སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསལ་བཤད་གནད་བརྒྱ་མ།
[ 2016/7/8 21:03:00 | By: ཁྱུང་མུ་ཝེར། ]
 
         གསལ་བཤད་གནད་བརྒྱ་མ།

ཡོངས་དག་རིག་པའི་གཟུ་དཔང་ཤེས་རབ་ཀྱི་ལྷ་མཆོག།
ངག་གི་རིག་ལམ་འབྱེད་བྱེད་སྒྲ་དབྱངས་ཀྱི་བདག་མོ།།
རིག་པའི་བློ་ཡི་གཟེར་ནས་དད་གུས་ཀྱི་འབོད་པ།།
ལུས་ངག་ཀ་ཁའི་གདངས་ལ་དབྱེར་མེད་དུ་བསྲེ་འོ།།

རྒྱལ་སྲས་སེམས་དཔའི་རྗེས་འཛིན་དོན་དམ་གྱི་བླ་སྤྲུལ།།
མཁྱེན་ཡངས་སྤྱན་དཀྱུས་རིང་བའི་ཚད་ལྡན་གྱི་རྒན་རབས།།
གནའ་དེང་རིག་པས་ཕྱུག་པའི་བློ་གསལ་གྱི་གཞོན་ནུ།།
ཟུར་ཟའི་ཚིག་གི་མདའ་མོ་ཁྱེད་ཕྱོགས་ལ་མ་ཡིན།།

མལ་སའི་དྲོད་དང་ཟས་ཀྱི་ཞག་རོ་ཡིས་ངོམས་ནས།།
ཕག་པའི་འཚོ་བ་ཙམ་ལ་འོད་ཟེར་དུ་སྒོམ་ཞིང་།།
རྟུག་པའི་མདའ་མོ་རིགས་ཀྱི་སྲོག་རྩ་ལ་གཏད་པའི།།
སྒེར་གཅོད་བསམ་བློའི་ཆུ་འཛིན་རླུང་བུ་ཡིས་སྤུར་འདོད།།

ལུགས་གཉིས་དགོས་པ་རང་རང་ཐད་ཐད་དུ་ཡོད་དུས།།
རང་ཕྲག་འགན་འཁྲི་གང་བབ་བློ་མིག་གི་དཔྱོད་དང་།།
ཆོས་བརྒྱད་ངག་ནས་འཆར་བའི་དགོས་པ་རང་མེད་པས།།
བསྟན་པའི་ཁུར་ཙ་སྔོགས་ན་མཉམ་བཞག་ཏུ་བཞུགས་མཛོད།།

མི་རྟག་མི་རྟག་འཆད་ཀྱིན་རྟག་བརྟན་ཀྱི་སྣང་བས།།
ཡོད་ཚད་རང་དོན་བརྩོན་པ་རྣལ་འབྱོར་གྱི་མིང་ཞིག།
རྒྱལ་འཕགས་གོང་མ་དགྱེས་པའི་མཆོད་སྤྲིན་སུ་འདོད་ཀྱང་།།
དད་པའི་ངེས་དོན་སྒེར་གཅོད་ཁྲིམས་ལུགས་ཤིག་མ་ཡིན།།

རྟགས་བཞི་ཕྱག་རྒྱའི་གསང་དོན་ལས་འབྲས་ཀྱི་རྩིས་ཁྲ།།
ལུགས་གཉིས་ལམ་ལ་གདམས་པའི་ཕ་མེས་ཀྱི་ཁ་ཆེམ།།
གཡས་ཞར་གཡོན་ལྷུང་གཅིག་གསོ་གཅིག་གསོད་དུ་མ་བཀོལ།།
བབ་བསྟུན་ཟས་ལ་རོལ་བ་བདེ་ཐང་གི་མཆོག་ཡིན།།

