སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ངག་སྒྲོས་ལས་ཕྱུང་བའི་རི་དམར་བླ་མ་ཤེལ་འཇའི་ལོ་རྒྱུས།
[ 2016/12/18 15:20:00 | By: ཁྱུང་མུ་ཝེར། ]
 

ངག་སྒྲོས་ལས་ཕྱུང་བའི་རི་དམར་བླ་མ་ཤེལ་འཇའི་ལོ་རྒྱུས།                                

                          ཁྱུང་མུ་ཝེར


     ངག་སྒྲོས་ཙམ་ལས་ལོ་རྒྱུས་ཡིག་ཚགས་ཁག་ལ་གསལ་ཁ་མ་བྱུང་བའི་གྲུབ་རིགས་དུ་མ་ཞིག་ཡིབ་ནས་ཡོད་པ་སྨྲོས་མ་དགོས། དེ་བཞིན་རི་དམར་སྐལ་བཟང་གླིང་དུ་ཞིག་པོའི་གདུང་ལས་གྲོལ་བའི་བླ་མ་ཤེལ་འཇའ་ནི་མ་ངེས་འགྲོ་བ་འདུལ་བའི་སྐྱེས་བུ་སངས་རྒྱས་མི་ཡི་གཟུགས་སུ་སྤྲུལ་བ་ཞིག་ཡིན་ཡང་། ཁོང་འཁྲུངས་པའི་ལོ་དུས་དང་ཡབ་ཡུམ་སོགས་ལོ་རྒྱུས་ཡིག་ཚགས་དང་ངག་རྒྱུན་གང་ལ་མི་གསལ་བས་དུས་རབས་བཅུ་བདུན་གཡས་གཡོན་ཙམ་ལ་འཁྲུངས་པ་མིན་ནམ་སྙམ་པ་ཙམ་ལས་འདིར་གསལ་པོར་སྨྲོས་ཐབས་བྲལ། རྡོ་ལག་རྒྱུད་ཀྱི་དཔེ་ལྟར། རྒན་རབས་རྣམ་གྱི་ངག་རྒྱུན་འགའ་ཞིག་འདིར་དཔྱད་གཞི་རུ་འབུལ་བའི་ངལ་བ་བྱས།
ཁོང་ནི་ཕྱི་ཚུལ་སྡིག་གུ་ཞིག་གི་བརྟུལ་ཞུགས་འཛིན་ནས་སྔ་དྲོ་གསོད་པའི་ཤན་པ་ཕྱི་དྲོ་འདྲེན་པའི་བླ་མ་མཛད་ནས་སྦས་དངོས་ཐབས་ཀྱིས་འགྲོ་བ་དྲངས་པར་གྲགས།

