ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ།  | 2012/5/5 13:34:00

 

དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ།

བོན་ཉིད་སྤྲོས་བྲལ་ངང་ལས་མི་གཡོ་ཡང་།

བོན་ཅན་སྒྱུ་མའི་གལ་ལ་མངོན་རོལ་བའི།

ཡེ་གཤེན་དབུ་མའི་དགོངས་པ་གྲོལ་མཛད་མཁན།

སྟོན་མཆོག་བརྒྱ་བའི་མགོན་པོར་ལན་བརྒྱར་བསྔགས།

 

རྩོམ་གྱི་ཟེ་འབྲུ་བདག་ལ་མ་རྒྱས་ཀྱང་།

ཁྱུང་བཙུན་མྱུག་མཛེས་ཞེས་པའི་མཁས་དབང་དེས།

དོན་འབུམ་གཞུང་འདི་སྔགས་གཞུང་ཡིན་གསུངས་པས།

རྩོམ་དེ་མཐོང་ནས་ལན་འདི་འབྲི་འགོ་བརྩམས།

 

 

ཁྱེད་སྐུ་ངལ་ལ་མ་འཛེམས་པར་འབུམ་ལྔའི་ལུང་རྣམས་གློག་ཀླད་དུ་བཅུག་པ་དང་མཉམ་དུ་ཡིད་དབང་འགུག་པའི་ཚིག་ཚོགས་མང་པོ་ཞིག་གི་སྒོ་ནས་བཀའ་སློབ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག དེ་དག་གི་དོན་ལ་བསམ་གཞིག་བྱས་ན།  དོན་འབུམ་གྱི་གཞུང་དེ་སྔགས་ཡེ་གཤེན་པའི་གཞུང་ཡིན་པ་དང་། དབུ་མའི་གཞུང་མིན་པ། ལར་ནས་དབུ་མ་ཞེས་པའི་ཐ་སྙད་ཀྱི་བྱུང་ཁུངས་ཀྱང་རང་ལུགས་ཀྱི་མིན་པ་ལྟ་བུ་ཞིག་བཤད་པ་རྣམས། གུས་པའི་བསམ་ཚུལ་དང་ཕྱོགས་ཡོངས་ནས་མི་མཐུན་པ་བྱུང་བས་ལན་ཞིག་འབུལ་རྒྱུའི་སྤྲོ་བ་རབ་ཏུ་བརྟས། འོན་ཀྱང་གུས་པ་ཕྲན་གྱིས་བྲིས་པའི་སྨྱོ་གཏམ་འདིའི་ནང་དུ་ཁྱེད་ཀྱི་གསུང་རྩོམ་ནང་བཞིན་ཡིད་དབང་འགུག་པའི་ཚིག་མཛེས་པོ་དེ་འདྲ་མེད་ན་ཡང་ཕྲན་གྱི་བསམ་ཚུལ་གང་ཡིན་ཁྱེད་ལ་གོ་བརྡ་ཙམ་འཕྲོད་པའི་རེ་བ་ཡོད། དེ་ཡང་ཁྱེད་ཀྱིས་གསུངས་པ་བཞིན་རང་ཁེ་གཞན་ཕམ་གྱི་བསམ་བློ་མ་དག་པ་རྣམས་སྤངས་ཏེ་རང་གཞན་གཉིས་ཕན་གྱི་ཀུན་སློང་རྣམ་དག་ཅིག་གིས་གཞི་བཟུང་ནས་གཞུང་ཆེན་པོའི་དགོངས་པ་ཅི་ཡིན་སྐོར་ལ་ཕན་ཚུན་བགྲོ་གླེང་བྱ་རྒྱུ་དང་།  གང་ལ་རྨོངས་པ་རྣམས་ལ་གསལ་ཁ་འདོན་ཐུབ་པར་བྱེད་རྒྱུ་ལ་གུས་པ་ཕྲན་རྒྱུན་དུ་ནས་མོས་འདུན་ཆེན་པོ་ཡོད་མཁན་ཞིག་ཡིན། དེས་ན་དང་པོ་སྔོན་ལ་ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དེ་དབུ་མའི་གཞུང་ཡིན་པ་ལུང་གིས་སྒྲུབ་པ་དང་། གཉིས་པ་རང་གི་བསམ་ཚུལ་གསལ་བཤད་དང་། གསུམ་པ་དྲ་གྲོགས་ལགས་ལ་དྲི་བ་འགའ་ཞིག་འབུལ་བ་བཅས་ས་བཅད་གསུམ་གྱི་སྒོ་ནས་བཤད་འདོད་བྱུང་།  གལ་ཏེ་ཁྱེད་ལ་གནོད་པའི་ཚིག་ངན་དེ་འདྲ་ཡོད་ཚེ་དགོངས་འགལ་མེད་པར་ཞུ། དོན་འབུམ་ལས་དེ་ནས་སྟོན་པ་གཤེན་རབ་ཀྱིས་ཡེ་གཤེན་ཆེན་པོ་སེང་གེའི་ཤུགས་ཅན་ལ་བཀའ་བསྩལ་པ། ཞེས་པ་ནས། ཡེ་ནས་གནས་པའི་སེམས་ཉིད་དོ། ཞེས་པའི་བར ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་ཀྱི་བོན་འཁོར་ཚིག་བཞི་དང་བདེན་མེད་འཇོག་ཚུལ་དང་། ཡུལ་ལ་བརྟགས་ནས་བདེན་པར་མེད་ཚུལ་དང་ཡུལ་ཅན་ལ་བརྟགས་ནས་བདེན་མེད་འཇོག་ཚུལ་བསྟན། ཤེས་པས་རྣམ་པར་དཔྱད་བྱས་ནས་ཞེས་པ་ནས། དེ་ནི་ཐམས་ཅད་སེམས་སུ་བསྟན་པའོ་ཞེས་པས། ཐེག་ཆེན་དབུ་མ་པའི་ལུགས་ཀྱི་བདེན་མེད་འཇོག་སྟངས་མཐར་ཐུག་གསུངས་པ་དང་སྣང་བ་ཚང་མ་བློ་རྟགས་བསྡུས་གསུམ་གྱི་སྐབས་ཀྱི་སེམས་དང་ངོ་གཅིག་པ་བཤད་པ་ཡིན།  