ལུགས་གཉིས་དགོས་པ་དོན་ཡོད་རྒྱལ་བ་ཡིས་གསུང་ཡིན།།
ཆོས་ཀྱི་ངེས་དོན་དད་པའི་ས་བོན་ཞིག་དགོས་ཀྱང་།།
དད་པའི་ཐ་སྙད་སྒེར་གཅོད་ཁྲིམས་ལུགས་ཤིག་མིན་པས།།
འཚོ་བའི་ཁེ་དབང་ནམ་ཡང་རྡོག་རུལ་དུ་མ་གཏོང་།།

ཆོས་པས་སྲིད་དབང་རེ་བའི་རྔམ་ཁ་ཞིག་ལགདོང་ནས།།
ཁྱིམ་པས་ཆོས་ལ་འཇུ་ནས་དབང་བསྒྱུར་ལ་རེམ་པའི།།
མདོར་ན་ཆོས་སྲིད་འདྲེས་མའི་སྒེར་གཅོད་ཀྱི་བློ་འདི།།
ནམ་ཞིག་ཆོས་སྲིད་ཕུང་བའི་སྔ་ལྟས་ཤིག་མིན་ནམ།།

ཉམས་ལེན་ཆོས་ལ་མེད་པའི་ཆོས་བཤད་ཀྱི་ཁ་ཕོ།།
མི་ཆོས་ཟུར་ཙམ་གླེང་ན་ལྟ་ལོག་གི་མིན་ཞིག།
ཡ་མཚན་ར་མ་ལུག་གི་སློབ་གསོ་ཡི་ནད་ཡམས།།
བསམ་ཞིང་དཔྱད་ན་ལུགས་གཉིས་ཕུང་བྱེད་ཀྱི་འབར་རྫས།།

ལྟ་བ་ལོག་རབས་གླེང་བའི་ཁ་ཕོ་ཅན་ཉོན་དང་།།
དོན་གྱི་ལྟ་བའི་ཉིང་དགོས་གང་ཞིག་ལ་སེམས་ཡོད།།
འབྲུ་བརྒྱད་སྙིང་པོའི་གོ་བ་ཅུང་ཟད་ཙམ་ཨེ་ཡོད།།
ལྟ་བ་ལོགས་རབས་གླེང་བའི་གཏན་ཚིག་རེ་ཡོད་དགོས།།

སྟོན་པའི་བསྟན་ལ་དགག་པ་གང་ཞིག་ལ་བྲིས་འདུག།
ཆོས་ཀྱི་སྙིང་པོ་མ་དག་གང་ཞིག་ལ་གླེང་འདུག།
ཚིག་ཐོག་ཚིག་དང་དོན་ཐོག་མཛུབ་མོ་རེ་ཚུགས་དང་།།
ནོར་བ་གང་ཡོད་དང་ལེན་ཡིད་རངས་ཤིག་ལོས་ཡོད།།

དེ་མིན་རྨོངས་དད་ནག་པོའི་རུམ་ཁུག་ཏུ་ཉལ་ནས།།
ཟེར་སྒྲོས་ལད་ཟློས་ཞར་རའི་དབྱུག་པ་དེ་ཕྱར་ཡང་།།
རང་གི་མགོ་ཐོག་མ་གཏོགས་འགྲོ་ས་ཞིག་མེད་པས།།
རིག་པ་ཅན་ཞིག་ཡིན་ན་ཕྱིར་མིག་རེ་མཛོད་དང་།།

མང་པོ་གླེང་བའི་དགོས་པ་གལ་ཆེན་ཞིག་མི་འདུག།
གླེང་ཡང་མཁྲེགས་འཛིན་ཅན་ལ་གོ་བརྡ་ཡང་མེད་པས།།
འོན་པའི་ལག་གི་སྒྲ་སྙན་དཔེ་ཟླ་རུ་གྱུར་འགྲོ།།
གོ་བའི་བུ་ལ་མིག་བརྡ་འདི་ཙམ་གྱིས་ཆོག་གོ།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.