   ༡ དབུས་ལྷ་སའི་ཇོ་བོ་གསེར་ཞལ་གྱི་མདངས་ཉམས་ནས་དེ་རིང་ཞལ་གསེར་ཇི་ལྟར་དབུལ་ཡང་ཕྱི་ཉིན་མདངས་ལོག་ནས་གསེར་མདོག་ཅུང་ཙམ་མེད་པར་གྱུར་ཚེ། ཀུན་གྱིས་འདི་ནི་མ་རུང་བའི་ལྟས་ཤིག་ཡིན་འདུག་ཟེར་ནས། གཏོ་དཔྱད་རིམ་འགྲོ་གང་བྱས་ཀྱང་མ་ཕན་ནས། མོ་བཏབ་རྩིས་བྱས་པའི་སྙིང་དོན་དུ། མདོ་ཁམས་ཁྱུང་པོ་གསེར་རིའི་ལུང་པ་བྱ་བར་བླ་མ་ཤེལ་འཇའ་བྱ་བའི་གྲུབ་ཐོབ་ཞིག་ཡོད་པ་དེ་གདན་དྲང་དགོས་ཞེས་པའི་མོ་ལུང་བབས་པས། བོད་རྒྱལ་ནས་བང་ཆེན་ཨ་གྲུང་ཞེས་པ་ཞིག་མངགས་ནས། གང་མགྱོགས་ལོག་དགོས་པའི་བཀའ་ཕབ།  ཨ་གྲུང་ནམ་ཉིན་མཚན་བྱས་ནས་ཡོང་སྟེ། ཁམས་ཡུལ་དུ་སླེབ་ནས་རི་དམར་བླ་མ་ཤེལ་འཇའ་ཟེར་བའི་གྲུབ་ཆེན་དེ་གར་ཡོད་འདྲི་བཞིན་ཡོང་ནས་རི་དམར་དགོན་དུ་འབྱོར་ཏེ་ཤེལ་འཇའ་དང་མཇལ་འཕྲད་ཞུས་ཏེ་བོད་རྗེའི་བཀའ་ཤོག་ཕྱག་ཏུ་ཕུལ་ནས་ཕེབ་དགོས་པའི་རེ་ཞུ་བྱས། དེ་ནས་ཤེལ་འཇས་ཁྱེད་སྔོན་ལ་ཕེབས་དང་ང་དུས་ཚོད་དང་མ་འཛུལ་བར་སླེབས་ཡོང་གསུང་།  ཨ་གྲུང་ནས་གར་སྲིད་ཁྱེད་ཀྱི་ཕྱག་རྟགས་ཤིག་མེད་ན་ང་ལ་ཁྲིམས་ཆད་ཕོག་ངེས་རེད་ཞུས་པས། བླ་མས་ཕྱག་རྟེན་ལ་མདུད་པ་དགུ་བརྒྱབ་ནས་བསྐུར། ཚེས་གྲངས་དང་དུས་ཚོད་ཞལ་ཆེད་བགོས་ཏེ་ཨ་གྲུང་དབུས་སུ་ལོག དབུས་ནས་བླ་ཆེན་ཁེ་དབང་ཅན་སྐུ་འཁོར་མང་པོ་ཡོད་འཆར་བྱས་ཏེ་གྲ་སྒྲིག་ལེགས་པར་བྱས་ནས། དུས་ཆད་ཀྱི་ཉིན་མོ་དེར་རྟ་རྫི་དང་གསོལ་དཔོན་སོགས་ལས་བགོས་བྱས་ནས་བསྒུག ཉིན་དེའི་ཉིན་མ་རྩེ་ཤར་དུ་ཤེལ་འཇའ་རི་དམར་བླ་བྲང་ནས་ཉི་ཟེར་གྱི་རྟ་ལ་ཞོན་ཏེ་ལྷ་སར་འབྱོར། སྡིག་རྗེ་ཕྲག་ལ་བཀལ། དབྱུག་པ་ལག་ཏུ་བཟུང་བ་ཞིག་ཡོང་བ་མཐོང་མ་ཐག་ཏུ་ཨ་གྲུང་གིས་བླ་མ་འདི་རེད་ཟེར་ནས་གདན་ཞུ་བྱས་པས་དེར་ཡོད་ཐམས་ཅད་ཧང་སང་སྟེ་ལུས། ཤེལ་འཇས་ཇོ་ཁང་གང་ཡོད་དྲིས་ཏེ་ཇོ་ཁང་དུ་བྱོན་ནས་ཇོ་བོ་ཤཀྱ་མུ་ནེའི་སྐུ་སྟོད་དུ་ཕྱག་རྟེན་གཏུག་གཏུག་ལན་གསུམ་མཛད་པས། ཇོ་བོའི་ཤང་ནས་ཀྱུང་ཀ་ཞིག་ཀང་ཀང་ཟེར་ནས་འཕུལ་བ་དང་ཇོ་བོ་སྔར་ལྟར་གསེར་ཞལ་འོད་ལམ་ལམ་དུ་འཕྲོ་བར་གྱུར་ནས་ཀུན་ཡ་མཚན་སྐྱེས་ནས་མཇལ་ཁ་ཞུས། བོད་རྒྱལ་ཐུགས་ཤིན་ཏུ་དགྱེས་ནས་གསེར་དངུལ་ཚན་པ་དགུ་སྐོར་དང་གྲྭ་བཙུན་ལྔ་བརྒྱའི་མགོ་མཆན་ཡོད་གསུང་ཀྱང་། མ་བཞེས་པར་རག་རྒྱབ་བཤས་རར་ལོ་གསུམ་འདུག་ཆུག་གསུང་སྟེ།  དེ་མུར་མཛད་ནས་ལོ་གསུམ་རིང་ལ་བཤས་རའི་སེམས་ཅན་ཡོད་ཚད་འདྲེན་སྟོན་མཛད་ནས་བཞུགས། མདོ་སྨད་ཁུལ་ནས་ཚོང་དཔོན་ཞིག་གིས་བླ་ཕྲན་ཞིག་ལ་རྒྱུ་ནོར་ཚད་མེད་ཅིག་ཕུལ་ནས་ཤི་དུས་འདྲེན་དགོས་པའི་རེ་ཞུ་ལ་ཞལ་བཞེས་གནང་ཡོད་པས། ཚོང་དཔོན་ཤི་ནས་སྡིག་བྱས་མནའ་ཟོས་ཉེས་མིག་གིས་རྡོ་ཕ་བོང་ཞིག་གི་ནང་དུ་རུ་སྦལ་ཞིག་གི་སྐྱེ་བ་བླངས་ནས་འདྲེན་སྟོན་མ་ནུས། བླ་ཕྲན་དེ་འདས་ནས་རྒྱུ་ནོར་མང་པོ་འབག་པའི་རྐྱེན་གྱིས་བྱ་གོ་བོའི་ལུས་སུ་སྐྱེས་ཏེ། ཡར་འཕུར་མར་འཕུར་བྱེད་ནས་ཕ་བོང་ལ་གཤོག་ལྕེ་གྲངས་མེད་རྒྱག་པ་སོགས་ཡུལ་དེའི་ཡུལ་མིའི་མཐོང་ཐོས་ཡོད་སྐད། སྐྱེ་གནས་མཐོང་ཡང་འདྲེན་སྟོན་མ་ནུས་པར་སྡུག་བསྔལ་ཚད་མེད་མྱོང་བ་ཤེལ་འཇས་མཁྱེན་ཏེ། དེར་བྱོན་ནས་ཕ་བོང་གཤག་དེ་རུ་སྦལ་ཞལ་དུ་གསོལ་ནས་རྣམ་ཤེས་བདེ་གནས་བཀོད། བྱ་གོ་བོ་ཡང་ཐར་པ་ཐོབ་པར་གྱུར། དེ་ནས་ཇ་ཡུན་ཙམ་དབུ་བཏུམས་ནས་བཞུགས་ཏེ། ད་ང་འདྲེན་པའི་སྟོན་ཁ་གོང་ནས་འགྲོ་དོན་གྲུབ་སོང་། ཁྱོད་ཚོས་ང་ཡི་ཕུང་པོ་འདི་རི་དམར་དགོན་དུ་སྐྱེལ་ཐུབ་པ་བྱ་དགོས་གསུང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་བསྟན། དེ་ནས་གདུང་སྒམ་དུ་བཅུག་སྟེ་ཁྱུང་ཡུལ་ཕྱོགས་སུ་སྐྱེལ་ཡོང་སྐབས། རྣ་བར་སྒྲ་སྙན་པ་དང་གསལ་བའི་འོད་མང་པོ་ཤར་བ་སོགས་གདུང་སྐྱེལ་མཁན་རྣམ་ལུས་སེམས་སྤྲོ་བ་འཕེལ་བ་སོགས་ངོ་མཚར་ཆེ་བའི་རྟགས་མང་པོ་བྱུང་སྐད། ཁྱུང་ཡུལ་དུ་སླེབས་ནས་གདུང་སྒམ་ཉིན་རེ་ནས་ཇེ་ལྕི་རུ་སོང་ནས་ལྷག་པར་རི་དམར་ཟམ་ཁར་འབྱོར་བུས་ཐེགས་དཀའ་བར་གྱུར། རྟགས་ཡ་མཚན་འདི་ཁ་ཕྱེ་ནས་ལྟ་དགོས། དགོན་དུ་འབྱོར་ན་ལྟ་ས་རག་གི་མ་རེད་ཟེར་ནས། གདུང་སྒམ་ཁ་ཕྱེས་མ་ཐག་རུས་དུམ་རྣམས་བྱ་བརྒྱ་འུར་རྡོས་དཀྲོག་པ་ཇི་བཞིན་འཕུར་ཤོར་བས་ལམ་སང་སྒམ་ཁ་བརྒྱབ་ཀྱང་དབུ་མ་གཏོགས་ལྷག་མེད། དགོན་དུ་དབུ་ལས་མ་འབྱོར་བས་མ་འོང་པར་རྟེན་འབྲེལ་ཅུང་འཆུག་པར་བཤད། ཤེལ་འཇའི་དབུ་དབྱང་ཡི་གེ་ཨ་རང་བྱོན་ཡོད་པ་མི་ནོར་ལ་ནད་ཡམས་བྱུང་དུས་མཇལ་ཁ་ཞུས་ན་ཆད་པར་བཤད། མཇལ་མྱོང་མཁན་རྒན་རབས་ད་ལྟའང་འདུག ཕངས་བ་ཞིག་ལ་རིག་གསར་སྐབས་བོར་བརླག་སོང་སྟབས་ད་ལྟ་ཡོད་མེད་བཤད་དཀའ།