ཚིག་ཚོགས་མང་མིན་ལ་མ་ལྟོས་པར་རང་གཞན་སུའི་ལུགས་བཤད་ཀྱང་བདེན་མེད་འཇོག་ཚུལ་འདི་ལས་ལྷག་པ་ཞིག་མེད་སྙམ། དེ་ནས་སེམས་ཡེ་གཤེན་ལས་འགྲོ་ས་མེད་པར་བསྟན་པ་ནི་ཞེས་པ་ནས། དང་པོ་ཡེ་གཤེན་དུ་སྒྲུབ་པའོ་ཞེས་པའི་བརཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་ལ་སྣང་བ་ཚང་མ་གཤེན་གྱི་དགོངས་པ་ཟབ་མོ་ལས་མཐར་གཏུག་ས་མེད་པར་བཤད། ཡེ་གཤེན་ཆེན་པོ་དེ་ལྟ་བུའི་སྤྱོད་པ་ལ་གསུམ་སྟེ་ཞེས་པ་ནས། དེ་ན་སེམས་བསྐྱེད་ཅིང་གཡུང་དྲུང་སེམས་དཔའི་སྤྱོད་པ་ལ་འཇུག་པར་བྱའོ། ཞེས་པའི་བར་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་ཀྱི་ཐབས་དང་ཤེས་རབ་གཉིས་ཀྱི་ནང་ནས་གཙོ་བོ་ཐབས་ཀྱི་ཆ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གཡུང་དྲུང་སེམས་དཔའི་སྤྱོད་པ་བསྟན་པ་ཡིན། གཉིས་པ་ཚོགས་བསགས་པ་ནི་ཞེས་པ་ནས། དེ་ནི་སྤྱོད་པ་གཡུང་དྲུང་གི་ཀློང་ནས་མས་འཛེགས་བསྟན་པའོ་ཞེས་པའི་བརཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་དང་སྔགས་རྒྱུད་སྡེ་ཐུན་མོང་གི་ལུགས་ལ་ཚོགས་བསགས་ཚུལ་བསྟན་པ་ཡིན། ཁྱེད་ཀྱིས་མཛད་པའི་ཡེ་གཤེན་བཀོད་པ་དོན་འབུམ་གྱི་ངོ་སྤྲོད་སེམས་ཀྱི་ང་རོ་ལས། སྤྱན་འདྲེནདང་། བཀྲ་ཤིས་སྨོན་ལམ་སྔགས་རྒྱུད་སྡེ་ཐུན་མོང་གི་ལུགས་ལ་གསུང་པ་དེ།  སྔགས་མ་གཏོགས་མེད་པ་འདྲ་བར་བཤད་པར་སྣང་ཡང་། དེ་ནི་མ་ངེས་ཏེ་རང་རྒྱུད་ལ་ཚོགས་བསག་པའི་ཆེད་དང་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུ་ལ་སྤྱན་འདྲེན་པ་ནས་བཀྲ་ཤིས་བར་ཚང་མའི་ཉམས་སུ་ལེན་ཆོག་ལ་ལྷག་པར་དུ་མདོ་སྔགས་གཉིས་ཀྱི་ཁྱད་པར་དེ་ཙམ་ཡོད་མེད་སྒོ་ནས་འབྱེད་མི་ཐུབ་པ་མ་ཟད་སྔགས་ཡེ་གཤེན་པའི་གཞུང་ཡིན་པའི་རྒྱུ་མཚན་དེ་ཙམ་ཡོད་མེད་ཀྱི་གཏན་ནས་སྒྲུབ་མི་ཐུབ། གཙོ་བོ་སྔགས་གཞུང་ནས་བཤད་ཀྱང་ཉམས་སུ་ལེན་པ་མདོ་དང་སྔགས་རྫོགས་ཆེན་གསུམ་ཀའི་ཉམས་སུ་ལེན་ཆོག དེ་ནས་ལྟ་དབྱིངས་ནས་ཡས་ཕུབ་པར་བྱ་བ་ལ་དོན་གསུམ་སྟེ། ཞེས་པ་ནས། དེ་ནི་ལྟ་བའི་ངོ་བོ་བསྟན་པའོ ཞེས་པའི་བར་ལ་ཡེ་གཤེན་དབུ་མ་པའི་ལུགས་ཀྱི་ལྟ་བའི་ངོ་བསྟན་པ་ཡིན། འདིའི་སྐབས་སུ་ཁྱེད་ཀྱི་སྔགས་ཡེ་གཤེན་པའི་ལྟ་བ་བསྟན་འདུག་ཅེས་པ་དེར་གུས་པས་རྒྱུ་མཚན་མ་མཐོང་ཞིང་། རྩལ་མེད་ཡེ་སངས་རྒྱས་པ་ལ་ཞེས་གསུང་པ་རྒྱུ་མཚན་བྱས་ནས་སྔགས་ཡེ་གཤེན་པར་བཞག་དགོས་ན། དེ་འདྲའི་གོང་མའི་ཚིག་རྣམས་རང་ལུགས་བོན་པོའི་གཞུང་གང་སར་མཐོང་རྒྱུ་ཡོད་པ་ནི་སྨོས་མ་དགོས་པ་ཡིན། རྒྱུ་མཚན་ཡང་མེད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་དེ་