དེང་རབས་ཀྱི་བརྩེ་དུང་།
ཁྱུང་མུ་ཝེར།
དུས་རབས་གསར་པའི་རྒྱ་གྲོང་དཀྱིལ། །
ཆ་ལུགས་གསར་པ་ལུས་ལ་སྤུད། །
སྐད་ལུགས་གསར་པ་ངག་ནས་སྨྲ། །
རྣམ་པ་གསར་པའི་བུ་མོ་ཞིག །
བྱ་རྡོ་ལམ་འཕྲད་དཔེ་བཞིན་དུ། །
མ་གིའི་ཇ་ཁང་ག་གེ་མོར། །
ལས་དབང་ཞིག་གིས་འཕྲད་མ་ཐག །
ཟུར་མིག་མདའ་མོ་འཕང་ནས་བྱུང་། །
སོ་དཀར་འཛུམ་གྱི་རྩེད་དགའ་དང་། །
འདྲེན་བྱེད་ཟུང་གི་བརྡ་གཅིག་བཏང་། །
བསམ་གཏན་ཡིད་ཀྱི་འབེན་ལ་ཐེབ། །
དལ་བུར་བདག་གི་གམ་དུ་བཅལ། །
ཚིག་གསུམ་འདུན་མ་ང་ཡིས་བྱས། །
དུང་བའི་སྙིང་གཏམ་མོ་ཡིས་བཤད། །
ལྷན་འཛོམ་དགའ་སྟོན་ཉིན་མཚན་ཟུང་། །
བསྐོར་རྒྱུའི་དམ་བཅའ་བཞག་ནས་ཐལ། །
དེ་ཐོས་སྣང་བའི་བདག་པོ་དེ། །
སྐྱེངས་ནས་ཆུ་ལྷའི་འཕང་བར་བྲོས། །
ཟླ་འོད་མོག་པོ་གྲོགས་སུ་བཀུག །
སྐྱི་སེར་རླུང་བུ་ཕར་མཐར་བསྐྲད། །
ངོ་ཚའི་ཡོལ་བ་རབ་ཕྱེས་ནས། །
ཕན་ཚུན་སྟེང་འོག་བརྗེ་བཞིན་དུ། །
ཆུ་འདབ་པད་མའི་འདབ་མ་སྦྱར། །
བརྩེ་དུང་འཚོ་བ་མངར་མོ་རོལ། །
དོན་གྱི་བརྗོད་བྱ་དབེན་པ་ཡི། །
ཀི་སྒྲ་ཐག་སྒྲ་ལྟ་བུ་སོགས། །
ཡ་མཚན་རོལ་མོ་སྣ་ཚོགས་ཀྱིས། །
སྐྱ་རིངས་ལྷ་མོ་མགྲོན་དུ་བསུས། །
དེ་ནས་ཁྲི་སྡུག་ཉི་གཞོན་མས། །
ཤར་རིའི་རྩེ་ནས་སོ་བྱས་ཏེ། །
ནུབ་རིའི་རྩེ་ལ་བརྡ་གཅིག་བཏང་། །
གཞོན་ནུའི་བརྩེ་དུང་གེགས་སུ་བྱས། །
དེ་ལྟར་རང་གི་མྱང་མིན་ཡང་།།
དེང་གི་འཚོ་བའི་སྣང་བརྙན་འགའ།།
རྣམ་རྟོགས་རླུང་གི་བསྐུལ་བྱས་ནས།
པིར་སྙུག་རྩེ་ནས་ཟག་ཐལ་ལོ།།