བྱ་གཟུང་ (སྒྲུང)བཞུགས།།
རྩོམ་པ་པོ་མ་གསལ།
༧སྔོན་ཚེ་བརྒྱ་པའི་དུས་སུ། གནམ་ལ་བྱ་རིགས་འཕུར་དགུ་རྣམས་ཀྱི་ནང་ནས། སྨྲ་མཁན་ནེ་ཙོ་དེ། བྱ་རྒྱལ་གྱི་མདུན་དུ་བྱོན་ནས། འདི་སྐད་ཞུས་སོ། །ཧུ་ཨའུ་ཨའུ། བྱ་རྒྱལ་ཁུ་བྱུག་རིན་པོ་ཆེ། དུས་སྔོན་མ་ཞིག་ནས་ད་ལྟའི་བར། ཤིང་ཆེན་ལོ་མའི་བསིལ་གྲིབ་ལ། སྐུ་གཡོ་བ་མེད་པའི་སངས་རྒྱས་ཅིག་བཞུགས། གསུང་འགག་པ་མེད་པའི་སྐད་སྙན་སྒྲོགས། ཐུགས་འཁྲུལ་པ་མེད་པ་ནམ་མཁའི་ཚུལ། མི་དེ་ལ་བཞུགས་པ་ངོ་མཚར་ཅན། བྱ་རྒྱལ་ཐུགས་དམ་ལས་བཞེངས་ལ། འབྲུ་བཅུད་ཤིང་ཐོག་འདི་གསོལ་ལ། གསུང་སྙན་མོ་དྲུག་འགྱུར་ཞིག་གསུངས་ཞེས་ཞུས་སོ། །
༧བྱ་རྒྱལ་ཁུ་བྱུག་དེ་ཤིང་ཆེན་ལོ་མའི་བསིལ་གྲིབ་ནས། སྐུ་བཞེངས་ནས་འདི་སྐད་དོ།། ཀྱེ་མ་གསོན་དང་སྨྲ་མཁན་ནེ་ཙོ་ཁྱོད། ང་ཡིས་འཁོར་བའི་ལས་ལ་བལྟས་ཙམ་ན། སྐྱེས་པའི་མི་རྣམས་ཐམས་ཅད་འཆི་ཞིང་འདུག ཟས་གོས་གསོག་འཇོག་ཤུལ་དུ་བསྐྱུར་ནས་སོགས། བརྩེགས་པའི་མཁར་རྣམས་ཐམས་ཅད་གྱང་ར་ཡིན། མཛའ་གྲོགས་ཉེ་འཁོར་འདུས་པ་བྲལ་བ་དང་། གསོས་པའི་བུ་དང་བསོགས་པའི་རྒྱུ་ནོར་རྫས། ཐམས་ཅད་མི་རྟག་སྒྱུ་མ་རྨི་ལམ་འདྲ། གང་ལ་བལྟས་ཀྱང་སྙིང་པོ་མི་འདུག་པས། ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། ཚེ་རབས་གཏན་ཆུས་ད་རེས་བསྒྲུབ་པའི་ཕྱིར། ཐང་ཤིང་ཙནྡན་སྡོང་པོའི་བསིལ་གྲིབ་ལ། འཁོར་བ་ལྟ་བུར་རྣམ་སྣང་སྡོད་ས་ཡིན། སེམས་ཉིད་ཡེང་མེད་ཏིང་འཛིན་སྒོམ་ས་ཡིན། འཇིག་རྟེན་ཁམས་ཀྱི་བྱེའུ་ཐམས་ཅད་ལ། ང་ཡི་གཏམ་འདི་ཁྱོད་ཀྱིས་གོ་བར་ཤོད། ཅེས་གསུངས་སོ། །
༧དེ་ནས་ནེ་ཙོས་ལེགས་སོ་ཞུས་ནས། རྨ་བྱས་ཐོག་དྲངས་རྒྱ་བྱ་རྣམས་དང་། རྒོད་པོས་ཐོག་དྲངས་ནས་བྲག་བྱ་རྣམས་དང་། ངང་པས་ཐོག་དྲངས་ནས་ཆུ་བྱ་རྣམས་དང་། ནེ་ཙོས་ཐོག་དྲངས་བྲག་བྱ་རྣམས་དང་། གོང་མོས་ཐོག་དྲངས་སྤང་བྱ་རྣམས་དང་། འཇོལ་མོས་ཐོག་དྲངས་ཤིང་བྱ་རྣམས་དང་། དེ་ཕོས་ཐོག་དྲངས་བྲག་བྱ་རྣམས་དང་། བྱ་བྱེའུ་ཐམས་ཅད་ལ་ངག་བྱས་ནས། ཀུན་བྱ་རྒྱལ་གྱི་དྲུང་དུ་ཆོས་ཞུ་ལ་འདུག་གོ །དེར་རྨ་བྱ་ལ་སོགས་རྒྱ་བྱ་རྣམས་གཡས་གྲལ་དུ་འཁོད། རྒོད་པོས་ཐོག་དྲངས་བྲག་བྱ་རྣམས་གཡོན་གྲལ་དུ་འཁོད། ངང་པས་ཐོག་དྲངས་ཆུ་བྱ་རྣམས་གཤམ་གྲལ་དུ་འཁོད། བྱ་རིགས་རྣམས་གདན་ལ་བཞུགས་སོ། །
༧དེ་ནས་ནེ་ཚོ་སྨྲ་མཁན་དེ་གྲལ་གྱི་དབུས་ནས་ལངས་ཏེ་འདི་སྐད་ཞུས་སོ། ཧུ་ཨའུ་ཧུ་ཨའུ། བྱ་རྒྱལ་རིན་པོ་ཆེ། འཁོར་བ་ལ་ཞེན་པ་ལོག་པའི་བླ་མ་ཁྱེད། འདིར་ཚོགས་བྱ་རིགས་ལ་དགོངས་སུ་གསོལ། འདབ་ཆགས་རྨོངས་པའི་བྱ་རིགས་སེམས་ཅན་རྣམས། སྔོན་ནས་བསགས་པའི་ལས་ངན་རྣམ་སྨིན་གྱིས། ཚེ་འདིར་འཁོར་བ་ལ་དད་ལ་ཞེན་ཅིང་ཆགས། བདེ་བ་བསམ་ཀྱང་སྡུག་བསྔལ་འདམ་དུ་བྱིང་། སྡུག་བསྔལ་འདམ་ནས་གྲོལ་བའི་དམ་ཆོས་ཞུ། ཐར་པ་བྱང་ཆུབ་ཐོབ་པའི་ལམ་བསྟན་ཞུ། འདིར་ཚོགས་བྱ་རིགས་རྣམས་ལ་བོན་གསུང་ཞུ། ཞེས་ཞུས་སོ།། བྱ་རྣམས་ཀུན་འཚོགས་ནས། བྱ་རྒྱལ་ཁུ་བྱུག་གིས་གཤོག་འགྱུར་ལན་གསུམ་མཛད་ནས་འདི་སྐད་གསུངས་སོ། །
༧ཀུ་ཁུ་ཀུ་ཁུ། འདིར་འདུས་བྱ་རིགས་ང་ལ་ཉོན་ཅིག་ཀུ་ཁུ། ང་ཡིས་སྙིང་གཏམ་ཚིག་གསུམ་བཤད་དོ་ཀུ་ཁུ། དལ་འབྱོར་རྙེད་པར་དཀའ་བ་ཡིན་ནོ་ཀུ་ཁུ། ཀུན་མི་རྟག་འཆི་བ་ཡིད་ལ་ཟུངས་ཤིག་ཀུ་ཁུ། སྡིག་པའི་བྱ་བ་ཅུང་ཞིག་མ་བྱེད་ཀུ་ཁུ། དགེ་བའི་བྱ་བ་བཟང་པོ་གྱིས་ཤིག་ཀུ་ཁུ། བྱིན་རླབས་རྩ་བ་མོས་གུས་ཡིན་ནོ་ཀུ་ཁུ། བླ་མ་རེ་ལ་མོས་གུས་གྱིས་ཤིག་ཀུ་ཁུ། ཚེ་འདི་མི་རྟག་རྨི་ལམ་འདྲའོ་ཀུ་ཁུ། གང་ལ་ཆགས་ཤིང་ཞེན་པ་མ་བྱེད་ཀུ་ཁུ། འཇིག་རྟེན་བྱ་བར་འཁྲུལ་རྒྱུ་མེད་དོ་ཀུ་ཁུ། ཕྱི་མའི་གྲོ་ཆས་གལ་ཆུང་མ་བྱེད་ཀུ་ཁུ། གཏན་གྱི་འདུན་འགྲོ་དགེ་བ་བྱེད་དགོས་ཀུ་ཁུ། དམ་ཆོས་སྒྲུབ་ལ་སྙིང་རུས་མ་ཆུང་ཀུ་ཁུ། འདུས་བྱས་ཆོས་རྣམས་ཀུན་རྫོབ་ཡིན་ནོ་ཀུ་ཁུ། སྣང་སྟོང་ལྷ་ཡི་བསྙེན་སྒྲུབ་གྱིས་ཤིག་ཀུ་ཁུ། བྱར་མེད་ངང་ལ་རང་སེམས་ཞོག་ཅིག་ཀུ་ཁུ། རྒྱལ་བའི་གསུང་བཞིན་དམ་ཆོས་བསྒྲུབ་དགོས་ཀུ་ཁུ། བསླབ་བྱ་བཞིན་དུ་ཞག་བདུན་བསྒོམ་དགོས་ཀུ་ཁུ། དེ་ནས་ང་ལ་གཏམ་ལན་རེ་ཡོད་དགོས་ཀུ་ཁུ། ཞེས་གསུངས་སོ།། དེ་ནས་བྱ་རྣམས་ཀྱིས་ཞག་བདུན་ལ་བསླབས་པ་དང་བསྒོམས་པས་རང་ལ་རྟོགས་པ་རེ་ངོ་འཕྲད་པའི་ཚེ། བྱ་རྒྱལ་གྱིས་གསུངས་པ། ད་ཞག་བདུན་གྱི་ཉི་མ་རྩེ་ཤར་ལ་སོང་། མེ་འབར་བའི་སྔོན་དུ་དུ་བ་ཡོད། ཆར་འབབ་པའི་སྔོན་ལ་ལྷོ་སྤྲིན་ཡོད། ཆོས་སྒྲུབ་པའི་སྔོན་དུ་དད་པ་ཡོད། ཟེར་བ་ལྟར། འཁོར་བ་ལ་ཞེན་པ་ལོག། རྒྱུ་འབྲས་སྤང་བླང་། ཚེ་མི་རྟག་པའི་ངེས་འབྱུང་། འཇིག་རྟེན་འཁོར་བའི་སྣང་ཚུལ་རྣམས། རང་རང་གི་སེམས་ལ་ཅི་ཤར་བ་ཐམས་ཅད་བྱ་རིགས་རྣམས་ཀྱིས་ཤོད་གསུངས་པས།
༧གཡོན་གྲལ་གྱི་འགོ་བྱ་ཆེན་ཐང་དཀར་རྒོད་པོ་ལངས་ནས་གཤོག་སྤྲུག་ལན་གསུམ་བྱས་ནས་འདི་སྐད་ཟེར།སྤྲུག་སྤྲུག སྤྲུག་སྤྲུག བླ་མ་ལ་ཞབས་ཏོག་སྒྲུབ་དགོས་སྤྲུག་སྤྲུག དྲིན་ཆེན་ཕ་མ་ལ་དྲིན་ལན་སྤྲོད་དགོས་སྤྲུག་སྤྲུག ཕན་པའི་གཏམ་འདི་རྣ་བར་འཇོག་དགོས་སྤྲུག་སྤྲུག ཟད་མེད་ལས་ལ་ཆོག་ཤེས་བྱེད་དགོས་སྤྲུག་སྤྲུག ལོངས་སྤྱོད་ཡོད་དུས་མཆོད་སྦྱིན་གཏོང་དགོས་སྤྲུག་སྤྲུག འཇིག་རྟེན་རྟག་པར་མེད་པ་ཤེས་དགོས་སྤྲུག་སྤྲུག བུ་ཚ་འཁོར་གཡོག་བྱམས་སེམས་སྐྱོང་དགོས་སྤྲུག་སྤྲུག བརྟག་རྒྱུ་ད་རུང་རང་སེམས་ཤེས་དགོས་སྤྲུག་སྤྲུག མི་འགྲུབ་དོན་མེད་བསམ་རྒྱ་མ་ཆེ་སྤྲུག་སྤྲུག ཚོད་མེད་མི་ངན་རྒྱང་རྒྱང་བྱེད་དགོས་སྤྲུག་སྤྲུག སེམས་དཀར་ཅི་ཟེར་ཁ་ལ་ཉན་དགོས་སྤྲུག་སྤྲུག སྡིག་པའི་ངན་སོང་སྡུག་བསྔལ་ཤེས་དགོས་སྤྲུག་སྤྲུག དགེ་བ་བསམ་ཞིང་བདེ་སྐྱིད་ཤེས་དགོས་སྤྲུག་སྤྲུག རྟག་ཏུ་བདེ་སྐྱིད་ཤེས་དགོས་སྤྲུག་སྤྲུག ཤེས་ལྡན་བདེ་ལམ་སྒྲུབ་དགོས་རྒྱུ་ཡིན་ཟེར་རོ། །
