མེ་ཏོག་ཆུན་པོ།
གྲོགས་ལྷ་གཡག་དར་མའི་སྲས་ཆུང་ནོར་བུ་དབང་གྲགས་བཙས་ནས་ཉིན་བརྒྱ་ལོན་པའི་ཉིན་ཕུལ་བ།
ལེགས་བཟང་སྟོན་ཟླ་དཀར་པོའི་འོད་སྣང་དེ།།
བཅུ་རིག་འོ་མཚོའི་ཀློང་དུ་ལྷང་ངེ་བ།།
དགོས་དགུ་འདོད་པའི་དཔལ་ལ་དབང་ཐོབ་ཕྱིར།།
ཤེས་རབ་ལྷ་ལྔ་ཁྱོད་ཀྱི་མགོན་དུ་འབོད།།
ཕ་ལོའི་བརྩེ་བ་རི་བོའི་མགུལ་ནས་དྲངས།།
མ་ལོའི་དུང་བ་རྒྱ་མཚོའི་གཏིང་ལ་རུམ།།
ཞག་བརྒྱའི་ལང་ཚོ་གངས་རིའི་པང་དུ་དགོད།།
རྟེན་འབྲེལ་ཤིས་ཚིག་གླིང་ལྔའི་གྲོང་ན་འུར།།
མ་ལས་སྐྱེས་ཙམ་མི་ལུས་ཁ་ཚང་མིན།།
མི་ཟས་ཟོས་ཙམ་མི་བུ་གསོན་པོ་མིན།།
དེ་ཕྱིར་མི་རིགས་རང་གི་ལ་རྒྱ་དེ།།
བསམ་བློའི་ཟུར་དུ་མ་བོར་མི་ཡི་བུ།།
རིན་ཆེན་ནོ༵ར་དཀྱིལ་ཉལ་བ་ཕྱུག་པོ་མིན།།
འབྱོར་ལྡན་བུ༵་རུ་སྐྱེས་པ་བསོད་ནམས་མིན།།
རྒྱུ་དང་དབ༵ང་ལ་རྔམ་ན་དྲང་བཞག་མིན།།
ས་སྟེང་གྲ༵གས་ཅན་ཕལ་ཆེར་དེ་ལྟར་མིན།།
ལྔ་རིག་ནོ༵ར་ལ་རྔམ་པ་འདོད་སེམས་མིན།།
སྔོན་ཐོན་བུ༵་རུ་འདོད་པ་འགྲན་སེམས་མིན།།
རིག་གཞུང་དབ༵ང་ལ་འབྱོར་བ་སྒེར་གཅོད་མིན།།
བསམ་བློ་གྲ༵གས་ཅན་བསླབས་པ་ལྟ་ལོགས་མིན།།
ལྷག་བསམ་ཟེའུ་འབྲུའི་དབུས་ནས་ལྷུང་པ་ཡི།།
ཐོལ་བྱུང་ཚིག་ཕྲེང་ཨུཏྤལ་ཆུན་པོ་འདི།།
རིགས་ཀྱི་རུས་རྐང་སྣུམ་པོའི་གཞིས་འཛིན་པའི།།
རིག་ཀྱི་སྲས་ཆུང་ཁྱེད་ཀྱི་མདུན་དུ་སྤུངས།།
༢༠༡༥ ༡༠ ༡