་རིགས་རྒྱུད་ཡིན།།

 

མིང་དང་སྙན་གྲགས་གངས་རིའི་སྤོ་ན་ཡོད།།

སྐད་དང་ཡི་གེ་རང་རྐྱ་ཐུབ་པ་ཡོད།།

བཟོ་རིག་སྒྱུ་རྩལ་ཕུལ་དུ་བྱུང་བ་ཡོད།།

གང་དགོས་ཐུ་སྒོ་ཚང་བའི་མི་རིགས་ཡིན།།

 

ཚད་གསུམ་རྒྱལ་ཁ་ཐོབ་པའི་མཁས་དབང་ཡོད།།

དཔའ་འཛངས་རྟུལ་ཕོད་ཅན་གྱི་ཕ་མྱེས་ཡོད།།

གཤིས་འཇམ་གཞུང་རྒྱུད་དྲང་བའི་སྤུན་ཟླ་ཡོད།།

ཐུན་མིན་ཕུལ་དུ་བྱུང་བའི་མི་རིགས་ཡིན།།

 

གངས་རི་མཆོད་རྟེན་འདྲ་བའི་མར་ཤམ་ན།།

ཆུ་བོ་གཡུ་འབྲུག་འདྲ་བའི་འཁྱིལ་ཁུག་ན།།

རྩྭ་ཐང་དར་ལྗང་འདྲ་བའི་ཡང་སྟེང་ན།།

ཕ་ཁྱིམ་སྦྲ་ནག་སྨུག་པོའི་བདག་པོ་ཡིན།།

 

དྭངས་བསིལ་མཁའ་དབུགས་གཙང་སའི་མཐོ་སྒང་ན།།

བྱམས་དང་སྙིང་རྗེ་ཅན་གྱི་གདོང་དམར་བ།།

ཕུལ་བྱུང་མི་རིགས་ཤིག་གི་མཚན་སྙན་དེ།།

ཟླུམ་གཟུགས་གོ་ལའི་རྩེ་ནས་གྲགས་བཞིན་ཡོད།།

༢༠༡༤/༤/༣ཉིན་ཕུན་ཚོགས་བཅུད་ལྡན་བོད་ཟས་ཁང་དུ་བྲིས།

 

དུར་བྱང་ལས་བཤུས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.