༧ དེ་ནས་ཁྲུང་ཁྲུང་ལངས་ནས་གཤོག་ལྷབ་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ། ཁྲུང་ཁྲུང་མཐོ་རིས་ལྕགས་སྒྲོག་འཁོར་བར་ཞེན་པ་ཡིན་ནོ་ཁྲུང་ཁྲུང་། དགེ་སྦྱོར་བཤོལ་འདེབས་ལེ་ལོ་སྙོམས་ལས་ཡིན་ནོ་ཁྲུང་ཁྲུང་། སྦྱིན་པའི་བར་ཆོད་སེར་སྣ་འཇུངས་གེགས་ཡིན་ནོ་ཁྲུང་ཁྲུང་། བྱིན་རླབས་བར་ཆོད་ཐེ་ཚོམ་ཡིན་ནོ་ཁྲུང་ཁྲུང་། འདུན་གྲོགས་བར་ཆོད་མི་ངན་བསམ་ནག་ཡིན་ནོ་ཁྲུང་ཁྲུང་། དགེ་བའི་བར་ཆོད་ཚེ་འདི་བྱ་བ་ཡིན་ནོ་ཁྲུང་ཁྲུང་། སེམས་ངོའི་བར་ཆད་རྣམ་རྟོག་ཡིན་ནོ་ཁྲུང་ཁྲུང་། དེ་རྣམས་ཤེས་ནས་རྒྱུན་དུ་སྲུང་དགོས་པ་ཡིན་ནོ་ཁྲུང་ཁྲུང་། ཁྲུང་ཁྲུང་ང་རང་འདི་ཕྱི་གཉིས་བདེ་ཡིན་ནོ་ཁྲུང་ཁྲུང་། ཟེར་རོ།
༧ དེ་ནས་གསེར་བྱ་ངང་པ་ལངས་ནས་དལ་གྱིས་ཕར་འགྲོས་ཚུར་འགྲོས་བྱས་ནས་འདི་སྐད་ཟེར། ངང་ངུར་ངང་ངུར། སྐྱེས་ན་དམ་ཆོས་མེད་ན་ངང་ངུར། བླ་མ་མཁས་གྲུབ་མེད་ན་ངང་ངུར། གྲྭ་པ་ཤེས་རབ་མེད་ན་ངང་ངུར། དཔོན་པོ་སྡེ་ཆུས་མེད་ན་ངང་ངུར། བུད་མེད་ཤེས་སྒོ་མེད་ན་ངང་ངུར། བུ་ཚ་རྒྱུག་སྒོ་མེད་ན་ངང་ངུར། རྒྱུ་འབྲས་བསླུ་བ་མ་ཤེས་ངང་ངུར། དེ་རྣམས་ཡིད་ལ་ཞོག་ཅིག་ངང་ངུར། ཟེར་ནས་གདན་ལ་འདུག་གོ །
༧ དེ་ནས་མགོན་བྱ་ཕོ་རོག་ནག་པོ་དེ་ལངས་ནས་འདི་སྐད་ཟེར་རོ། །གྲོགས་ཡོད་གྲོགས་ཡོད། རོ་སྙོམས་བྱས་ན་བདེ་སྐྱིད་ཀྱི་གྲོགས་ཡོད། དད་པ་བྱས་ན་བྱིན་རླབས་ཀྱི་གྲོགས་ཡོད། བསྙེན་བསྒྲུབ་བྱས་ན་ཡིད་དམ་གྱི་གྲོགས་ཡོད། སྦྱིན་པ་བྱས་ན་ལོངས་སྤྱོད་ཀྱི་གྲོགས་ཡོད། ཚེ་དང་སྒྲུབ་པ་བྱས་ན་སངས་རྒྱས་ཀྱི་གྲོགས་ཡོད། ཕ་མར་བཀུར་བསྟི་བྱས་ན་འདི་ཕྱི་བདེ་སྐྱིད་ཀྱི་གྲོགས་ཡོད། གྲོགས་ཡོད་པ་རྣམས་དངོས་གྲུབ་ཏུ་ལེན་ཤེས་པར་མཛོད་ཅིག ཟེར་རོ། །
༧དེ་ནས་བྱེའུ་ཏིང་རིང་ལངས་ནས། མཆུ་བརྡར་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ། །ཏིང་རིང་ཏིང་རིང་། འཁོར་བ་སྡུག་བསྔལ་རྒྱ་མཚོ་འདི་ཏིང་རིང་། སྡིག་ཆེན་བྱ་བ་འདི་ཏིང་རིང་། ངན་སོང་སྒོ་མཁར་འདི་ཏིང་རིང་། ལས་ངན་གྱི་འདམ་རྫབ་འདི་ཏིང་རིང་། འཇིག་རྟེན་གྱི་བྱ་བ་འདི་ཏིང་རིང་། མི་འགྲུབ་བའི་བློ་རྒྱ་འདི་ཏིང་རིང་། ལྟོ་གོས་ཀྱི་ཞེན་པ་འདི་ཏིང་རིང་། རང་འདོད་ཞེན་པ་འདི་ཏིང་རིང་། རྒན་རྒོན་གྱི་མགར་གྱི་ཏིང་རིང་། ཏིང་རིང་བའི་འཁོར་བ་ལ་ཐར་ཐབས་གྱིས་ཟེར་རོ། །
༧དེ་ནས་བྱ་ཆེན་ངུར་པ་ལངས་ནས། མཆུ་བརྡར་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ། །ཨི་ཏོར་ཨི་ཏོར། འཁོར་བའི་ལས་ལ་བདེ་སྐྱིད་མི་འདུག་ཨི་ཏོར། མི་ཆོས་མེད་ན་འདུག་ས་མི་འདུག་ཨི་ཏོར། རང་རྒྱུད་ངན་ན་འགྲོ་ས་མི་འདུག་ཨི་ཏོར། རྒྱལ་ཁྲིམས་མེད་ན་ཡུལ་སྡེ་འདུག་ཆུས་མི་བདེ་ཨི་ཏོར། བླ་མ་མེད་ན་ཐར་པའི་ལམ་སྟོན་མི་འདུག་ཨི་ཏོར། ཕྱུག་པོ་མེད་ན་དབུལ་པོ་མི་འདུག་ཨི་ཏོར། འདུན་མ་མེད་ན་གཏན་གྱི་བྱ་བ་མི་འདུག་ཨི་ཏོར། དེ་རྣམས་དགོས་པ་འདུག་ཟེར་རོ། །
༧དེ་ནས་ལྷ་བྱ་གོང་མོ་ལངས་ནས། གཤོག་སྤྲུག་ལན་གསུམ་བྱས་ཏེ་འདི་སྐད་ཟེར་རོ། །གོ་ཀ་གོ་ཀ ལས་འཕྲོ་མེད་པའི་བླ་མ་ཡི་དམ་ཆོས་དེ་གོ་ཀ དུས་ངན་བུ་རྒྱུད་ཀྱིས་ཕ་མའི་ཁ་ཏ་དེ་གོ་ཀ བུད་མེད་ངན་པས་ཚེ་རོགས་ཁ་ཏ་དེ་གོ་ཀ མི་ངན་རྐུན་མས་རྒྱལ་ཁྲིམས་རྒྱུ་འབྲས་དེ་གོ་ཀ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཡིན་པ་གོ་ཀ སྐྱིད་སྡུག་ཐམས་ཅད་རྒྱུ་འབྲས་མ་ཐུག་པ་གོ་ཀ འཇིག་རྟེན་བྱ་བ་ཟིན་པ་མེད་པ་གོ་ཀ ཁྲམ་པ་གཡོ་ཅན་གྱི་ཁོག་པ་དེ་གོ་ཀ ཟོབ་པོས་དད་ཟས་ཟོས་པ་འདི་གོ་ཀ གྱོབ་ཆེན་གྱིས་མི་མགོ་སྐོར་བ་འདི་གོ་ཀ བསྟན་བཅོས་ཟབ་མོ་མང་པོ་འདི་གོ་ཀ མཁས་པའི་ཡོན་ཏན་འདི་གོ་ཀ སྒོམ་ཆེན་ཉམས་རྟོགས་འདི་གོ་ཀ བུད་མེད་ཤེས་པ་ཚབ་ཚུབ་འདི་གོ་ཀ ཁྲེལ་མེད་སྤྱོད་པ་འདི་གོ་ཀ དེ་རྣམས་གོ་ཐོས་དགོས་ཟེར་རོ། །
༧དེ་ནས་དིག་མུར་གྱི་མུ་ཁུ་ལངས་ནས། གཡས་སྐོར་དང་གཡོན་སྐོར་བྱས་ནས་འདི་སྐད་ཟེར་རོ། །ཡི་མུག་ཡི་མུག བླ་མ་ལ་དད་པ་མེད་ན་ཡི་མུག བུ་རྒྱུད་ངན་པའི་ཕ་མ་ཡི་མུག ཕ་མ་ལ་སེམས་རྩིས་མེད་པ་ཡི་མུག དགྲ་བོ་ལ་ཕན་བཏགས་བྱས་ན་ཡི་མུག སྡེ་ཆུས་སྡུག་ན་དཔོན་པོ་ཡི་མུག ཟས་ཆུས་མེད་ན་བཟའ་དཔོན་ཡི་མུག འདུག་ཆུས་སྡུག་ན་ན་ཆུང་ཡི་མུག ཤེས་པ་མེད་ན་བཙུན་ཆུང་ཡི་མུག འདྲེན་སྟོན་མེད་ན་བླ་མ་ཡི་མུག ཁེ་སྤོབ་ཆུང་ན་ཚོང་དཔོན་ཡི་མུག སེམས་སྤོབ་ཆུང་ན་བཙན་པོ་ཡི་མུག དཔའ་སྤོབ་ཆུང་ན་དམག་དཔོན་ཡི་མུག དམག་མང་འཛིང་དུས་རྡར་མ་ཡི་མུག མི་དགེ་སྤྱོད་པ་འདི་ཡི་མུག སྡིག་ཆུས་ཆེ་ན་ཤི་དུས་ཡི་མུག དབྱེ་རྒྱུ་མེད་པའི་བཟའ་ངན་འཐབ་མོ་འདི་ཡི་མུག ཕོ་སྡུག་མོ་སྡུག་བཟའ་བུན་གྱི་ལས་འདི་ཡི་མུག ཆགས་སྡང་བསམ་ངན་ཁྱིམ་མཚེས་འདི་ཡི་མུག དཔའ་སྙིང་མེད་པའི་གོ་མཚོན་ཐོགས་པ་འདི་ཡི་མུག སྐྱེ་ལོ་མེད་པའི་ཕྱི་བཀྲུ་འདི་ཡི་མུག མི་ངན་ཁྱིམ་མཚེས་ནོར་ལ་འཇབ་པ་འདི་ཡི་མུག ཡི་མུག་པ་དེ་རྣམས་སྤང་བྱ་དགོས། །
༧ དེ་ནས་བྱ་ཆེན་གོ་ཧོ་ལངས་ནས། ཕར་འགྲོ་ཚུར་འགྲོ་བྱས་ནས་འདི་སྐད་ཟེར་རོ། །གོ་ཧོ་གོ་ཧོ་སྐྱིད་པ་དེ་ནི་གོ་ཧོ། ཡོན་ཏན་ལྡན་པའི་བླ་མ་ལ་དད་པ་བྱས་ན་ཕྱི་མ་ལ་སྐྱིད་པ་གོ་ཧོ། ལོངས་སྤྱོད་ལྡན་པའི་རྒྱུ་ཟས་མཆོད་སྦྱིན་བྱས་ན་སྐྱིད་པ་གོ་ཧོ། ཕྱུག་པོ་རྒྱུ་ནོར་འཛོམས་དུས་ཟས་གོས་བྲ་ན་སྐྱིད་པ་གོ་ཧོ། བཙུན་པ་ཐོས་བསམ་ལྡན་ན་མདོ་རྒྱུད་ཉམས་སུ་བླངས་ན་འདི་ཕྱི་སྐྱིད་པ་གོ་ཧོ། སྡང་བའི་དགྲ་ལ་རྒྱུག་དུས་དཔའ་བོ་གོ་མཚོན་ལྡན་ན་དམག་མང་སྐྱིད་པ་གོ་ཧོ། བྱམས་པའི་ཉེ་འཁོར་འདུས་དུས་མནའ་མ་ཤེས་སྒོ་བྱམས་ན་འཁོར་གཡོག་སྐྱིད་པ་གོ་ཧོ། སྡིག་པའི་རྒྱུ་ཟས་ཚེ་འདིར་སྐྱིད་ཀྱང་ཕྱི་མ་སྡུག་པ་གོ་ཧོ། སྐྱིད་སྡུག་གི་ལས་རྣམས་སྤང་བླང་གོ་དགོས་ལགས་ཟེར་། །
༧དེ་ནས་ཀྱུང་ཀ་མཆུ་དམར་ལངས་ནས། འགུ་འགུ་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ། །ཀྱུང་ན་ཀྱུང་ན།ཐོན་གོ་མེད་པའི་མཁས་འདོད་དེ་ཀྱུང་ན། སེར་སྣས་བཅིང་བའི་ཁ་ཟས་འདི་ཀྱུང་ན། ངོས་ལྐོག་མི་མཚུངས་པའི་ཁ་ཡག་འདི་ཀྱུང་ན། ཡུན་རིང་མི་འགྲུས་པའི་ཁ་ཡི་ཨ་གསར་འདི་ཀྱུང་ན། ཁ་ཞེ་མི་མཚུངས་པའི་ཁྲམ་པའི་མགོ་སྐོར་འདི་ཀྱུང་ན། ཕྱུག་པོ་ཟས་གོས་མེད་པའི་ད་ལྟའི་ཡི་དྭགས་ལུས་པོ་འདི་ཀྱུང་ན། སྤྲང་པོ་རྒྱན་གོས་མེད་པའི་འཕྱོར་པོ་འདི་ཀྱུང་ན། དེ་ལ་སོགས་པའི་འཇིག་རྟེན་ན་ཀྱུང་ཞིང་སྐུང་དགོས་པ་མང་པོ་འདུག་ཟེར་རོ། །
༧དེ་ནས་འུག་རྒན་གསེར་མིག་དེ་སྤུ་རུ་གནམ་དུ་གཟེངས་ནས་འདི་སྐད་ཟེར་རོ། །འུ་ཐུག་འུ་ཐུག དམ་ཆོས་མེད་ན་འཆི་དུས་འུ་ཐུག རྒྱན་གོས་མེད་ན་མནའ་མ་འུ་ཐུག ལས་ཀ་མེད་ན་གཡོག་མོ་འུ་ཐུག ཟས་སྐལ་མ་རག་རྒས་པ་འུ་ཐུག འདུལ་ཁྲིམས་མེད་པའི་བཙུན་པ་འུ་ཐུག ཉམས་རྟོགས་མེད་པའི་སྒོམ་ཆེན་འུ་ཐུག མཚོན་ཆ་མེད་པའི་དཔའ་བོ་འུ་ཐུག བློ་གཏད་མེད་པའི་གྲོགས་པོ་འུ་ཐུག གསོག་འཇོག་མེད་པའི་མ་སྲུ་འུ་ཐུག སྐྱེ་གཟུགས་མེད་པའི་བུ་མོ་འུ་ཐུག ཧ་དོམ་མང་ན་བཟའ་དཔོན་འུ་ཐུག ཁྲིམས་ཞབས་བཟུང་ན་རྐུ་མ་འུ་ཐུག འུ་ཐུག་པའི་བྱ་བ་རྣམས་ཤེས་པར་དགོས་འདྲ་ཟེར་རོ། །
༧དེ་ནས་དེ་ཕོ་ཟངས་ཀྱི་ཐོར་གཙུག་ཅན་དེ་ལངས་ནས། གཤོག་པ་ལན་གསུམ་བརྡབས་ནས། མགོ་བསླངས་ཏེ་འདི་སྐད་ཟེར་རོ། །ཨི་གོ་ཨི་གོ ཨང་ཨང་། འཁོར་བའི་གནས་ནས་བདེ་སྐྱིད་མི་འདུག་ཨི་གོ ཨང་ཨང་། འཇིག་རྟེན་ལས་ལ་ཟད་པ་མི་འདུག་ཨི་གོ ཨང་ཨང་། རྒྱུ་ཟས་ནོར་ལ་རྟག་པར་མི་འདུག་ཨི་གོ ཨང་ཨང་། གནས་སྐབས་བདེ་སྐྱིད་རྨི་ལམ་འདྲ་འདུག་ཨི་གོ ཨང་ཨང་། ཤ་ཁྲག་ལུས་འདི་ནམ་བསྐྱུར་མི་ཤེས་ཨི་གོ ཨང་ཨང་། འཆི་བདག་བདུད་ནི་ནམ་ཡོང་མི་ཤེས་ཨི་གོ ཨང་ཨང་། ཁ་མང་མི་དེ་གྲོགས་དང་བྲལ་བ་ཨི་གོ ཨང་ཨང་། གྲངས་མང་ནང་ནས་གཅིག་བུར་འགྲོ་དགོས་ཨི་གོ ཨང་ཨང་། བསགས་པའི་ནོར་རྫས་འཁྱེར་དབང་མི་འདུག་ཨི་གོ ཨང་ཨང་། གཅེས་པའི་ལུས་འདི་བྱ་ཁྱིའི་ཟ་བ་ཨི་གོ ཨང་ཨང་། སེམས་ཉིད་གར་འགྲོ་རང་དབང་མི་འདུག་ཨི་གོ ཨང་ཨང་། མཛེས་པའི་རྒྱན་ཆ་རོ་ཆས་ཡིན་པས་ཨི་གོ ཨང་ཨང་། སེར་སྣའི་ནོར་རྫས་གཞན་གྱིས་སྤྱོད་པ་ཨི་གོ ཨང་ཨང་། བརྩེ་བའི་གྲོགས་དང་གཏན་བྲལ་རེད་འགྲོ་ཨི་གོ ཨང་ཨང་། ལས་ངན་བག་ཆགས་རྗེས་སུ་འབྲང་བ་ཨི་གོ ཨང་ཨང་། དམྱལ་བའི་གནས་སུ་གཤིན་རྗེས་འཁྲིད་པ་ཨི་གོ ཨང་ཨང་། སྡིག་པའི་རྣམ་སྨིན་སྡུག་བསྔལ་གཏད་པ་ཨི་གོ ཨང་ཨང་། དགེ་བའི་ཕན་ཡོན་དེ་དུས་ཤེས་ཡོང་ཨི་གོ ཨང་ཨང་། དེ་རྣམས་ད་ཆ་སེམས་ལ་ཞོག་ཅིག་ཨི་གོ ཨང་ཨང་། ནང་པར་མ་ཉལ་ང་ཡི་སྐད་ལ་ཉོན་ཅིག་ཨི་གོ ཨང་ཨང། དེ་དུས་སྔ་ལངས་རེ་གྱིས་ཤིག་ཨི་གོ ཨང་ཨང་། ཟེར་རོ། །
༧དེ་ནས་བྱེའུ་ཅོ་ག་གྲོ་མོ་ལངས་ནས། འཕུར་འགྱུར་བྱས་ཏེ་འདི་སྐད་ཟེར་རོ། །སྐྱིད་ཀྱུར་སྐྱིད་ཀྱུར། དལ་འབྱོར་ལྡན་པའི་མི་ལུས་འདི་དག་སྐྱིད་ཀྱུར། སེར་སྣས་བསགས་པའི་ནོར་རྫས་འདི་དག་སྐྱིད་ཀྱུར། སེམས་བརྩེས་ འགྲོག་པའི་ཚེ་རོགས་འདི་དག་སྐྱིད་ཀྱུར། སྔར་བྱས་ལས་ངན་འགྱོད་སེམས་འདི་མེད་པ་སྐྱིད་ཀྱུར། ནམ་འཆི་ཆ་མེད་ཡིད་ལ་མེད་པ་སྐྱིད་ཀྱུར། ལོངས་སྤྱོད་ཡོད་དུས་དགེ་བ་སྒྲུབ་དགོས་སྐྱིད་ཀྱུར། རང་གིས་བསགས་པ་གཞན་གྱིས་སྤྱོད་པ་སྐྱིད་ཀྱུར། ཞིང་ལ་སོ་ནམ་མེད་པའི་ས་བོན་ལོ་ཏོག་སྐྱེ་བ་སྐྱིད་ཀྱུར། ཕྱུགས་ལ་འཚོ་སྐྱོང་རྒྱུ་ནོར་འཕེལ་འགྲིབ་འགྱུར་བ་སྐྱིད་ཀྱུར། གཅེས་འཛིན་ལུས་འདི་སེར་སྣ་ཡིན་པའི་སྐྱིད་ཀྱུར། འཆི་དུས་རང་ལ་རྩིས་ཕན་མི་ཤེས་སྐྱིད་ཀྱུར། ཟེར་ནས་གདན་ལ་འཁོད་དོ། །
༧དེ་ནས་སྐྱ་ག་ཁྲ་ཆུང་ལངས་ནས། འཇུག་མ་ལྡེམ་ལྡེམ་སྐེ་བསྲིང་བསྲིང་བྱས་ནས་འདི་སྐད་ཟེར་རོ། །བཀྱག་གོ་བཀྱག་གོ གྲྭ་པས་བླ་མ་བཀྱག་གོ བླ་མ་ཆེ་སྤྱད་གྲྭ་པ་ཡིན། བླ་མས་གྲྭ་པ་བཀྱག་གོ ཡོན་ཏན་འབྱུང་གནས་བླ་མ་ཡིན། དཔོན་པོས་གཡོག་པོ་བཀྱག་གོ དཔོན་པོའི་ཚེ་གཡོག་གཡོག་པོ་ཡིན། གཡོག་པོས་དཔོན་པོ་བཀྱག་གོ། སྐྱིད་སྡུག་རེ་ས་དཔོན་པོ་ཡིན། ཉེ་བས་ཉེ་འབྲེལ་བཀྱག་གོ སྐྱིད་སྡུག་ལྟ་རེས་རྟོག་རེས་ཡིན། དཀོན་མཆོག་མཆོད་པས་མཆོད་དགོས། སྒྲིབ་སྦྱངས་ཚོགས་རྫོགས་བརྟན་ཡོང་། ཡི་དམ་བསྙེན་སྒྲུབ་གྱིས་མཆོད་དགོས། དངོས་གྲུབ་ལྷུན་གྱིས་འགྲུབ་ཡོང། ཡུལ་ལྷ་བསང་མཆོད་ཀྱིས་མཆོད་དགོས། ཁ་འཛིན་སྡོང་གྲོགས་བྱེད་ཡོང་། ཕྱུག་པོ་ཁ་ཐབས་ཀྱིས་བཀྱག་གོ བཟང་པོའི་སྐད་ཆ་ཐོབ་ཡོང་། མེད་པོ་ཟས་གོས་ཀྱིས་བཀྱག་གོ ལུས་མདངས་ཧྲིལ་གྱི་ལྡན་ཡོང་། ཕ་མས་བུ་ཚ་བཀྱག་གོ ཡ་རབས་གྲགས་པ་ཐོབ་ཡོང་། བཙུན་པ་གུད་འདུད་ཀྱིས་བཀྱག་གོ ཐུགས་རྗེ་བདག་ཅག་གནང་ཡོང་། སངས་རྒྱས་དད་མོས་ཀྱིས་བཀྱག་གོ བྱིན་རླབས་ཐུགས་རྗེ་འཇུག་ཡོང་། རྟ་མཆོག་སྒ་སྲབ་ཀྱིས་བཀྱག་གོ སྤུ་མདོག་ཇེ་མཛེས་དུ་འགྲོ་ཡོང་། གོ་མཚོན་ཕྱི་བརྡར་གྱིས་བཀྱག་གོ རྣོ་ངར་གཅོད་གསུམ་འཛོམས་ཡོང་། བུད་མེད་རྒྱན་གོས་ཀྱིས་བཀྱག་གོ མཛེས་འཛུམ་སྐྱེ་གཟུགས་ལེགས་ཡོང་། སྐྱེས་པ་དཔའ་རྩལ་གྱིས་བཀྱག་གོ མདའ་རྩལ་ཚོང་རྩིས་ཤེས་ཡོང་། ལར་ཐམས་ཅད་གཅིག་གིས་གཅིག་བཀྱག་ན་སྙན་གྲགས་ཇེ་འཕེལ་དུ་འགྲོ་ཡོང་། གངས་དཀར་ལ་ཉི་མ་ཤར་ནས་ཇེ་དཀར་ཇེ་ཡག་ལ་འགྲོ་བ་འདྲ་ཟེར་རོ། །