ཡིན་དུས་དེར་ཁྲིད་པའི་ཆེད་དུ་ཕྱྭ་སྣང་འཕྲུལ་སྲིད་ཀྱི་གཞུང་རྣམས་ཀྱི་ནང་དུ་ཡང་གོང་མའི་ཚིག་དེ་འདྲ་མཐོང་རྒྱུ་ཡོད་པ་དང་རང་གི་གོ་ཤེས་ན་རྫོགས་ཆེན་དང་གོ་མ་ཤེས་ན་གཞན་ཞིག་འབྲེལ་རྒྱུ་ཡིན། དཔེར་ན། རང་རིག་ཡེ་ཤེས་རང་འབྱུང་ཡེ་ཤེས་སོགས་གོང་མའི་ནང་ནས་བླ་མེད་ཐེག་པའི་ཚིག་ཡིན་ཀྱང་མདོ་སྔགས་ཚང་མའི་ནང་མཐོང་རྒྱུ་ཡོད་པ་ཡིན། ཚིག་དེ་ཙམ་རྒྱུ་མཚན་བྱས་ནས་ཁམས་ཆེན་དང་མ་རྒྱུད་སངས་རྒྱས་གསུམ་རྣམས་རྫོགས་ཆེན་གྱི་གཞུང་ཡིན་ཟེར་ན་གྲུབ་མཐའ་འཇོག་སྟངས་མ་ཤེས་པ་མ་ཡིན་ནམ། ཡེ་ནས་གཤེན་རབ་དགོངས་པ་འདི། ཞེས་པ། ཡེ་གཤེན་རྣམས་ཀྱི་དགོངས་པ་མཐར་ཐུག་པའི་གནས་ལུགས་བདེན་པར་མེད་པ་དེ། རང་བཞིན་རྣམ་པར་དག་པ་སྟེ། ཞེས་པ། རང་བཞིན་གྱིས་རྣམ་པར་དག་པ་དང་སྟོང་པའི་རང་བཞིན་ལ་དྲི་མས་མ་གོས་པ་སྟེ། དྲི་མ་མཐའ་དག་དང་བྲལ་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱིས་སྟོང་པའི་རང་བཞིན་ལ་དྲི་མ་མེད་པར་མངོན་སུམ་དུ་གཟིགས་པའི་ཕྱིར། ཐ་དད་སྒྲིབ་མེད་མངོན་སུམ་གསལ། ཞེས་པ། དེ་ཡང་རྟོགས་ཚུལ་ལ་ཡུལ་དང་ཡུལ་ཅན་ཐ་དད་མེད་པར་ཤེས་བྱ་ཤེས་བྱེད་ཐ་མེད་པའི་ཚུལ་གྱིས་མངོན་སུམ་དུ་གསལ། བོན་སྐུ་རྣམ་དག་མཐའ་ཡས་པ།  ཞེས་པ། སྤངས་པ་ཆེན་པོ་འམ་འདུས་མ་བྱས་པའི་བོན་སྐུ་ལ་སྐྱོན་གྱི་ཆ་རྡུལ་ཙམ་གྱིས་མ་གོས་པ་རྒྱ་ཆེ་གཏིང་ཟབ་ཡིན་པའི་རྒྱུ་མཚན་གྱིས། ཤེས་བྱའི་མཐའ་ལ་མི་གནས་ཏེ། ཞེས་པ། གཉིས་འཛིན་ཅན་གྱི་བློ་ངོར་མི་གནས་པ་ཏེ། ཐམས་ཅད་ཀྱིས་སྟོང་སྐྱེ་འགག་མེད། ཅེས་པ། དགག་བྱའི་མཚན་མ་ཐམས་ཅད་ཀྱིས་སྟོང་ཞིང་ངོ་བོ་སྐྱེ་འགག་མེད་པ་ལ། སྣང་སྟོང་སྤྲོ་བསྡུ་རྟག་ཆད་བྲལ། ཞེས་པ། སྣང་བའི་མཐའ་དང་སྟོང་པའི་མཐའ་གང་གིས་ཀྱང་མ་གོས་པར་མ་ཟད་སྤྲོས་ནས་མང་རྒྱུ་དང་བསྡུས་ནས་ཉུང་རྒྱུ་ཅི་ཡང་མེད་པར་རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བ་ཡིནདངོས་འཛིན་ཞེན་པ་ནམ་མཁར་སྟོར། ཞེས་པ། དེ་འདྲའི་སྟོང་ཉིད་དེའི་སྟོབས་ཀྱིས་སྤྲིན་པ་ནམ་མཁར་སྟོར་བ་བཞིན་དུ་སྟོང་ཉིད་ཀྱི་སྟོབས་ཀྱིས་དངོས་འཛིན་ནམ་བདེན་འཛིན་བཅོམ་པ་ལ་གསུངས་པ་ཡིན། དེ་ནས་ཁྱེད་ཀྱི་རྫིག་ཉམས་སྟོན་བྱེད་ཀྱི་ཚིག སྟེ། རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད། ཅེས་པའི་ཚིག་དེ་ཡིན་ཞིང་སྤྱིར་འདིའི་ཚིག་འདི་གོང་མའི་ཚིག་འདྲ་བར་སྣང་ཡང་། དེ་ཡེ་གཤེན་བཀོད་པ་དོན་འབུམ་གྱི་གནས་ལུགས་སྟོང་པ་དེར་རྩལ་མེད་ཡེ་སངས་རྒྱས་པ་ཞེས་པའི་ཐ་སྙད་འདོགས་རུང་སྟེ་གནས་ལུགས་སྟོང་པ་དེ་ལ་རྩལ་གྱི་ཆ་རྣམས་ཐམས་ཅད་རྣམ་པར་དབེན་ཞིང་། བདེན་པར་གྲུབ་པའི་སྟོང་པའི་ངང་ལས་ཀུན་རྫོབ་དང་རྩལ་གྱི་ཆ་ཏིལ་འབྲུ་ཙམ་ཡང་མེད་པའི་ཕྱིར།  