རིགས་སྒྲ།།
ཨེ་མ་ལྷ་ཅིག་མཚོ་བྱུང་ཡིད་འཕྲོག་སྐུ།།
ཝ་ལེར་འཛུམ་ཞལ་སྟོན་ཟླ་གསར་པའི་གར།།
ངག་རིག་ཤེས་བྱའི་མེ་ཏོག་དཔལ་འཆང་ཐུགས།
ཇི་སྙེད་མཁྱེན་བརྩེའི་འོད་སྣང་དེང་འདིར་སྩོལ།།
མིང་གཞིར་ཀ་ཁ་ཚང་པའི་ཚིག་བཅད།
དྷི་དབྱངས་གྲེ་བར་འཁྱིལ་བའི་མགྲིན་གསང་དུ།།
ཐལ་སྐད་ལྷོད་ཀྱིས་མཆེད་པའི་ཆུ་མཐོངས་ངོགས།།
སྒྲ་བརྒྱ་གར་གྱིས་འཕྱོ་བའི་སྟངས་སྟབས་ཀྱིས།།
བསམ་པའི་དག་ཞིང་དགོད་སྒྲའི་དཔལ་གྱིས་ཕྱུག།
རིག་པའི་དར་ཐག་བསྒྲིལ་བའི་སྐུད་སྣེ་རུ།།
གཞུང་དོན་བསྟར་ལ་རྒྱུད་པའི་དོག་པ་འབུམ།།
སེམས་ཀྱི་མགུ་བར་སྤྲས་པའི་འཇོ་སྒེག་ལ།།
བློ་གཏེར་གཞོན་ནུའི་རྣམ་དཔྱོད་འཕོས་སམ་ཅི།།
སྒྲ་ཚད་ཤེས་རིག་རྒྱ་མཚོའི་འཇུགས་ངོགས་སུ།།
ཐོས་བརྩོན་བུང་བ་རྩེན་པའི་འཕུར་ལྡིང་གིས།།
ཡོན་ཏན་སྦྲང་རྩི་གསར་པའི་ལང་ཚོ་བཅས།།
འཛིན་མའི་ཁྱོན་འདི་རྩ་གསུམ་དཔལ་ལ་འཐབ།།
རྟགས་གསལ་འུར་གྱིས་མཆེད་པའི་ཚོགས་གྲལ་ན།།
རྒོལ་ངན་ལྐོག་མལ་འབྱིན་པའི་རྔམ་ཟིལ་གྱིས།།
རྒྱལ་བསྟན་བདག་གིར་བྱེད་པ་ང་ཡིན་ཞེས།།
དགག་སྒྲུབ་ཚུལ་གྱིས་མཁས་པའི་སྙན་པ་འབར།།
ལུང་དང་རིག་པའི་མདུད་རྒྱ་དགྲོལ་བ་ལ།།
མཁས་བརྒྱའི་མཁྱེན་རབ་གཅིག་དུ་སྤུངས་པ་བཞིན།།
འཛིན་མའི་ཁྱོན་དུ་མཁྱེན་གཏེར་ང་འོ་ཞེས།།
དྲེགས་པའི་ང་རོ་སྒྲོགས་ཀྱང་འོས་སམ་ཅི།།
ལོག་རྟོག་འཐས་པའི་བྲག་རི་གཞོམ་པ་ལ།།
དགག་སྒྲུབ་མེ་ཆར་འབབ་པའི་མཐུ་མངའ་བ།།
རྩོད་པའི་རྒྱ་མཚོར་འཇུག་པ་དེ་ཉིད་ཅེས།།
དམ་པའི་ལུང་གིས་བསྔགས་འདི་ཅིས་མི་བདེན།།
རྨོངས་བློ་གནོ་ལྕགས་བཞུ་བ་འཕྲུལ་གྱི་མེ།།
འཆད་རྩོད་བཟོ་བོས་རྩལ་ལས་ཐོན་པ་ཡིས།།
གཞུང་ལུག་ཕུབ་མོ་འབེག་པའི་དབལ་སོ་ལ།།
རབ་འབྱམས་གཤེས་གཉེན་སྐལ་བ་བཟང་ཞེས་གྲགས།།
༢༠༡༠ /༩/༡/
- ཟིན་ཐོ་གོང་མ།ཐལ་ལྕག་འོག་གི་འཚོ་བ།།
- ཟིན་ཐོ་འོག་མ།དམ་ཆོས་དགོངས་གཅིག་གི་དགོངས་རྒྱན་ལ་ཕུལ་བའི་ལན ་དང་པོ།།
ཧ་ཧ། དྲྭ་འབུ་སྡུག་ཐུག རང་རྩོམ་སྣ་གཅིག་འབྲི་མི་ཤེས་པར་གཞན་རྩོམ་ལ་ཕྲག་དོག ལར་རང་ཉིད་ལ་ཡིད་ཆེས་མེད་ན་ལེགས་རྩོམ་གྱི་གཞི་གང་ནས་རྐང་འཛུགས།། ཁྱོད་འདྲའི་མིང་དུ་དྲྭ་འབུ་ཟེར་གྱི་ཡོད་པའང་མི་ཤེས་ལེ།