སྟོན་འཇུག
ཁྱུང་མུ་ཝེར།
འདབ་ཆགས་རྒྱལ་པོ་མོན་ལ་འཕུར།།སྒྲ་བརྒྱའི་སྐད་གསང་དུས་ཀྱིས་བསྡུས།།ལྷ་བྱ་ཁྲུང་ཁྲུང་ལྷོ་ལ་ཞོད།།
སྐྱ་གའི་ཀུ་ཅོ་རྣ་བར་གཟན།།
དལ་འབབ་མཛོད་ནི་ཉིན་བཞིན་བྲི།།
འདབ་ལྡན་ཆུ་སྐྱེས་རིམ་བཞིན་ཡལ།།
གྲང་རླུང་སེར་བུ་འུར་གྱིས་ལྡང་།།
ཁ་བའི་འདབས་མ་དལ་གྱིས་ལྷུང་།།
སྐྱེ་དགུའི་བདག་མོ་ནོར་འཛིན་མས།།
མཛེས་པའི་རྒྱན་རྣམས་ཡོངས་དོར་ཏེ།།
དྲང་སྲོང་རི་ཥྀའི་ཁྲུས་ལ་རོལ།།
སེང་རས་དཀར་པོའི་ལྭ་བ་གསོལ།།
སྡོང་ལོ་སེར་པོ་རླུང་གིས་དེད།།
ལྗང་མདོག་རྩྭ་ཐང་བ་མོས་བཅོམ།།
སྟོན་རླུང་བསིལ་བུའི་སྣ་དྲོང་སྟེ།།
དགུན་གྱི་རྒྱལ་མོ་བསུ་ལ་བྲེལ།།
༢༠༡༣/༩/༢༢