གལ་ཏེ་ཡོད་ན་བདེན་གྲུབ་མ་གཏོགས་འགྲོ་ས་མེད་ལ། ཡེ་སངས་རྒྱས་པ་ཡིན་ཏེ་སྟོང་ཉིད་ཀྱི་གཤིས་ལ་སྐྱོན་གྱི་ཆ་རྡུལ་ཙམ་གྱིས་གོས་མ་མྱོང་བའི་ཕྱིར། གལ་ཏེ་སྟོང་པའི་གཤིས་ལ་སྐྱོན་གྱི་གོས་ན་སྐྱོན་རྣམས་སྤངས་པའི་སངས་རྒྱས་མེད་པར་འགྱུར་རོ།། སྔགས་ཡེ་གཤེན་པའི་ལུགས་ལ་རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད་པ་མ་ཡིན་ཏེ། གནས་ལུགས་སྟོང་པའི་ངང་ལས་ལྷ་ཡོད་སྐུ་དང་ཞིང་ཁམས་ཡོད་ལ་རང་ལུགས་ཀྱི་སྔགས་རྒྱུད་སྡེ་བཞི་ཀའི་ལུགས་ལ་སྟོང་པའི་ངང་ལས་ལྷ་དང་སྐུ་ཞིང་ཁམས་ཐམས་ཅད་ཡོད་པར་འདོད་དོ།། སྟོང་པའི་གཤིས་ལ་ཁ་མིག་སྣ་ལྕེ་ཅན་གྱི་ལྷ་ཞིག་གྲུབ་པར་རང་ལུགས་ཀྱི་ཐེག་པ་གང་གིས་མི་འདོད་ཀྱང་སྔགས་རྒྱུད་སྡེ་བཞི་ཀས་གནས་ལུགས་དེ་བཞིན་ཉིད་ཀྱི་ངང་ལས་ལྷ་དང་སྐུ་ཚང་མ་ཡོད་པར་འདོད་དོ།། ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་ལ་སྟོང་པའི་ངང་ལ་མེད་ཀྱང་ཀུན་རྫོབ་ཀྱི་ཆ་ནས་ལྷ་དང་སྐུ་སོགས་ཚང་མ་ཡོད་དོ།། དེ་ལྟར་གནས་པའི་ཡེ་གཤེན་པ། ཞེས་པ། དེ་ལྟར་གནས་པའི་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པ་དེ། ཁས་ལེན་དང་བྲལ་ངར་འཛིན་སྟོར། ཞེས་པ། གནས་ལུགས་སྟོང་པ་ཉིད་དང་དེ་རྟོགས་པའི་ཤེས་རབ་གཉིས་མངོན་དུ་གྱུར་བའི་དབང་གིས་འདི་ཡིན་དང་འདི་མིན་ཞེས་གཞན་ངོར་ཁས་བླངས་པ་ཙམ་ལས་རང་ངོར་ཁས་ལེན་དང་བྲལ་ལ་ངར་འཛིན་གྱི་ཉེས་པ་ཡང་མེད། གལ་ཏེ་ངའོ་དྲི་ལྡན་ན། ཞེས་པ། གལ་ཏེ་མ་རིག་པའི་དབང་གིས་ངའོ་སྙམ་པའི་ང་རྒྱལ་གྱི་དྲི་མས་གོས་ཡོད་ན། ཡོན་ཏན་རྒྱ་མཚོ་སྐམ་པར་འགྱུར། ཞེས་པ། ཡོན་ཏན་གྱི་ཆ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཐམས་ཅད་རྒྱ་མཚོ་སྐམ་པ་ནང་བཞིན་དུ་སྐམ་པ་འམ་མེད་པར་འགྱུར་རོ།། དེས་ན་དྲི་མ་ཀུན་བཅོམ་པའི། ཞེས་པ། དེས་ན་ཉེས་པའི་དྲི་མ་སྤངས་པའི་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པ་དེས། ཡང་དག་ལྟ་བའི་ལྟད་མོ་ཆེ། ཞེས་པ། ཡང་དག་པའི་ལྟ་བ་བདེན་མེད་གནས་ལུགས་དེ་མཐོང་བ་འཇིག་རྟེན་པ་རྣམས་སྒྱུ་མའི་ལྟད་མོ་ལ་ཡེངས་པ་དང་རྣམ་འབྱོར་བ་དེས་གནས་ལུགས་གཤིས་ཀྱི་ལྟད་མོ་མཐར་ཐུག་མཐོང་པ་ཡིན།  མ་མཐོང་ཡུལ་འདིའི་མཐོང་ཞིང་ ཞེས་པ། དེ་འདྲའི་བདེན་མེད་ཀྱི་ཡིན་ལུགས་ཇི་བཞིན་མཐོང་བའི་ཚེ་དཀར་དམར་གྱི་སྣང་བ་བཀྲ་ཅག་གེ་བ་རྣམས་བཀག་ནས་སྔར་མཐོང་མ་མྱོང་བའི་ཡུལ་ཞིག་མཐོང་བ་དང་། གཞོམ་ཞིག་འགལ་ཟླ་ཀུན་ལ་གྲོལ། ཞེས་པ། ཉེས་སྐྱོན་ཐམས་ཅད་བཅོམ་ཞིང་མི་མཐུན་ཕྱོགས་དང་ཉེས་སྐྱོན་ཀུན་ལས་རྣམ་པར་གྲོལ་བ་ཡིན། གཉིས་པ་རང་ཉིད་ཀྱི་བསམ་ཚུལ་གསལ་བཤད་ཞུས་ན། དེ་དག་གི་དོན་མདོར་དྲིལ་ན་ཐེག་པ་དེའི་གཞུང་ཡིན་མིན་གྱི་ཚད་དེ། གཞུང་དེའི་བབ་ལ་བརྟགས་ནས་བཞག་ཚུལ་གཅིག་དང་གཞུང་གི་བརྗོད་བྱ་གཙོ་བོའི་ཐོག་ནས་བཞག་ཚུལ་གཉིས་སྣང་ཞིང་། གཞུང་གི་བབ་ལ་བརྟགས་ཞེས་པ་ནི་གཞུང་དེའི་བསྟན་ཚུལ་ལ་