   ༢ གྲུབ་པའི་རྟགས་ངོ་མཚར་ཆེ་བ་འགའ་སྟེ། དགོན་དུ་ཐུང་ཆུའི་དཀའ་ངལ་ཆེ་སྟབས། རི་ཆུ་སྔོ་མོ་ནས་ཆུ་སླེ་པོ་ནང་ཁུར་ནས་ཡོང་སྐབས། དེར་བུད་མེད་ཅིག་གིས་ཤེལ་འཇས་མི་བྱེད་དགུ་བྱེད་ཆུ་སླེ་པོ་ནང་ཁུར་ཟེར་བས། དེ་གར་ཟགས་ནས་ཤུལ་དུ་ཤེལ་འཇའི་གཏེར་ཆུ་ཟེར་བ་ཆུ་མགོ་ངོ་མཚར་ཅན་ཞིག་དང་ཤད་རྡོ་དབུ་བརྩེགས་མ་ཞེས་དབུ་རྗེས་ཡོད་པ་། ཤེལ་འཇའི་འགྲོ་འདྲེན་རྡོ་གཞོང་སོགས་ད་ལྟ་དགོན་གྱི་འདབས་སུ་མཇལ་རྒྱུ་ཡོད། གསེར་རི་གཞུང་རྒོ་ཤོད་དུ་གོ་ན་ཚང་ཞེས་པའི་དུད་ཁྱིམ་ཞིག་གི་སྒོ་ལ་ལུག་བཅུ་གཉིས་བཏགས་ནས་སྡིག་གུ་ཞིག་བོས་ནས་ཁྱིམ་དུ་ཇ་འཐུང་པའི་སྐབས། ཤེལ་འཇའ་དེར་སླེབ་ནས་ལུག་རྣམས་བསད་དེ་བདེ་གནས་དྲངས་ནས་བསྔོ་སྨོན་གསུང་བཞིན་པའི་དུས་སྡིག་གུས་མཐོང་སྟེ་གྲི་ཕྱར་ནས་ཤེལ་འཇའི་ཐོག་ཏུ་མཆོང་པས། ཤེལ་འཇའ་བྱ་འཕུར་བ་ལྟར་རི་ཆུ་ཕར་ཁར་བྲོས་ཤོར་ནས་སྡིག་གུ་བྱ་ཐབས་བྲལ། དེར་ཆུ་ཚུར་ཁ་ལ་ཞབས་རྗེས་གཅིག་དང་ཕར་ཁར་ཞབས་གཉིས་ཀྱི་རྗེས་ད་ལྟ་གསལ་པོ་མཇལ་རྒྱུ་འདུག
ཞིང་རྨོ་སར་ཇ་སྐྱེལ་བར་ཕེབས་ནས་ཇ་རྫ་དང་བཟའ་ཆས་མཉམ་དུ་རྗེ་ཁུག་ཏུ་བཅུག་སྟེ་མར་རྦབ་རྡོ་བཞིན་སྒྲིལ་བས་རི་ཤམ་དུ་སླེབ་དུས་རྫ་མ་ལ་གས་ཆག་མེད་པ་དང་ཇ་ཐིག་པ་གཅིག་ས་ལ་མ་ཟགས་པར་ཡོད་པས་ཚང་མ་ངོ་མཚར་སྐྱེས་བར་གྱུར་ཟེར།