༧ དེ་ནས་བྱ་མཐིང་རིལ་ལངས་ནས་འདི་སྐད་ཟེར་རོ། །ཏིག་ཏིག་མེད་ཏིག་ཏིག་མེད། ཟོབ་པོའི་བླ་མ་ལ་ཏིག་ཏིག་མེད། ཐོ་ཆོ་མཁས་འདོད་ལ་ཏིག་ཏིག་མེད། དུས་ངན་དཔོན་པོ་ལ་ཏིག་ཏིག་མེད། ཁྲམ་པའི་སྐད་ཆ་ལ་ཏིག་ཏིག་མེད། ཟ་འདོད་བློན་པོ་ལ་ཏིག་ཏིག་མེད། ཁྲེལ་མེད་ཉེ་བ་ལ་ཏིག་ཏིག་མེད། ཕྱུག་པོའི་མཆོད་སྦྱིན་ལ་ཏིག་ཏིག་མེད། སྙིང་མེད་ཁ་ཡག་ལ་ཏིག་ཏིག་མེད། མགོ་ཆུང་ཨ་གསར་ལ་ཏིག་ཏིག་མེད། བློ་ཆུང་བུད་མེད་ལ་ཏིག་ཏིག་མེད། འཇིག་རྟེན་འཁོར་བའི་ལས་ལ་ཏིག་ཏིག་མེད། སྐྱེ་ཡག་གཟུགས་བཟང་ལ་ཏིག་ཏིག་མེད། སེར་སྣའི་རྒྱུ་ལ་ཏིག་ཏིག་མེད། ཐག་རིང་སྐད་ཆ་ལ་ཏིག་ཏིག་མེད། མི་ངན་ཆེ་སར་བཞག་ན་ཏིག་ཏིག་མེད། མོ་ངན་གནས་ལ་སོང་བ་ལ་ཏིག་ཏིག་མེད། སྤྲང་པོ་ཉལ་ས་ལ་ཏིག་ཏིག་མེད། ཏིག་ཏིག་མེད་པ་མང་པོ་སྣང་ཟེར་རོ། །
༧དེ་ནས་བྱེའུ་མཆིལ་པ་ཀླད་དམར་དེས། སྐེ་བསྲིང་མཇུག་མ་བཀྱག་ནས་འདི་སྐད་ཟེར་རོ། །ཅིག་ཅིག བློ་རྒྱ་ཆེན་པོ་ཨི་ཡིན་ཏེ། ཚོད་མེད་བློ་དེ་ཐན་ཡིན། མགྱོགས་པ་བྱེད་པ་རྟ་ཕོ་ཡིན་ཏེ། ཆད་ལུས་བྱུང་ན་རྡོ་ཡིན། ཞིམ་པོ་ཆང་རག་ཡིན་ཏེ། མང་པོ་ཐུང་ན་དུག་ཡིན། མཛེས་མོ་དེ་ན་ཆུང་ཡིན་ཏེ། ཡུན་རིང་འགྲོགས་ན་དགྲ་ཡིན། གནས་སྐབས་བཙན་པོ་ཡིན་ཏེ། བཙན་ཚོད་མ་ཟིན་ན་གཡོག་ཡིན། སྐྱིད་པོ་བྱེད་སྤྱད་རྒྱུ་ཡིན་ཏེ། གསོག་འདོད་ཆེ་ན་སྡུག་ཡིན། ལུས་པོ་ཡག་སྤྱད་རྒྱན་ཡིན་ཏེ། འཕྱོར་འདོད་ཆེ་ན་མཚང་ཡིན། དྲིན་ཆེན་དཀོན་མཆོག་གསུམ་ལ། དད་པ་མེད་ན་བདུད་ཡིན། ཚེ་འདིར་བྱམས་པ་ཕ་མ་ཡིན་ཏེ། དྲིན་ལན་མེད་ན་འདྲེ་ཡིན། དེ་འདྲ་བ་མང་པོ་འཇིག་རྟེན་ཁམས་ན་སྣང་ཟེར་རོ། །
༧དེ་ནས་ཤིང་བྱ་བྱ་ཝང་ལངས་ནས། གཤོག་ལྷབ་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ། །བྱ་འོང་བྱ་འོང་། བླ་མ་ལ་ཡོན་ཏན་མེད་ན་འཁོར་རྒྱུ་བྱའོ། དཔོན་པོ་ལ་སྡེ་ཆུས་མེད་ན་འོག་སྡེ་དམའོ། བློན་པོ་ལ་བློ་སྣ་མེད་ན་རང་གཞན་ཕུང་པར་བྱའོ། བུད་མེད་ཤེས་རིག་ཆུང་ན་བཟའ་ཚང་གཏོར་བར་བྱའོ། ཤེས་ཆུང་གྲལ་འགོར་བསྡད་ན་རང་སྣ་ཕམ་པར་བྱའོ། སྐྱ་བོ་རྐུན་ཇག་དགའ་ན་ཁྲིམས་ཞབས་འཆི་བར་བྱའོ། བུ་མོ་རོགས་དད་ཆེ་ན་རང་ལུས་བརྫད་པར་བྱའོ། དེ་ཀུན་བྱ་རྣམས་ལ་འོང་བས་སེམས་ལ་ཞོག་ཅིག་ཟེར་རོ། །