བཤད་ཀྱི་ཡོད་ལ། དཔེར་ན་ཆོ་ག་བཅུ་གཉིས་དང་བསྟན་ཚུལ་གཅིག་པ་ཡིན་ན། བྱ་རྒྱུད་པའི་གཞུང་ཡིན་དགོས་པ་བཞིན་ནོ།། བརྗོད་བྱའི་གཙོ་བོ་ཞེས་པ་དེ་ནི་དཔེར་ན་ཁམས་ཆེན་ནང་བཞིན་བདེན་མེད་བརྗོད་བྱའི་གཙོ་བོ་བསྟན་ལ། ཁམས་ཆེན་དང་འདྲ་བའི་བརྗོད་བྱའི་གཙོ་བོ་བདེན་མེད་བསྟན་བྱེད་ཀྱི་གཞུང་ཡིན་ན་དབུ་མ་པའི་གཞུང་ཡིན་དགོས་པ་བཞིན་ནོ།། དེས་ན་དོན་འབུམ་གྱི་གཞུང་འདི་གཞུང་གི་བབ་དང་གཞུང་གི་བརྗོད་བྱ་གཙོ་བོ་གཉིས་ཀ་དབུ་མ་པར་གཏོགས་ཏེ། བསྟན་ཚུལ་གྱི་དབང་དུ་བྱས་ན་སྔགས་ཡེ་གཤེན་པ་ཕར་ཞོག་དངོས་བསྐྱེད་པ་ལ་ཡང་མི་ཉེ་སྟེ་མ་རྒྱུད་ཀྱི་བསྟན་ཚུལ་དང་ཁྲོ་བོ་རྒྱུད་དྲུག་སོགས་དང་ཚིག་དོན་གང་གི་ཆ་ནས་མི་འདྲ་བར་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ཕྱིར། བརྗོད་བྱའི་ཆ་ནས་སྔགས་ཡེ་གཤེན་པའི་གཞུང་དུ་མི་གཏོགས་ཏེ། ཚིག་རེ་འགའ་གོང་མ་དང་ཆ་མཐུན་བྱུང་བ་ཙམ་ལས་གཙོ་ཆེ་བ་བདེན་མེད་ཀྱི་རིག་པ་བཤད་པའི་ཕྱིར། ཐེངས་ཇི་ཙམ་བརྟགས་ཀྱང་སྔགས་ཡེ་གཤེན་པར་མི་གཏོགས་ཏེ། ཚིག་དོན་གཉིས་ཆ་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་དབུ་མ་པར་ཉེ་བའི་ཕྱིར། ༧ཡོངས་འཛིན་ཆེན་མོས་ཀྱང་རོལ་བ་སྐྱེ་མཆེད་པའི་གཞུང་མི་བཞེད་ཅེས་པ་ལ།ཡོངས་འཛིན་ཆེན་མོས་མཛད་པའི་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་ལས། ཡེ་གཤེན་དབུ་མ་པའི་ལུགས་ཀྱི་བདེན་འཛིན་ངོས་འཛིན་ཚུལ་དཔེ་དང་བཅས་པ་བསྟན་པ་སྟེ། ཞེས་པ་གཅིག་པུ་ལ་བརྟེན་ནས་ཡོངས་འཛིན་ཆེན་མོས་གཞུང་འདི་རོལ་བ་སྐྱེ་མཆེད་པའི་གཞུང་ཡིན་པར་དགོངས་ཏེ། དབུ་མ་བའི་གཞུང་ཡིན་པ་གསུངས་པ་གང་ཞིག་ཡུལ་སེམས་ངོ་བོ་གཅིག་པའི་སེམས་དཔའ་སྤྲོས་མེད་པ་ཞིག་ཡོངས་འཛིན་ཆེན་མོས་ནམ་ཡང་མི་བཞེད་པའི་ཕྱིར། གཞན་ཡང་༧ཡོངས་འཛིན་ཆེན་མོས་མཛད་པའི་དཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད་ལས། སྐབས་འདིར་བཤད་པའི་གཞི་ཀ་བ་བདེན་མེད་དངོས་སུ་རྟོགས་པའི་རིགས་ཤེས་དེས་རྩོད་གཞི་ཀ་བ་རང་བཞིན་གྱིས་མ་གྲུབ་ཀྱང་ཀ་བ་མ་ཁེགས་པའི་ཀ་བ་དེ་རང་འཛིན་ཤེས་པ་དང་བདག་ཉིད་གཅིག་པར་འདོད་པའི་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དགོངས་པ་གསལ་བར་འགྱུར་རོ་སྙམ་ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་བྱས་ན་རང་རེ་གཡུང་དྲུང་བོན་གྱི་རིང་ལུགས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་ལ་དབྱེ་ན་མཚན་མ་ཀུན་བྲལ་ཁམས་བརྒྱད་དངོས་བསྟན་སྟོང་པ་ཉིད་དང་། ཤུགས་བསྟན་ཕར་ཕྱིན་གྱི་ལམ་རིམ་བསྟན། རོལ་བ་སྐྱེ་མཆེད་པ་འདིས་ཡེ་གཤེན་དོན་འབུམ་གྱི་དགོངས་དོན་ཟབ་མོ་སྟོང་པ་ཉིད་འཆད་པར་འདོད་པས། བྱམས་འབུམ་ལས་དེ་རྩ་ཚིག་བཞག