ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་སྒྲུང་ཡིག་ཀླག་པ།  | 2012/4/22 12:35:00

སྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་སྒྲུང་ཡིག་ཀླག་པ།

 

དེ་ཡང་སྒྲུང་ཡིག་འདི་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་པ་ནས་ཀློག་པོ་དག་གིས་ཀྱང་ཟིན་བྲིས་སུ་ངོ་སྤྲོ་དང་བསམ་འཆར་གསུངས་པ་སོགས་ཡོད་འདུག་ལ། ངེད་འདུས་སྡེའི་དགུན་གནང་གུང་བསྲིང་གི་རྗེས་སུ་གྲོགས་པོ་ཞིག་གིས་སྒྲུང་དཔེ་དེ་བདག་ལ་ཀློག་པའི་གོ་སྐབས་སྤྲད་བྱུང་བས་ངས་གོ་ནས་མཇུག་བར་རག་ཙམ་བཀླག་པ་ཡིན། དེ་ཡང་གེ་སར་སྒྲུང་ནི་བོད་ཀྱི་རྩོམ་རིག་གི་བང་མཛོད་ནང་གཟི་འོད་འཕྲོ་གྲས་ཤིག་ཡིན་ལ། སྒྲུང་ཡིག་འདི་སྣ་ཁ་མང་ཞིང་། བམ་ཚན་ཆེ་བ། ཚིག་སྦྱོར་ལེགས་པ། དམངས་ཁྲོད་ནའང་དར་ཁྱབ་ཆེ་བ་བཅས་ཀྱི་ཁྱད་བོན་མངའ་ཞིང་། གེ་སར་རྒྱལ་པོའི་དཔའ་རྩལ་སྙིང་སྟོབས་ལ་བོད་མི་ཚོས་ཡི་རང་བྱེད་པ་དང་། ཁེངས་པ་འབར་བ་སོགས་ཀྱིས་ཤན་ཞུགས་ཆེ་ཙམ་ཡོད་སྲིད། སྤྱིར་གེ་སར་རྒྱལ་པོ་ཞེས་པ་ནི་ཁྲོམ་གེ་སར་རམ། ཁྲོམ་ཀི་སི་ཐན་ཞེས་བོད་ཀྱི་བྱང་ནུབ་ཕྱོགས་སུ་ཡང་ཡོད་པར་བཤད་ཅིང་། བོན་གྱི་དཔེ་རྒྱུན་ལས་ནི། གེ་སར་དམག་གི་གཡང་ཞེས་པ་དང་། དུད་ཁྱབ་པའི་བཀའ་བློན་བཞི་འདུལ་བའི་ཆེད་དུ་སྲིད་པའི་བུ་བཞི་ཞེས་སྟོན་པ་གཤེན་རབ་ཀྱི་སློབ་མར་གྱུར་པའི་གཤེན་བཞི་མ་འོངས་སྔོན་བྱུང་ཚུལ་དུ། བཀའ་བློན་དེ་བཞི་འདུལ་བའི་ཕྱིར་དུ་འཁྲུངས་གནས་བཅས་གསུངས་ཡོད་པ་ནི་མདོ་དྲི་མེད་ལས།  གཤེན་རབ་ཁ་སྟེ་མུ་ཡ་ཁྱོད། དེ་དུས་དེ་དང་དུས་མཉམ་དུ། བྱང་ཕྱོགས་གེ་སར་ཕྲོམ་ཡུལ་དུ། གེ་སར་རྒྱལ་པོའི་རྒྱལ་སར་འཁྲུངས། འགྲན་སྡེ་ཡ་བོས་བསྒྱུར་བ་ཡི། རང་ཆེ་དྲེགས་པའི་དམུ་རྫོང་དང་། འཇིག་རྟེན་སྣང་བ་གཡེང་བ་ལས། ཡང་དག་དོན་ལ་འཇུག་སྤྱོད་ཕྱིར། བདེར་གཤེགས་བསྟན་པའི་སྐུ་གདུང་སྤེལ། ཞེས་སོགས་གསུངས་ཡོད། དེ་བཞི་ལས་དངོས་སུ་ངོས་འཛིན་བྱུང་བ་ནི་དམ་པ་ཏོག་དཀར་རམ་ཤཀྱ་ཐུབ་པ་དེ་ཉིད་ལས་གཞན་ངོས་འཛིན་གསལ་པོར་བྱུང་མེད་དོ་སྙམ་ཞིང་། སྤྱིར་སྒྲུང་གཏམ་ལ་མཚོན་ན། རྩོམ་པ་པོ་དག་གིས་བསྟན་བྱའི་གནད་དོན་དག་ཁྱབ་བསྒྲག་བྱེད་པའི་ཐབས་གལ་ཆེན་ཞིག་ཡིན་པ་ནི། དྲང་དོན་གཏམ་རྒྱུད་སོགས་ཀྱིས་མཚོན་པའི་གནའ་བོའི་སྒྲུང་གཏམ་མང་དག་ཅིག་ཡོད་པ་ཡིན་ཞིང་། སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་ནི་དེ་ལྟ་བུ་ཞིག་ཡིན་པ་ནི་བཤད་མི་དགོས་སོ། །སྙིང་ནད་རྙིང་པ་ཡོད་ཀྱང་རུང་ལ། གསར་པ་ཡོད་ཀྱང་ཆོག་སྟེ་འདི་ལྟ་བུ་འབྲི་མི་སྲིད་པ་ཅི་ལ་ཡིན། ཁོ་བོ་ཡང་བོད་མི་བྱིངས་དང་འདྲ་བར། ཆུང་དུས་སུ་སྒྲུང་ཡིག་ལ་ཧ་ཅང་དགའ་ཚོར་ཆེ་ཞིང་། ཧོར་གླིང་གཡུལ་འབྱེད་དང་། འཇང་གླིང་། གྲུ་གུ་གོ་རྫོང་། གངས་རི་ཤེལ་རྫོང་། སྟག་གཟིག་ནོར་རྫོང་། བདུད་གླིང་གཡུལ་འབྱེད། མོན་གླིང་། སྨུག་གུ་དྲེལ་རྫོང་། སྟག་གཟིག་ནོར་འགྱེད་བཅས་ཀློག་ཉན་ཅི་རིགས་སུ་བྱེད་མྱོང་ཞིང་། དེ་དག་གིས་བློས་བསླང་ལ་ཁོ་བོས་ཀྱང་རང་ལོ་བཅུ་དྲུག་བཅུ་བདུན་གྱི་སྐབས་སུ་གེ་སར་རྒྱལ་པོ་ཆམ་ལ་ཕབ་པའི་སྒྲུང་ཡིག རྨ་གླིང་གཡུལ་འབྱེད་ཅེས་པ་མགོ་ནས་ལེའུ་གཉིས་གསུམ་ཙམ་བྲིས་ཤིང་། དེའི་ནང་དུ་འཇང་གཡུ་ལྷས་ངོ་ལོག་བྱས་པ་དང་། ཧོར་གུར་ནག་གི་རྒྱལ་ཁབ་བཙུགས་ནས་གླིང་ལ་དགྲར་ཆས་པ། དམག་དཔོན་བཙན་ལྷ་རྡོ་རྗེ་དང་། གྲུ་གུ་གོ་རྫོང་ནང་གི་མཚོ་སྔོན་སྦྲུལ་ནག་མེ་འབར་སོགས་གླིང་སྒྲུང་ནང་ནས་དངོས་སུ་མིས་གསད་པར་མ་བཤད་པ་རྣམས་ལྷན་འཛོམས་བྱས་ཤིང་། གླིང་ལ་དགྲ་བཟོས་པ་བཅས་ཀྱིས་གྲུབ་པ་ཞིག་ཡིན། འོན་ཏེ་སྒྲུང་གཏམ་དེ་རྗེས་སུ་ཁོ་བོས་མེར་བསྲེག་གཏང་བ་ཡིན། སྐབས་དེ་དུས་ངས་བོད་ཡིག་དོད་ཙམ་ཞིག་འབྲི་མི་ཤེས་ལ། སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་ཅུང་ཟད་ཙམ་ཡང་མེད། དེའི་སྐབས་ཀྱི་ངོ་ཤེས་པ་ཚོས་ཀྱང་ད་ལྟ་ཡང་སྔོན་ཁྱོད་ཀྱིས་སྒྲུང་གཏམ་དེ་འདྲ་ཞིག་བྲིས་པ་རེད་ཅེས་ཤོད་བཞིན་འདུག