      ཟུར་དུ་ཞུ་རྒྱུ།

འདི་དང་འདི་ལྟ་བུའི་ལོ་རྒྱུས་མང་པོ་ཞིག་ནག་སུབ་ཏུ་འགྲོ་བའི་ཉན་ཁ་ལ་བསམ་ནས་གོང་གི་ངག་སྒྲོས་དང་འབྲེལ་བའི་ལོ་རྒྱུས་ཐུང་ཐུང་འདི་ནི་རི་དམར་བླ་མ་ཤེལ་ཞིག་བསྟན་པའི་རྒྱལ་མཚན་མཆོག་གིས་གནང་བའི་ཟིན་ཐོ་ལ་གཞི་བཅོལ་ཏེ་གཞན་རྒན་རབས་རྣམ་གྱིས་ངག་རྒྱུན་གང་ཡོད་པ་དག་ཐད་ཀར་ཡིག་ཐོག་ཏུ་ཕབ་སྟེ་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་ཕྱོགས་གང་སར་བཞུགས་པའི་རིས་མེད་མཁས་དབང་རྣམ་གྱི་མདུན་སར་དཔྱད་གཞི་ཐུང་ངུ་ཡོང་རེའི་ཆེད་དུ་ཕུལ་བ་ཡིན་ནོ།།


 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.