དོན་གྱི་བྲལ་བར་མོས་པས། ཚུལ་འདིའི་རིགས་པའི་མཆོད་སྤྲིན་ཆེ། ལྷག་པའི་ལྷ་དང་དབྱེར་མེད་པའི། ཡོངས་འཛིན་བཤེས་གཉེན་དམ་པ་ལ། དྲིན་ལེན་གྱི་ཚུལ་དུ་འབུལ་བར་སྤྲོ། ཞེས་པ་དེ་ཁྱེད་ཀྱི་མ་མཐོང་བ་མ་ཡིན་ནམ། གཞན་ཡང་༧ཡོངས་འཛིན་ཆེན་མོས་མཛད་པའི་མ་རྒྱུད་སངས་རྒྱུད་གསུམ་གྱི་སྤྱི་དོན་ལས། དང་པོ་ནི། ཡེ་གཤེན་འདི་ལྟར་སྣང་བ་སེམས་ཙམ་སྟེ། དག་པའི་སེམས་ནི་སངས་རྒྱས་ཉིད་དུ་འགྱུར། ཞེས་པ་ནི་འགྲེལ་ལས། སྣང་སྲིད་ཐམས་ཅད་སེམས། སེམས་སྟོང་ཞིང་བདག་མེད། དེ་དག་པའི་སངས་རྒྱས་སུ་འགྱུར་བར་འདོད་དེ། ཞེས་པ་སྔར་བྱམས་འབུམ་ལས་ཡེ་གཤེན་པའི་ལྟ་བ་བསྟན་ཚུལ་བཤད་པ་བཞིན། སྣང་སྲིད་ཐམས་ཅད་བློ་རིག་གི་བདག་ཉིད་ཡིན་པ་དང་། བློ་ལ་དག་དང་མ་དག་གི་རྣམ་པ་ཇི་རྙེད་ཡོད་ཀྱང་མ་དག་སྒྲིབ་པའི་ཚོགས་རྣམས་སྤངས་ནས་དག་པའི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྐྱེད་པའི་ཀུན་མཁྱེན་ཡེ་ཤེས་བསྐྱེད་པར་འདོད་པའོ་ཞེས་གསུངས་སོ།། ཡོངས་འཛིན་ཆེན་མོས་གཞུང་འདི་དབུ་མའི་གཞུང་ཡིན་པར་བཞེད་ཀྱི་ཡོད་པ་གཞུང་འདི་དག་ལ་ཐོས་བསམ་ཚད་ལྡན་བྱས་ན་རྟོགས་པར་ངེས་ཏེ། དཀའ་ཐུབ་རྣམ་བཤད་དང་མ་རྒྱུད་སྤྱི་དོན་མ་རིག་འཛིན་སོགས་གང་གི་ནང་དུ་དོན་འབུམ་གྱི་གཞུང་དེ་དབུ་མ་པར་འགྲེལ་བ་ལས་ཐེག་པ་བརྒྱད་པ་སྔགས་ཡེ་གཤེན་པ་ལ་མ་འགྲེལ་བའི་ཕྱིར་རོ།། ལར་འོ་ཅག་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་མཁས་པའི་དབང་པོ་༧ཀུན་མཁྱེན་ཉི་མ་བསྟན་འཛིན་དེ་ཉིད་ཀྱིས་མཛད་པའི་སྐབས་དང་པོའི་རྣམ་བཤད་ལས། ཕྱི་དོན་མི་འདོད་ཅིང་བོན་ཐམས་སེམས་ཙམ་དུ་སྟོན་པའི་མདོ་དེ། ཐུགས་རྗེ་སེམས་དཔའ་དང་ཡེ་གཤེན་པ་ལ་ངེས་དོན་དང་ཞེས་པའི་དོན་ཡེ་གཤེན་པ་ཞེས་པ་དེ་རོལ་པ་སྐྱེ་མཆེད་ལྟར་སྣང་བ་ལ་བཞག་པ་ཅིའི་ཕྱིར་མིན། གསུམ་པ་དྲ་གྲོགས་ལགས་ལ་དྲི་བ་ཉུང་ཙམ་འབུལ་བ་ལ། དབུ་མའི་གཞུང་དང་སྔགས་ཡེ་གཤེན་པའི་གཞུང་ཡིན་མིན་གྱི་རྣམ་བཞག་གང་འདྲ་བྱས་ནས་བཞག་གི་ཡོད།? དོན་འབུམ་གྱི་གཞུང་དེའི་ནང་དུ་གོང་མའི་ཚིག་དང་སྒྲ་མཐུན་འགའ་ཞིག་བྱུང་བའི་རྒྱུ་མཚན་གྱིས་སྔགས་ཡེ་གཤེན་པའི་གཞུང་ལ་བཞག་གི་ཡོད་དམ།? རྩལ་མེད་ཡེ་སངས་རྒྱས་པ་ཞེས་པ་དེ་དང་རང་རིག་པའི་ཡེ་ཤེས་ཞེས་པ་དང་གཞི་ཡེ་སངས་རྒྱས་པ་དང་ཀུན་གཞི་ཡེ་ཤེས་ཞེས་པ་རྣམ་འཇོག་ཚུལ་གཅིག་པ་ཡིན་ནམ་མ་ཡིན།?་གལ་ཏེ་ཡིན་ན། ཤེར་ཕྱིན་སྐབས་གཉིས་པའི་རྣམ་བཤད་ལས། བདེར་གཤེགས་སྙིང་པོ། སྙིང་པོ་བྱང་ཆུབ་ཀྱི་སེམས། རང་རིག་པའི་ཡེ་ཤེས། ཡེ་ཇི་བཞིན་མའི་སྙིང་པོ། གཞི་ཡེ་སངས་རྒྱས་པ། ཀུན་གཞིའི་ཡེ་ཤེས་རྣམས་མིང་གི་རྣམ་གྲངས་སོ།། ཞེས་པ་འདི་ཐེག་པ་གང་གི་ལུགས་ཡིན། ཡང་ཁྱེད་ཀྱི་དབུ་མ་ཞེས་པའི་ཐ་སྙད་རང་ལུགས་ཁུངས་ཐུབ་ཡིན་མིན་ལ་དོགས་པ་ཟ་དགོས་པའི་རྒྱུ་མཚན་ག་རེ་ཡིན།? གལ་ཏེ་ཐ་སྙད་དེ་རང་ལུགས་ཀྱི་མིན་ན། ཐ་སྙད་དེ་ཁུངས་ཐུབ་སུ་ལ་ཡོད།

 

 

གཞུང་ལུགས་གང་ལའང་མཁས་པར་མ་ཆགས་ཀྱང་།

༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་སྐུ་མདུན་ནས།

མདོ་སྔགས་རྫོགས་གསུམ་སློབ་པའི་བསོད་སྐལ་དང་།

མི་ལོ་མང་པོར་ཐོས་བསམ་སྦྱངས་བའི་མཐུས།

དོན་འབུམ་གཞུང་འདི་འབུ་མར་འགྲེལ་དགོས་པ།

དོན་འབུམ་གཞུང་ལ་དཔྱད་འབྲས་ཡིན་པར་སྙམ།

འོན་ཀྱང་དྲ་གྲོགས་ཁྱུང་བཙུན་མྱུག་མཛེས་ཀྱིས།

དོན་འབུམ་གཞུང་འདི་གསང་སྔགས་ཡེ་གཤེན་པའི།

གཞུང་ཞིག་ཡིན་ཞེས་རྒྱུ་མཚན་རེ་གཉིས་ཞིག

བགྲངས་བར་གུས་པ་རང་ཡིད་མ་ཚིམས་ནས།

རང་གི་བསམ་ཚུལ་ངོ་མ་གསལ་བཤད་དང་།

གྲོགས་པོར་དྲི་བ་འགའ་ཞིག་ཕུལ་བ་བཅས།

འདུན་ཕྲག་གུང་སེང་ཉིན་འདིར་བྲིས་པ་ཡིན།

སྤྱིར་བཏང་སྟོན་པ་གཅིག་གི་བསྟན་གནས་པར།

ཁྱོད་དང་ང་ཞེས་རྩོད་པ་ཆེར་མེད་ཀྱང་།

རང་གཞུང་རྣམས་ཀྱི་བརྗོད་དོན་གསལ་ཆེད་དང་།

རང་གཞུང་རྣམས་ཀྱི་དགོངས་དོན་རྟོགས་པའི་ཆེད།

རྩོད་པ་མུ་མཐུད་བྱེད་རྒྱུར་དགའ་བ་བརྟས།

རྗེས་ཕྱོགས་མདོ་སྔགས་གཞུང་ལུགས་འདྲ་མིན་སྐོར།

གཟུ་བོར་གནས་ཏེ་བགྲོ་གླེང་བྱེད་རྒྱུ་བཅས།

བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ན།

ཡོད་པའི་གནས་ཆེན་འཕགས་པ་ཤིང་ཀུན་གྱི།

མདུན་གཞོལ་ཆགས་པའི་དགོན་སྡེ་ཆེན་མོ་ཞེས།

༧གདན་ས་ཆེན་མོ་ཁྲི་བརྟན་ནོར་རྩེ་ནས།

༧ཡོངས་འཛིན་ཆེན་མོའི་སློབ་མའི་མིང་འཛིན་པ།

བསྟན་པ་དར་རྒྱས་ཞེས་སུ་འབོད་པ་དེས།

དྲ་གྲོགས་ཁྱུང་བཙུན་མྱུག་མཛེས་ལགས་ལ་ཕུལ།

 

 

མགྲིན་སྙན་ངག་གི་ཁུ་བྱུག་འམ་བསྟན་པ་དར་རྒྱས་སུ་འབོད་པ་དེས།

 

 

Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/5 13:55:00
སྐུ་མགྲོན་Kof6IU(སྐུ་མགྲོན)གཡུང་དྲུང་བོན་གྱི་གཞུང་ཆེན་རྣམས་ལ་དཔྱད་་པ་དང་རྩོད་པ་རྩོམ་པ་བྱེད་པ་ནི་རིགས་སྨྲ་བ་ཞིག་གི་ལག་རྗེས་ལོས་ཡིན་་་་་རྩོམ་པ་པོའི་མིང་འདྲ་ཞིག་གིས་སློབ་གླིང་ཞིག་ནས་ཕུལ་་་།
རྩོམ་པ་པོ།:སྐུ་མགྲོན་Kof6IU(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/5 15:42:58
སྐུ་མགྲོན་8cs1Vi(སྐུ་མགྲོན)འདི་ལྟར་དཔྱད་གཏམ་སྤེལ་བར་བཀྲ་ཤིས་བདེ་ལེགས་ཞུ། བསམ་འཆར་རེ་གཉིས་ཤིག་འདོན་དགོས་པ་ནི། བོན་ཅན་སྒྱུ་མའི་གལ་༼གར་༽ལ་མངོན་རོལ་བའི༼ཞིང་།༽ ཡེ་གཤེན་དབུ་མའི་དགོངས་པ་གྲོལ་༼དགྲོལ་༽མཛད་མཁན། །དེ་ལྟ་བུའི་དག་ཆའི་ཐད་མང་པོ་ཞིག་དང་། སྔ་འཕྱིའི་ཚིག་གི་གཅོད་སྟངས་སོགས་ལ་ཐུགས་སྣང་མཛད་པར་ཞུ། རེ་བ་ཅན་ནས།
རྩོམ་པ་པོ།:སྐུ་མགྲོན་8cs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/5 15:47:49
སྐུ་མགྲོན་8cs1Vi(སྐུ་མགྲོན)འོན་ཀྱང་གུས་པ་ཕྲན་
རྩོམ་པ་པོ།:སྐུ་མགྲོན་8cs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/5 16:15:36
སྐུ་མགྲོན་2ka4EQ(སྐུ་མགྲོན)ཡག་པོ་འགྲེལ་འདུག་དགའ་བསུ་ཞུ། གོང་གི་མཆན་འདེབས་པ་པོས་ཚར་གཅིག་བཀླགས་ཏེ་ཕུལ།
རྩོམ་པ་པོ།:སྐུ་མགྲོན་2ka4EQ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/7 11:26:50
སྐུ་མགྲོན་0gw3AN(སྐུ་མགྲོན)ཡག་པོ་བྲིས་འདུག
འོན་ཀྱང་དབུ་མ་བ་ཞེས་པའི་ཐ་སྙད་དེ་ཐེག་དགུའི་གཞུང་དག་ལས་དེ་སྔོན་ངས་མ་མཐོང་བས་ཡིན། བདེན་མེད་ལྷ་བ་མཐར་ཐུག་ཏུ་རློམས་པའི་བོན་པོ་རྣལ་མ་ཞིག་ད་སྔོན་མ་བྱུང་སྙམ་པས་ཡིན། བླ་མེད་ཀྱི་བཀའ་ཐེག་དམན་ལུགས་ལྟར་བཀྲལ་བ་ནི་ཅི་ལ་ཡོད་མི་སྲིད་དེ་ཡོད་དོ། དོན་འབུམ་དེ་ཡོངས་འཛིན་ཆེན་མོས་ཇི་ལྟར་བཞེད་སྐུ་དངོས་སུ་བཞུགས་པར་དྲིས་ན་ཆོག་ངེས། ཁམས་ཆེན་གྱི་ལྟ་བ་གབ་པ་དང་མཉམ་ཕྱིར་ཕར་ཕྱིན་ལས་དེ་སྟོན་དགོས་ངེས་རེད། དོན་འབུམ་དེ་ངས་སྔགས་ཡེ་གཤེན་པ་ཡིན་པ་མཐའ་གཅིག་ཏུ་བསམ་གི་མེད། ཕྱྭ་སྣང་སོགས་བཞི་ལས་གཞན་པའི་བོན་གྱི་རིག་པའི་གཞུང་ལུགས་རྣམས་སུ་སྣང་བ་བདེན་མེད་དུ་འདོད་པ་གཅིག་མཚུངས་ཡིན། བདེན་མེད་བསྟན་ཤུགས་ཆེ་ཡང་འདྲ་ལ་ཆུང་ཡང་འདྲ་དེ་ནི་སྣང་བའི་ངོས་འཛིན་ཙམ་ཡིན། རྩལ་མེད་ཡེ་སངས་རྒྱས་པ་དང་གཞི་ཡེ་སངས་རྒྱས་པ་གཉིས་འདོད་ཚུལ་མི་འདྲ། གཞི་ཡེ་སངས་རྒྱས་པ་འདོད་པ་ལ་རྩལ་དང་རོལ་པ་གཞི་ལ་ཡོད་པར་འདོད་མཁན་ཡོད། རྩལ་མེད་པས་རྩལ་མེད་དུ་འདོད་དོ། རང་རིག་པའི་ཡེ་ཤེས་ཀྱང་དེ་དང་འདྲ། ཀུན་གཞི་ཡེ་ཤེ་ཡེས་སུ་འདོད་པ་ལ་སེམས་བདེན་གྲུབ་བཀག་པའི་ཆ་ཙམ་ལ་དེ་འདོད་པ་དང་། གཞི་ཡེ་སངས་རྒྱས་པ་ལ་དེ་འདོད་པ་གཉིས་སུ་ཡོད། དོན་གྱི་གལ་འགག་གཅིག་ཏུ་བབ་ཀྱང་ཐ་སྙད་ཀྱི་ཆ་ནས་མི་འདྲ་བ་ཡང་དུ་མ་ཡོད་དེ། ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཏུ་འདོད་པའི་གཞུང་ལས་གསལ་ཞིང་། དབུས་གཏརེ་གྱིྱིུ་ཐེག་དགུ་ནི་སྣང་བ་ངོས་འཛིན་མི་འདྲ་བ་དགུ་ཡིན་ཞིང་། ལྷོ་གཏེར་གྱི་དགུ་ནི་གཞན་ཕན་གྱི་རླབས་ཆེ་ཆུང་དགུ་བཤད་པ་ཡིན། འོན་ཀྱང་རྫོགས་ཆེན་གྱི་ཚིག་ཨ་དཀར་བ་ལ་དྲངས་པ་དང་། ཕར་ཕྱིན་ལ་དྲངས་པ་ནི་བོན་གཞུང་ལ་ཤིན་ཏུ་མང་ཞིང་བཀའ་རྟེན་རྩོད་ཚེ་དེ་དག་བླ་མེད་ཀྱི་བཀའ་འོག་མར་འགྲེལ་བའི་བཀར་རྟེན་ལྟར་སྣང་དུ་ཤོད་ཉན་ཆེ་ཙམ་ཡོད། ཧེ་ཧེ།
རྩོམ་པ་པོ།:སྐུ་མགྲོན་0gw3AN(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/21 14:35:44
སྐུ་མགྲོན་Nsj7MY(སྐུ་མགྲོན)འགྲེལ་འདུག་བླ་མེད་ཀྱི་བཀའ་ཐེག་དམན་ལུགས་ལྟར་དཀྲོལ་བའི་བཀའ་བརྟེན་ལྟར་སྣང་ཟེར་བ་འདི་འདྲ་ཞིག་ཅི་ལ་ཡིན། ཧེ་ཧེ།།
རྩོམ་པ་པོ།:སྐུ་མགྲོན་Nsj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ། | 2012/5/22 21:37:20
tendhargyeམི་དཀྱུས་མ་ཞིིག་གིས་བྲིས་ཚད་བཀའ་རྟེན་ཡིན་ཟེར་བ་ནི། བཀའ་རྟེན་གྱི་དོན་ཟུར་ཙམ་ཡང་བློ་ལ་མ་འཆར་བས་གཏན་ཚིགས་སོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.