ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ། | 2012/4/10 20:57:00

དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ།

ཆོས་ཀྱི་ངོས་ནས་བསམ་གཞིགས་བྱས་ཚེ་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་དེང་དུས་འཛམ་གླིང་འདིར་སྔོན་ཐོན་གྱི་གྲལ་དུ་སླེབ་ཡོད་པ་མ་ཟད་གཞན་གྱི་བརྗོད་པ་ནང་བཞིན་རྗེས་ལུས་བག་འཁུམ་གྱི་ཆོས་ལུགས་ཤིག་གི་ངོ་བོར་ཡང་གཏན་ནས་ཆགས་མེད། ལྷག་པར་དུ་སྤྱན་ཡངས་པོ་ཡོད་པའི་དེང་དུས་ཀྱི་མཁས་པ་ཀུན་གྱིས་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ལོ་རྒྱུས་ཕུགས་རྒྱང་རིང་པོར་ཡོད་པ་དང་། སྲོག་ལྡན་འབུམ་ཕྲག་མང་པོར་ཕན་ནུས་རླབས་ཆེན་ལྡན་པའི་ཆོས་ལུགས་ཤིག་ཡིན་པ་བརྗོད་བཞིན་ཡོད། དེ་ཡང་ཆོས་ལུགས་ཉམས་སུ་ལེན་བྱེད་མཁན་གྱི་ངོས་ནས་བསམ་གཞིགས་བྱས་ཚེ་སྔོན་བྱོན་རིག་འཛིན་དམ་པ་རྣམས་ལ་མཚོན་ན་བསྟན་པ་དང་འགྲོ་བའི་དོན་དུ་མཛད་འཕྲིན་རླབས་ཆེན་བརྐྱངས་ཡོད་པ་དེང་དུས་མཇལ་ཡུལ་དུ་ཡོད་པའི་རྣམ་ཐར་དང་ལོ་རྒྱུས་སོགས་ལས་ཤེས་ནུས། འོན་ཀྱང་དེང་དུས་ཀྱི་བོན་པོ་རྣམ་ཕན་ཚུན་བར་འཕྲག་དོགས་ཀྱི་མེ་ལྕེ་མཆེད་ཅིང་རང་ཁེ་གཞན་ཕམ་གྱི་བསམ་བློ་དེ་ཧ་ཅང་ཆེ་བ་མ་ཟད་གང་ཞིག་གཞན་ལ་ཤེས་འཇོན་ལྡན་ཚེ་དེ་ལ་འཕྲག་དོགས་དང་ཚིག་ངན་འདྲ་མིན་ལབ་གླེང་བྱེད་རྒྱུ་དེ་དེང་དུས་ཀྱི་བོན་པོའི་སྤྱི་ཚོགས་ཀྱི་རང་བཞིན་དུ་གྱུར། གལ་ཏེ་སུ་ཞིག་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་བོན་པོ་སྤྱི་ལ་ཞབས་ཞུ་བྱེད་འདོད་ཀྱི་འདུན་པ་སྔོན་དུ་བཏང་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཞབས་ཞུ་ཚད་དང་ལྡན་པ་ཞིག་བྱེད་ཀྱི་ཡོད་ན་དེ་ལ་མངོན་དང་ལྐོག་ནས་ཚིག་ངན་འདྲ་མིན་བརྗོད་ནས་སེམས་ཤུགས་ཆགས་པའི་ཐབས་ཤེས་ཡོད་དགུ་རྩལ་དུ་འདོན་གྱི་ཡོད། དེ་འདྲའི་སེམས་ཤུགས་ཆགས་སོང་ན་ད་གཟོད་བློ་བདེ་བ་ཡིན། ལྷག་པར་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཕུད་པའི་དེང་དུས་ཀྱི་བོན་པོ་རྣམས་བོན་པོ་སྤྱི་ལ་བསམ་བློ་གཏོང་མཁན་ཞིག་ཤིན་ཏུ་དཀོན་པའི་གནས་སུ་གྱུར། དེང་དུས་ཀྱི་བོན་པོ་རྣམས་ཀྱིས་ང་རང་གི་དགོན་པ་དང་ཁྱོད་རང་གི་དགོན་པ་ཟེར་ནས་སོ་སོའི་དགོན་པ་འདི་ཡར་རྒྱས་གཏོང་ཐབས་ཁོ་ན་བསམ་བཞིན་ཁ་ནས་བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་བརྗོད་བཞིན་ཡོད། ད་དུང་ཁ་ནས་སྣང་བ་སྐྱིད་པོ་བཤད་ནས་ང་ཚོ་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་བཟང་ཕྱོགས་ཐམས་ཅད་ཚང་མ་ང་ཚོའི་ཡིན་པ་དང་། ངན་ཕྱོགས་ནས་ཐམས་ཅད་གཞན་གྱི་ཡིན་པ་ལྟ་བུ་ཞིག་བཤད་བཞིན་ཡོད། གཞན་ཡང་མི་བུ་ཚོའི་ནང་ཁུལ་མཐུན་སྒྲིལ་གྱི་གསེར་ཟམ་བཙུག་ནས་སོ་སོའི་ཆོས་ལུགས་འདི་མཛམ་གླིང་ཡུལ་གྲུ་ཀུན་ལ་བསྒྲགས་བཞིན་ཡོད་ན་ཡང་། བོན་པོ་རྣམས་ནང་ཁུལ་རང་ཁེ་གཞན་ཕམ་གྱི་བསམ་བློའི་བར་ནས་མ་ཐོན་པར་དེང་དུས་ཀྱི་དུས་རབས་འདི་ལས་རྗེས་ལུས་སུ་གྱུར།  མི་བུ་ཚོའི་སོ་སོའི་ཆོས་ལུགས་འཛམ་གླིང་གོ་ལ་འདིར་ཡུན་རིང་གནས་དང་མི་གནས་ཐེ་ཚོམ་བྲལ་བའི་རྒྱལ་ཁབ་ཆེན་པོ་རྣམས་ཀྱི་སྐད་ཐོག་ཏུ་བསྒྱུར་ཟིན་ན་ཡང་། བོན་པོ་རྣམས་ཀྱིས་བསྒྱུར་ཆོག་དང་མི་ཆོག་བསྒྱུར་ན་རུང་མི་རུང་སོགས་ཟེར་ནས་དུས་ཚོད་འགྲོ་ཐབས་བྱས་ནས་དེང་དུས་ཀྱི་དུས་རབས་འདི་ལས་རྗེས་སུ་གྱུར།  མི་བུ་ཚོའི་དགོན་པ་དང་དགོན་པའི་བར་མཐུན་སྒྲིལ་གྱི་ཟམ་ཆེན་བཙུག་ནས་བསྟན་པ་དང་འགྲོ་དོན་རྒྱ་ཆེན་བྱེད་ཀྱི་ཡོད་ན་ཡང་། བོན་པོ་རྣམས་གཡག་ར་ཁུགས་མ་ནང་ལ་བླུགས་པ་ནང་བཞིན་ཆ་མ་འགྲིག་པར་ཕན་ཚུན་བར་ཟུར་ཟ་སྨོད་ཚིག་རེ་ལབ་རེས་བྱས་ནས་དེང་དུས་ཀྱི་དུས་རབས་འདི་ལས་རྗེས་ལུས་སུ་གྱུར། མི་བུ་ཚོ་ལ་གདམ་པའི་ཆ་ནས་དེ་ཙམ་མ་གཏོགས་མེད་ན་ཡང་ཐབས་མཁས་ཕན་ཚུལ་བར་བརྩི་འཇོག་དང་རང་གི་ཆོས་ལྷག་བསམ་རྣམ་པར་དག་པ་ཡིན་པའི་རྒྱུ་མཚན་གྱིས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་རང་གི་ཆོས་ལུགས་འདི་དར་ཁྱབ་བྱས་ཟིན་པ་དང་། བོན་པོ་རྣམས་ལ་གདམ་ངག་གི་ཆ་ནས་ཡིད་བཞིན་གྱི་ནོར་བུ་ནང་བཞིན་ངོ་མཚར་སྟོང་དང་ལྡན་པའི་སྔགས་དང་རྫོགས་ཆེན་གྱི་གདམ་པ་གསེར་ལྟ་བུ་མང་པོ་ཡོད་ན་ཡང་བོན་པོའི་མི་ལ་ལྷག་བསམ་པ་མེད་པ་ཐབས་ཤེས་མེད་པ་ནང་ཁུལ་མཐུན་སྒྲིལ་མེད་པ་སོགས་ཀྱི་རྒྱུ་མཚན་གྱིས་དར་ཁྱབ་གཏོང་མ་ཐུབ་པ་ཡིན་པས་དེང་དུས་ཀྱི་དུས་རབ་འདི་ལས་རྗེས་སུ་གྱུར། དེང་དུས་འཛམ་གླིང་འདིར་དྭ་རྒྱའི་ལམ་ནས་ལས་ཀ་འདྲ་མིན་བྱེད་བཞིན་ཡོད་པའི་དུས་རབས་འདིར་མི་བུ་ཚོའི་རང་གི་ཆོས་ལུགས་དྲྭ་ལམ་རྒྱུད་ནས་དར་ཁྱབ་བྱེད་བཞིན་ཡོད་ན་ཡང་། བོན་པོ་རྣམས་ལ་དྭ་རྒྱ་གཅིག་གཉིས་རེ་ཡོད་པ་དེ་ཚོའི་ནང་ནས་ཁྱོད་ངན་ང་བཟང་ཟེར་ནས་ཁ་འཛིང་རེ་བྱས་ནས་དེང་དུས་ཀྱི་རབས་འདི་ལས་རྗེས་སུ་གྱུར། རྒྱུ་མཚན་གཅིག་ནས་གཉིས་སུ་བསྒྲང་དགོས་པའི་དུས་རབས་འདིར་མི་བུ་ཚོའི་རིག་པའི་ལམ་རང་གི་ཆོས་ལུགས་མི་རྣམས་ལ་ངོ་སྤྲོད་བྱེད་བཞིན་ཡོད་ན་ཡང་། བོན་པོ་རྣམས་ཀྱིས་རྫོགས་མཐའ་མེད་པའི་ཞབས་བརྟེན་གྱི་ལས་གཡེང་ནས་དེང་དུས་ཀྱི་དུས་རབས་འདི་ལས་རྗེས་སུ་གྱུར།

Re:དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ། | 2012/4/10 21:41:11
སྐུ་མགྲོན་Nri7Lx(སྐུ་མགྲོན)ཁྱེད་ནས་དབུ་བརྩམ་སྟེ་བོན་སྤྱོད་སྦྱོང་སྤེལ་གསུམ་དང་ལེགས་ཆ་གང་དགོས་པ་དེ་ལག་ལེན་ཁེལ་བ་གནང་རྒྱུ་ཡིན་ད། ཁྱེད་ཀྱིས་བོན་པོའི་སྐྱོན་གང་ཡོད་པ་ཚང་མ་མཁྱེན་ཡོད་པའི་བཟོ་ཞིག་འདུག ད་ཡོན་ཏན་གྱི་ཕྱོགས་ནས་གང་རྗེས་ལུས་ཐོབ་བསྡད་པ་དེ་ཡར་རྒྱས་གཏོང་རྒྱུ་ཡིན་ད། བོན་པོ་ཞེས་པ་དེ་ཕར་ཟད་ཅིག་དང་། རང་ཉིད་དེའི་ནང་ཚུད་མེད་པའི་བཟོ་ལྟ་སྟོན་ནས་སྐད་ཆ་སྦམ་པོ་རེ་གཉིས་བསྐྱར་ཟློས་མ་བྱེད་ཨ། ཡང་འདི་འདྲ་ལབ་ན་ཁྱེད་སྤྲོ་ལང་སོང་ན་ནི་ཁྱེད་ཀྱིས་སྐྱོན་བཏོན་པ་དེ་ཁྱེད་རང་ལ་ཕར་འབེབ་ངེས་རེད། དེ་ཡང་ཧ་གོ་བར་གྱིས།
རྩོམ་པ་པོ།:སྐུ་མགྲོན་Nri7Lx(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ། | 2012/4/12 21:15:07
yongzhoglangda(སྐུ་མགྲོན)དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ་ཞེས་པའི་ཁ་བྱང་དེ་ཅི་འདྲའི་གནད་ལ་ཁེལ་བའི་ལབ་གླེང་ཞིག་དང་། དུས་རབས་ཤིག་གིས་བོན་པོ་ཚོར་སྤྲད་པའི་གོ་བརྡ་དང་པོ་རེད། དེ་ནི་རྩོམ་པ་པོ་ཁོང་རང་ཉིད་ནས་བསམ་གཞིག་གི་ཀློང་ནས་རྡོལ་བའི་རང་བཞིན་གྱི་བདེན་གཏམ་ཞིག་ཡིན་པ་ལས་སྒྲོ་བཏག་གི་ཆ་ནི་ག་ལ་ཡིན། གནའ་སྔ་མོ་ནས་བོན་པོ་རང་ཉིད་ཀྱི་ཁྲོད་ན་ས་ཁྱབ་རྡོ་ཁྱབ་དུ་གྱུར་པའི་གཏམ་དཔེ་ཞིག་ཡོད་པ་ནི། ར་བོན་པོ་གཉིས་དེ་རོགས་ལ་སྡང་། ཞེས་པ་དེ་རེད། དེ་ཡང་རང་མཚོང་རང་གིས་མ་བཀབ་ནས་བཤད་ན་དེང་གི་དུས་ནའང་སྲོལ་དེ་ཡོད་འདུག་པ་ནི་ཀུན་གྱིས་ཤེས་གསལ་འདི་རེད། ངས་རྒྱང་རིང་པོ་ཞིག་ནས་ཉན་འདུག་དུས་ཐོས་གསལ་ལ། ང་ཁྱུང་པོ་དང་ཁོ་ཧོར་པ་ཟེར་བ་དང་། ཁྱུང་པོ་ཁུལ་གཅིག་པུའི་ནང་དུའང་ལ་ཡར་ནང་མར་ནང་དང་འབྲོག་པ་ཡུལ་པ་སོགས་ཀྱི་མིང་རེ་ཁྱེར་ཏེ་དགོན་སྡེ་ཕན་ཚུན་བར་ན་མཐུན་སྒྲིལ་ལ་གནོད་པའི་ལབ་གླེང་མང་པོ་ཞིག་ཡོད་པས་མ་ཚད་དེ་ལྟར་བྱེད་མཁན་ཡང་བོན་པོའི་ཆོས་ལ་དད་པ་ཡོད་ཙམ་གྱི་མི་སྐྱ་ཕོ་མོ་དེ་ཚོ་གཅིག་པུ་ཡིན་ཚོད་མི་འདུག་པས་ད་ནི་བསམ་གཞིག་གི་གོམ་ཁ་རེ་མ་བསྒྱུར་ན་དུས་རབས་ཀྱིས་ང་ཚོར་འཕྱ་སྨོད་ལོས་ཀྱི་བྱེད། གཡུང་དྲུང་སྤུན་གྲོགས་ཚོ་ད་ཡར་ལ་སད་དང་། དུས་རབས་ཤིག་གི་འབོད་བརྡ་གཏོང་དུས་བསམ་གཞིག་གཏོང་རིན་གྱི་རྒྱུ་མཚན་ཞིག་ལོས་ཡོད། སྤུན་གྲོགས་ཚོ་ཡར་ལ་སད་དང་། རིགས་ཞེན་གྱི་གླེང་མོལ་རེ་འོང་དུས་འཛུམ་མདངས་ཀྱིས་བསུས་པའི་གླེང་མོལ་རེ་མ་བྱས་ན་ག་ལ་རུང་། ད་ནི་སྔར་ལས་ལྷག་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་བསྐྲུན་རན་གི བོན་པོ་ཚོ།།
རྩོམ་པ་པོ།:yongzhoglangda(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ། | 2012/4/13 17:46:36
yxlzབསྟན་པ་དར་རྒྱས་ལགས་ཀྱིས་བརྗོད་པ་དེ་དངོས་ནས་བདེན་པ་རེད། མུ་མཐུད་དུ་འདིའི་སྐོར་ནས་རེ་བ་ཡོད།
Re:དུས་རབས་ཀྱི་རྗེས་མ་ཟིན་པའི་བོན་པོ། | 2012/4/23 8:47:12
སྐུ་མགྲོན་ty5Bsf(སྐུ་མགྲོན)རྩོམ་ཡིག་གནད་ལ་འཁེལ་བ་འདི་འདྲ་མང་ཙམ་བྲིས་ཤོག་ཨ་གྲོགས་པོ། དུས་རྟག་པར་བསྟོད་པ་རྐྱང་རྐྱང་ཕུལ་ནས་ལ་དག་གི་མ་རེད། འདི་ནི་ངོ་སྤྲོད་དམར་མོ་མཛུབ་ཚུགས་རང་རེད་འདུག་པས་འབྲི་བ་པོ་ལ་བཀའ་དྲིན་ཆེ་ཞུ། བྱུང་ན་དགོན་པ་རེ་རེའི་མདུན་སྒོར་རྩོམ་འདི་འབྲི་རོགས་གནང་། །
རྩོམ་པ་པོ།:སྐུ་མགྲོན་ty5Bsf(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.