གཤེན་ཤག་བསྟན་པའི་ཕག་ན་གབ་པའི་ཇག་པ།
ཁྱུང་མུ་ཝེར།
དེང་སང་དུས་གསར་ཉེར་གཅིག་རྣམ་རིག་གི་མེ་ཏོག།
རྫོགས་ལྡན་སྤང་ལྗོངས་གཡུ་ལོ་རིག་ལམ་ཀྱིས་འབུས་དུས།།
ང་ཡི་གེ་ཁུག་སྐྱ་མོར་སྟོན་མཇུག་གི་སྡོང་ལོ།།
སད་དང་སེར་བས་བཅོམ་པའི་ལོ་མ་དང་འདྲ་བ།།
བྱང་སེམས་རྩ་བ་རུལ་ཡང་དགེ་བྱེད་པའི་ཚུལ་འཛིན།།
སྡོམ་ཁྲིམས་སྔ་ནས་ཉམས་ཀྱང་བཙུན་གཟུགས་སུ་བཅོས་ཏེ།།
གཡོ་རྒྱུའི་ཧམ་སེམས་ནོར་དང་བུད་མེད་ལ་དད་པའི།།
བསྟན་དགྲ་ཟེར་བ་ཡོད་ན་ཁྱོད་ཚོ་ལས་གཞན་ཅི།།
རྒྱལ་འཕགས་བཀའ་ཡི་དགོངས་དོན་རུ་སྦལ་གྱི་སྤུ་རིང་།།
ཨ་སྤྲུལ་ཡང་སྤྲུལ་ཡང་ཤི་ཡང་སོས་ཀྱི་རྣམ་ཐར།།
ད་དུང་ཉག་ཉོག་འདྲེས་མའི་འགལ་འདུ་ཡི་ཕུང་པོ།།
བསྟན་གཤིག་ཟེར་བ་ཡོད་ན་ཁྱོད་ཚོ་ལས་གཞན་ཅི།།
སྲིད་པའི་འདོད་ཡོན་ཆགས་པའི་ཞགས་ཐག་དེ་རིང་ཡང་།།
ད་དུང་ཆགས་མེད་རྣལ་འབྱོར་བྱ་བྲལ་དུ་བརྫུས་ནས།།
མི་རྟག་མི་རྟག་འཆད་བཞིན་དབང་བསྒྱུར་ལ་གོམས་པའི།།
ཟ་འདྲེ་ཟེར་བ་ཡོད་ན་ཁྱོད་ཚོ་ལས་གཞན་ཅི།།
ཕན་བདེའི་འབྱུང་གནས་གཤེན་ཤག་ལུགས་བཟང་གྱི་ལམ་ལ།།
མི་གཙང་དུག་ཁྲག་འདྲེས་པའི་ཁྲག་རྗེས་ཀྱི་རི་མོ།།
སུབ་མེད་ལོ་རྒྱུས་སྦུབས་སུ་འཇོག་མཁན་གྱི་རིགས་ལ།།
བསྟན་སྐྱོང་སྲུང་མའི་ནུས་རྩལ་དགོས་གལ་སུ་བབ་འདུག།