༧ དེ་ནས་གླག་རྒོད་རོག་པོ་དེ་ལངས་ནས། འདི་སྐད་ཟེར་རོ། །ཅི་རིག་ཅི་རིག བླ་མ་མཁས་གྲུབ་མེད་ན་ཕལ་བ་ཡིན། ལྷ་སྐུ་རབ་གནས་མེད་ན་ས་ཕུང་ཡིན། དཔོན་པོ་སྡེ་ཆུས་མེད་ན་རང་གྱོང་ཡིན། བློན་པོ་ཞེ་ནག་ཅན་དེ་དཀྲུག་ཤིང་ཡིན། རྒྱལ་ཁྲིམས་འབངས་ཀྱིས་མ་བརྩིས་ཆག་གོ་ཡིན། སྐྱེས་པ་དཔའ་སྙིང་མེད་ན་བུ་མོ་ཡིན། བུ་མོ་འདུག་ཆུས་མེད་ན་གོད་ཀ་ཡིན། ན་ཆུང་སྐྱེ་ལོ་མེད་ན་གྱོང་སྒོ་ཡིན། ཕྱུག་པོས་ཆོས་ཕྱོགས་མ་བཏང་ཡི་དྭགས་ཡིན། དབུལ་པོ་ཞིམ་དགའ་ཆེ་ན་སྤྲང་པོར་འགྲོ། དམ་ཚིག་ཉམས་ལེན་མེད་ན་བདུད་རྒན་ཡིན། དེ་ཚོ་སེམས་ལ་ཞོག་ཟེར་ནས་གདན་ལ་འདུག་གོ །
༧དེ་ནས་བྱ་འཇོལ་མོ་དེ་ལངས་ནས། གཤོག་པ་སང་སང་རང་མར་བཞག་ནས་འདི་སྐད་ཟེར་རོ། །ཅི་ཡང་དགོས་སོ་ཅི་ཡང་དགོས་སོ། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བོས་པའི་མགྲོན་ལ་ཞིམ་པའི་ཟས་དགོས། བསྐོས་པའི་ཆུང་མར་བྱམས་པའི་བུ་དགོས། གསོས་པའི་རྟ་ལ་མགྱོགས་པའི་བང་དགོས། སྡང་བའི་དགྲ་ལ་རྣོ་བའི་མཚོན་དགོས། འགྲུས་པའི་རོགས་ལ་ཕྱི་གཞུང་བཟུང་དགོས། གཉེན་དང་ཉེ་ཡ་རྒྱང་ནས་སྲུང་དགོས། སྤུན་དང་ཚེ་རོགས་ལྷ་བཞིན་བསྟོད་དགོས། ཚུར་ཡོང་མནའ་མར་བརྟག་དཔྱད་ཞིབ་དགོས། རྒན་པའི་གནའ་གཏམ་ཡིད་ལ་འཇོག་དགོས། དེ་རྣམས་དགོས་ཟེར་རོ། །
༧དེ་ནས་བྱ་ཆེན་རྨ་བྱ་མདངས་གསལ་གྱིས་འདི་སྐད་ཟེར་རོ། ། བླ་མ་གཉིས་གྲོས་དེ་དམ་ཆོས་ཀྱི་སྡོང་པོ། དཔོན་པོ་གཉིས་གྲོས་དེ་ཁྲིམས་ཀྱི་ཐིག་ཤིང་། མཛོ་མོ་གཉིས་གྲོས་དེ་འོ་མའི་རྒྱ་མཚོ། མཁས་པ་གཉིས་གྲོས་དེ་བསྟན་བཅོས་ཀྱི་གཙོ་བོ། བཤད་པའི་དུས་ལ་བབ་ན། གཏམ་རྒྱུད་མགོ་ནས་བཤད་དགོས། དུས་ཚོད་དཔྱིད་ལ་བབ་ན། མོན་བྱ་ཁུ་བྱུག་གྲག་ཡོང་། ན་སོ་དར་ལ་བབ་ན། བུ་ཚས་བུ་མོ་འགྲུས་ཡོང། དབྱར་གསུམ་སྦྲང་ཆར་བབ་དུས། རྩི་ཤིང་མེ་ཏོག་རྒྱས་ཡོང་། སྟོན་གསུམ་འབྲས་དྲུག་སྨིན་དུས། ཤ་མོང་གིས་སྤང་རྒོད་ཕུག་ཡོང་། ཇ་ཆང་ཟས་ལ་སྤྱོད་དུས། གཏམ་བཟང་ཅི་སྙན་བཤད་ཡོང་། བླ་ཆེན་ཡུལ་ལ་བྱོན་ན། ཁམས་གསུམ་ཆོས་ལ་བསྒྱུར་འགྲོ། དཔོན་ཆེན་ཡུལ་ལ་ཐོན་ན། ཁྲིམས་ཀྱིས་བདེ་ལ་བཀོད་ཡོང་། བསམ་དཀར་ཤེས་ཆེན་ཡོད་ན། ཡུལ་སྡེས་བཀུར་ཆ་བྱེད་ཡོང་། ཞེས་ཟེར་ནས་བདེ་སྐྱིད་ཆོས་ལ་སྤྱོད་ཅིང་བཞུགས་སོ། །
༧དེ་ནས་གསེར་བྱ་དང་དངུལ་གྱི་བྱེའུ་ཆུང་གཉིས་ཀྱིས་འདི་སྐད་ཟེར་རོ། །གྲོགས་པོ་ལེགས་སོ། བཀྲ་ཤིས་བྱ་ཚོགས་རྣམས། དད་པ་ཅན་གྱི་གོ་ན་ཉམས་སུ་ལོན། ཕྱི་མར་ཕན་པའི་ཆོས། སྙིང་གཏམ་བཤད་པའི་གཏམ་ ཚོགས། ཡིད་ལ་ཞོག་ཟེར་ནས། རྗེས་སུ་ཡི་རངས་པའི་ཚོགས་ཀྱིས། བྱ་ཚོགས་རྣམས་ལ་མངོན་པར་བསྟོད་དོ། །བཀྲ་ཤིས་པར་ཤོག ། ༧སྒང་དཀར་སྔགས་འཆང་ཡིན་ཁུལ་དབང་རྒྱལ་བཀྲ་ཤིས་བདག་རང་ལོ་དོན་བཞི་༧༤ས་ཕག་ལོར་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་བཟང་པོར་སོར་མོའི་ཟློས་གར་བསྒྱུར་ནས་ཞལ་རྒྱས་སོ། ། བྱ་བྲལ་གཅོད་མིང་པའི་དཔེ་ཆ་ཡིན་ཟེར་བ་ནས་ཞལ་བཤུས་སོ།། །བྲིས་མཁན་ན་གཞོན་རྣམས་ཐུགས་དགོངས་མ་ཁྲེལ་ཞུའོ། །