སྒྲུང་གཏམ་དེ་ཉིད་བསྲེག་པའི་རྗེས་སྟག་གཟིག་ནོར་འགྱེད་ཙམ་ལས་གེ་སར་སྒྲུང་དཔེ་ཆེར་བཀླག་མྱོང་མེད་ལ། སྟག་གཟིག་འོལ་མོ་ལུང་རིང་འདི་ནི་ཕར་ཆེར་རང་ལོ་ཉེར་གསུམ་མན་ནས་བཀླག་པའི་སྒྲུང་དཔེ་ཐོག་མ་དེ་ཡིན་གཟོ་འདུག་སྙམ། དེ་ཡང་གེ་སར་སྒྲུང་ཡིག་ལ། ཆེས་སྙིང་པའི་གླུ་ཚིག་གི་རང་གཤིས་ཆེ་ཚམ་ཡོད་དེ། གངས་ལ་སེང་གེ་དང་། སེང་ལ་གཡུ་རལ། རྫ་ལ་འབྲོང་ཆུང་དང་། འབྲོང་ལ་རྭ་ཐོད་རྒྱན་གསུམ། ན་མར་རུ་སྐྱང་ཆུང་དང་། སྐྱང་ལ་རྔ་རྔོག་རྒྱན་གསུམ། ཆབ་ལ་གསེར་ཉ་དང་། ཉ་ལ་གསེར་གཤོག་ལྟ་བུའི་འདྲ་གླུ་ཚིག་གསུམ་མ་མང་བ་དང་། གཏམ་དཔེ་ལེན་དཔེ་འཇོག་མང་བ་འདི་ཀ་ཡིན་ལ། གླུ་ཚིག་འགྲིག་ཅིང་བརྗིད་ཉམས་དང་ལྡན་པ། དམངས་ཁྲོད་ནས་ཀྱང་གོ་སླ་ཞིང་། ཕལ་སྐད་ཀྱིས་མ་སླད་པ་སོགས་ཡིན། སྤྱིར་གེ་སར་སྒྲུང་ཡིག་ནང་དུ་བོན་དགྲ་བན་གཤེད་ལྟ་བུ་ཅང་ཟད་ཡོད་ཅིང་། གཡུང་དྲུང་བོན་ཞེས་པ་འདི་ཤིན་ཏུ་མཐོང་དཀོན་མོད་། ད་ཆའི་སྒྲུང་ཡིག་འདིར་གཡུང་དྲུང་བོན་ཞེས་པའི་ཚིག་འདི་ཉིད་རྩོམ་པ་པོས་ཆེ་ཙམ་བཀོལ་ཡོད་ལ། མ་གཞི་བོད་ཀྱི་ཡིག་སྙིང་རྣམས་སུ་གཡུང་དྲུང་ཞེས་པའི་ཚིག་ཅུང་ཟད་ཡོད་མོད། ཕྱིས་སུ་གཡུང་དྲུང་ཞེས་པའི་ཚིག་ཆེས་ཉུང་བར་གྱུར་ཡོད། འོན་ཀྱང་བོན་གྱི་ཐ་སྙད་ཐུན་མིན་དེ་དག་བོད་ཀྱི་ཚིག་མཛོད་སྐད་དུ་གྲགས་པ་ཆེའི་ནང་དུ་མཐོང་བར་དཀོན་ཞིང་། བོད་ཡིག་ཤེས་མཁན་མང་ཆེ་བས་ཀྱང་བོན་གྱི་བླ་མ་རིག་འཛིན་གྱི་མཚན་ཀློག་སྐབས་སུ་ཚིག་བཅད་ཡང་དག་པ་ཞིག་ཀྱང་ཤེས་ཀྱི་མེད་པ་ནི། བོད་ལྫོངས་བོད་སྐད་གློག་འཕྲིན་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་གློག་འཕྲིན་ལས་ཁུངས་ཀྱི་བོད་སྐད་གློག་འཕྲིན་ལས་ཁུངས་ཀྱིས་སྙན་སྒྲོན་བྱས་པ་དེ་དག་ཉན་པས་ཤེས་ཤིང་། བོད་ཀྱི་དེབ་ཐེར་རྣམས་སུ་ཐ་སྙད་སྒྲོས་གཙང་ཞིག་ཀྱང་འབྲི་ཐུབ་མེད་། དེས་སྒྲུང་ཡིག་འདི་ལའང་དེས་ཤན་ཞུགས་ཐེབ་ཡོད་པ་ནི། དཔལ་སྲས་མཁའ་འགྱིང་ཞེས་པ་མང་དུ་ཡོད་ཀྱང་། བོན་གྱི་ལུགས་ལྟར་ན་དབལ་གསས་ཞེས་འབྲི་བ་ཡིན། གསས་ཞེས་པ་འདི་ཤེས་མཁན་གྱི་རྩོམ་སྒྲིག་པ་ཡང་ཉུང་བ་ཡིན། སྒྲུང་ཡིག་འདི་ནི་གེ་སར་སྒྲུང་ཡིག་ལས་བན་བོན་གྱི་འགལ་ཟླ་ཚབ་ཆེ་ཤོས་དེ་ཡིན་ལ། འདིས་ནི་བོད་མི་ཕར་ལ་ཡོད་པའི་བན་བོན་ཁྱོད་ཤི་ང་གསོན་གྱི་གནའ་སྲོལ་དེ་རྒྱུད་འཛིན་བྱས་ཤིང་། གླུ་ཚིག་རྣམས་ཀྱང་སྒྲུང་དཔེ་གཞན་དང་འདྲ་བར་སྙན་འཇེམས་ཀྱི་ངར་རོ་དང་། བབས་ཆགས་ཤིང་ཚིག་སྙོམས་པོ་མ་བྱུང་ལ། ཆེས་མཚར་བ་ནི་ཁམས་སྐད་ཅུང་ཟད་བྱུང་བ་དེ་ནི། ཕར་ཆེར་ནག་ཆུ་དང་སྟེང་ཆེན་ས་ཆའི་སྐད་དང་འདྲ་ཞིང་བོད་ཀྱི་ཡིག་བྲིས་ནང་དུ་དེ་དག་སྤྱི་ཡི་ཆ་ནས་མཐོང་དཀོན་པའི་ཚད་དུ་ཡོད། སྒྲུང་ཡིག་འདིའི་ནང་གི་བོན་གྱི་ལྷ་འདྲེ་འདུལ་བའི་སྐབས་སུ་བོན་ལ་ལྷ་མེད་ཟེར་བའམ། ལྷ་ལ་མཐུ་མེད་ཅེས་པ་དོན་དུ་མང་ཙམ་ཞིག་ཡོད། ཁོ་བོས་མྱོང་ཚོར་ལ་སྒྲུང་ཡིག་འདིའི་ནང་གླུ་ལེན་ཤག་འབྱེད་ཀྱི་སྐབས་སུ་ཆོས་ལུགས་པའི་ཆོ་ག་གཞུང་གི་སྐུ་བསྟོད་ཅིག་དང་འདྲ་བར་ལྷ་འབོད་ཀྱི་ནང་དུ། ལྷ་དེའི་སྐུ་མདོག་ཕྱག་མཚན་གྱི་ཟེར་སྒྲོས་ཀྱིས་ཁེངས་ཡོད། ཡིན་ནའང་གཡུང་དྲུང་བོན་ལུགས་ཀྱི་ལྷ་འོ་སྙམ་བྱེད་པའི་བཤད་སྒྲོས་བྱུང་མེད། དེ་ནི་རྩོམ་པས་བོན་གྱི་དཔེ་ཆ་བལྟ་བའི་འདུ་ཤེས་ཡལ་བས་ཡིན་ནམ་སྙམ་ཞིང་། གཞན་ཆོས་ལུགས་ཀྱི་འགལ་བ་ཆེ་ཙམ་འབུར་དུ་ཐོན་ཡོད་ཅིང་། བོན་གྱི་མཆོད་ཡུལ་གཙོ་བོར་བླ་མ་གཤེན་བླ་འོད་དཀར་དང་། དབང་ཕྱུག་བཅས་བྲིས་ཡོད་ཅིང་། གཤེན་ལྷ་འོད་དཀར་ཞེས་པ་རེ་གཉིས་ཙམ་ཡོད། སྤྱིར་གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། གཙང་མའི་བོན་དང་ཆོས་ལ་ཁྱད་པར་ཅི་ཞེས་པ་དེ་འདིར་ཤར་འོང་། འོན་ཏེ་བོན་པོ་ཚོས་གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་ཡིན་པ་ཁས་ལེན་མི་སྲིད་སྙམ་ཞིང་། སྤྱན་རས་གཟིགས་ནི་དབང་ཕྱུག་ཞི་བའི་སྐུ་ཡིན་ཟེར་མཁན་འདུག མ་གཞི་འདིའི་སྐོར་རྒྱ་གར་དུ་གནས་མཇལ་དུ་ཕེབ་མྱོང་མཁན་ཚོར་གསལ་ཁ་ཆེ་ཙམ་ཡོད། འདིའི་ནང་དུ་སྲིད་པའི་རྒྱལ་མོ་དམ་ལ་བཏགས་པའི་སྐོར་ཞིག་ཡོད་ཅིང་། སྲིད་པའི་རྒྱལ་མོ་ནི་བོན་གྱི་བསྟན་སྲུང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་། བོད་སིལ་བུའི་སྐབས་སུ་བོན་གྱི་གནས་གཞི་དུ་མ་ཞིག་གཏོར་བཤིག་བྱས་པ་ན། བོན་གྱི་སྲིད་རྒྱལ་གྱིས་དེ་དག་ལ་བཀའ་ཆད་དྲག་པོ་ཕེབ་པའི་གནས་ཚུལ་ནི། ད་ལྟའི་སྟོད་ལུང་ས་ཆ་དང་། རྒྱ་མོ་ཚ་བ་རོང་གི་དྲེལ་དམར་ལྷ་ཁང་སོགས་ཀྱིས་མཚོན། སྒྲུང་འདིའི་མཇུག་ཏུ་ཆོས་སྒྲུང་ཞེས་བཀོད་ཡོད་ཅིང་། དེས་ནི་བན་བོན་ཆོས་ལུགས་ནང་འཐབ་ཀྱི་རྨང་གཞི་གཞིར་བྱས་ཤིང་། སྲིད་རྒྱལ་བཏུལ་བ་སོགས་ཀྱིས་བོན་པོ་ཞིག་གིས་མཐོང་ཚེ་སེམས་སུ་སྔར་མེད་ཀྱི་ཚོར་བ་གསར་པ་ཞིག་སྦྱིན་ངེས་རེད། སྒྲུང་ཡིག་འདིའི་མདུན་ཤོག་ནང་དུ། སྒྲུང་འདི་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྲུང་དཔེ་ལག་བྲིས་མ་ཞིག་ཡིན་པ་དང་། སྐལ་བཟང་ཉི་མ་དང་འཇམས་དབྱངས་འོད་ཟེར་གཉིས་ཀྱིས་འཚོལ་བསྡུ་དང་ཉར་ཚགས་བྱས་པ་ཞིག་ཡིན་ཞེས་བཀོད་ཅིང་། མཚོ་སྔོན་མི་དམས་དཔེ་སྐྲུན་ཁང་གི་ཁ་པར་ཨང་གྲངས་འདི་ལྟར། ༠༩༧༡༦༡༣༨༩༣༣སོགས་ཡོད་འདུག སྤྱིར་འདི་ཉིད་སྒྲུང་དཔེ་རྙིང་པ་ཞིག་དུ་མི་འདུག་སྙམ་ཞིང་། ལག་བྲིས་མ་རྙིང་པ་ཞིག་ཡོད་ཟེར་བ་དེ་ཅིག་མཐོང་ན་ཨང་། འོན་ཏེ་དེ་དག་རྩད་གཅོད་ཞིབ་འཇུག་བྱ་བར་དགོས་པ་ཆེན་པོ་ཅི་ཡོད་དེ་མེད་དོ། །ངས་དཔེ་བསྐྲུན་གྱི་ཐོག་ཏུ་བསམ་འཆར་འགའ་ཞིག་བརྗོད་པར་འདོད། སྤྱིར་བོད་ཡུལ་ན་བོན་ལུགས་བྱེད་པའི་མི་གྲངས་ཉུང་བས། དེ་བཞིན་བོན་ལ་དད་པའི་ཤེས་ལྡན་པ་ཡང་ཉིང་བ་ཡིན། གྲུབ་མཐའི་ཕྱོགས་སུ་མ་ལྷུང་སྐྱེས་བུ་དཀོན་ཞེས་པ་ལྟར། དཔེ་སྐྲུན་ཁང་གི་ལས་བྱེད་བོད་མི་རིགས་ཀྱི་ནང་དུ་བོན་པོའི་དཔེ་རྒྱུན་ལ་དོ་སྣང་བྱེད་མཁན་ཉུང་ཞིང་། དེ་དག་བཀག་སྡོམ་བྱེད་མཁན་མང་ལ། དཔེ་སྐྲུན་བྱེད་དགོས་ཀྱང་དཔེ་ཁང་དེ་ཅིག་པུ་ནས་ཞུས་དག་ཡང་དག་པ་ཞིག་འབྱུང་བ་དཀོན་པ་ནི་གོང་ཞུས་ལྟར་ལགས་ཤིང་། མཚོ་སྔོན་ལ་མཚོན་ན། རྨ་ལྷོ། མཚོ་ལྷོ་སོགས་སུ་བོན་དགོན་མང་ཞིང་། བོན་གྱི་ཆོས་དད་མང་ཚོགས་རྒྱ་ཆེར་གནས་ནའང་། དེ་དག་གི་དགོས་འཁོ་ཆེད་དུ་མཚོ་སྔོན་མི་དམངས་དཔེ་སྐྲུན་ནས་དཔར་བའི་བོན་གཞུང་ཚད་ལྡན་མཐོང་དཀའ་ཞིང་། གང་སར་ཁྱབ་ཙམ་ནི་སྙན་འགྲེལ་གཙང་གཤེན་དགོངས་རྒྱན་ཙམ་ཡིན་ནོ་སྙམ། དེ་བཞིན་བོད་ལྗོངས་ནས་ཀྱང་ཡ་ང་བའི་གནས་ཚུང་འབྱུང་གུ་ཡོད་པ་ནི་ཤེས་གསལ་ལྟར་རེད། གལ་ཏེ་བན་ཆོས་ལ་བཤད་པའི་གནད་དོན་མང་བ་འདི་འདྲ་ཞིག་ཡོད་པའི་དཔེ་ཆ་ཞིག་ང་ཚོས་འགྲེས་སྤེལ་བྱེད་དགོས་ཚེ་ཁོ་ཚོས་ཆོས་ལུགས་མཐུན་འབྲེལ་དང་། མི་རིགས་ནང་འགལ་སོགས་ལ་ཁ་གཡར་ནས་འགྲེས་སྤེལ་བྱེད་མི་སྲིད། དེ་ལྟར་བསམ་ན་འཇིག་རྟེན་འདྲ་མཉམ་ཟེར་བ་ནི་ཁ་ཤའི་སྐྱི་མོ་གར་འཐེན་ཞེས་པ་ཙམ་དུ་ངེས་སོ་ཞུའོ།།

[b][i][u]Re:སྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་སྒྲུང | 2012/4/22 18:31:32
སྐུ་མགྲོན་uap0TG(སྐུ་མགྲོན)བརྩོན་འགྲུས་ཀྱི་འབྲས་རྟགས་མངོན་པའི་བཙུན་བཟང་ཁྱུང་སྨྱུག་མཛེས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུ།།
རྩོམ་པ་པོ།:སྐུ་མགྲོན་uap0TG(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་སྒྲུང་ཡིག་ཀླག་པ། | 2012/5/21 12:04:35
སྐུ་མགྲོན་13AMd5(སྐུ་མགྲོན)རྒན་ལགས་ཁྱེད་ཀྱིས་ལེགས་པོ་གསུང་འདུག་ངོ་མ་ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་13AMd5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.