༄༅། བྱིང་རྒོད་གཉིས་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པ།
བྱིང་རྒོད་གཉིས་ནི། སྒོམ་གྱི་གེགས་གཙོ་བོ་ཡིན་པ་གཞུང་ཆེན་རྣམས་ལས་བཞེད་ཅིང་། མཚན་བཅས་དང་མཚན་མེད་གང་སྒོམ་ཡང། ངེས་པར་དུ་ཐོག་མར་བྱིང་རྒོད་གཉིས་ངོས་ཟིན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། ཞི་གནས་ལག་ལེན་ལས། གསར་ཆའི་ངར་ཐོན་པ་ལ་བྱིང་བས་བར་དུ་གཅོད་ལ། རྩེ་གཅིག་པའི་མི་རྟོག་པ་ལ་ནི་རྒོད་པས་བར་དུ་གཅོད་པས་། བྱིང་རྒོད་གཉིས་གེགས་ཀྱི་གཙོ་བོར་འོང་བའི་རྒྱུ་མཚན་དེ་ཡིན་ནོ། ཞེས་གསུངས་སོ། བྱིང་བ་དང་རྒོད་པ་གཉིས་ལས་བྱིང་བ་ཞེས་པ་དེ་ནི།རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལས། བྱིང་བའི་རྒྱུ་ནི་བད་ཀན་ཆེ། བྱིང་བའི་ངོ་བོ་རྨུགས་ཤིང་འཐིབས།ཞེས་པའི།དགེ་བ་ལ་འཇུག་པའི་ཚེ་ཕྱི་རོལ་ཡུལ་གྱིས་རྐྱེན་མ་བྱས་ཀྱང་རང་བཞིན་གྱིས་སེམས་ནང་ནས་འཐིབ་ཡོང་པ་ཞིག་ལ་བྱིང་བ་ཞེས་བརྗོད་ཀྱི་ཡོད། དཔེར་ན་། དཔེ་ཆ་ལ་ལྟ་སྐབས་སུ་བསམ་གཞིག་
བྱས་ན།དེ་འདོད་ཆགས་དང་ཞེ་སྡང་སོགས་ཀྱི་རྗེས་སུ་འབྲང་ནས་་ཕྱི་རོལ་ཡུལ་ལ་འཕྲོས་པ་མིན་ཡང་། རང་བཞིན་གྱིས་ནང་ནས་སེམས་ཞུམ་འགྲོ་བ་ཞིག་ཡོང་གི་ཡོ། དེ་ལྟ་བུ་ཞིག་ལ་བྱིང་བ་འཇོག་དགོས་པ་ཡིན། དེ་འདྲའི་བྱིང་བ་དེ་ལ་ཕྲ་རགས་གཉིས་ཡོད། བྱིང་བ་སེལ་བའི་ཐབས་གཙོ་བོ་ནི་སངས་རྒྱས་ཀྱི་སྐུ་ལ་དམིགས་པ་གཏད་པ་དང་། ཉི་མའི་འོད་ལ་དམིགས་པ་གཏད་པ་སོགས་ལ་བརྟེན་ནས་སེལ་དགོས་
པ་གསུངས་ཡོད། རྒོད་པ་ཞེས་པ་ནི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལས། རྒོད་པ་རྣམ་པ་གཉིས་ཡིན་ཏེ། རང་བཞིན་རླུང་ཤས་རྒོད་པ་དང། རྐྱེན་གྱིས་རྒོད་པ་རྣམ་པ་གཉིས། ཞེས་གསུངས་སོ། གཞུང་འགའ་ཞིག་གི་ནང་དུ་རྒོད་པ་ཞེས་པ་་འདི་མཐའ་གཅིག་ཏུ་འདོད་ཆགས་ཀྱི་ཆར་གཏོགསས་ཁོ་ནར་བཞེད་ཀྱང་། རིག་པའི་ཐོག་ནས་བསམ་
གཞིག་བྱས་ན་རྒོད་པ་ཞེས་པ་དེ་འདོད་ཆགས་ཁོ་ནའི་ཆར་གཏོགས་ཡིན་པའི་ངེས་པ་མེད་སྙམ་སྟེ། དཔེར་ན།དགེ་བ་སྒོམ་པའི་ཚེ་གང་ཟག་གང་རུང་ཞིག་ལ་དམིགས་ནས་ཞེ་སྡང་དྲག་པོ་ཞིག་སྐྱེས་ཏེ་སེམས་ཕྱི་རོལ་དུ་འཕྲོས་ན། རྒོད་པ་ཡིན་ཅིང་འདོད་ཆགས་ཀྱི་དབང་གིས་ཕྱི་རོལ་ཡུལ་ལ་འཕྲོས་པ་མིན་ནོ། དེ་བོན་ཅན་རྒོད་པ་ཡིན་ཏེ། རྣམ་པར་མ་ཞི་ཞིང་འཕྱར་བའི་སེམས་འབྱུང་རྣམ་པར་གཡོ་བ་ཡིན་པའི་ཕྱིར།རྒོད་པ་བཅོས་ཐབས་ལ་རང་གི་དམིགས་པ་ཚེ་མི་རྟག་པ་དང་འཁོར་བའི་ཉེས་མིག་སོགས་ཡིད་ལ་བྱས་ནས་སེམས་ལ་སྐྱོ་བ་བསྒོམས་དགོས་པ་གསུངས་སོ། མདོར་ན་བླ་མེད་རྫོགས་པ་ཆེན་པོ་དང་གསང་སྔགས་དང་མདོ་སོགས་ཐམས་ཅད་ཀྱིས་གནས་ལུགས་སྒོམ་ཚེ་བྱིང་རྒོད་གཉིས་ངོས་མ་ཟིན་ན། སྒོམ་ཆེན་ཡིན་ཁུལ་བྱས་ཀྱང་དོན་དུ་ཐུན་མོང་གི་ཞིགནས་ཙམ་ཡང་སྐྱེ་ཐབས་བྲལ་བ་ཡིན། དེས་ན་འདི་གཉིས་ངོས་ཟིན་པ་ཤིན་ཏུ་གལ་ཆེ་བར་སྣང་། བྱིང་རྒོད་ཤེས་ནས་བཤད་པ་མ་ཡིན་ཀྱང་། བྱིང་རྒོད་སྤང་དགོས་སྟོན་པའི་ལུང་ལས་གསུངས། བྱིང་རྒོད་གཉིས་ཀ་དག་པར་མ་བྱས་པར། སྔགས་རྫོགས་ལྟ་ཞོག་ཞི་གནས་སྐྱེ་མི་སྲིད
ཞི་གནས་དང་ནི་ལྷག་མཐོང་རྣམ་བཞག་སོགས
ཡེ་ཁྲི་དང་ནི་བཀའ་བརྟེན་སུམ་བརྒྱ་བ།
ཞི་གནས་ལག་ལེན་སོགས་ལས་རྒྱས་པར་གསུངས།
དེ་ལས་ལྷག་ཞིག་སུ་ལ་བཤད་ཐབས་བྲལ།
ཞབས་བརྟན་བོན་པོར་འདི་དག་མི་མཁོ་ཡང་།
ལུང་དང་རིག་པའི་རྗེས་འབྲང་བོན་པོ་ལ།
ཞི་ལྷག་གཉིས་ཀྱི་རྣམ་བཞག་རྒྱས་པ་རྣམས།
དེ་ལ་འདི་དག་ངེས་པར་མཁོ་ངེས་ཡིན།
།
- ཟིན་ཐོ་གོང་མ།དགའ་སྟོན་གཡང་འབོད།
- ཟིན་ཐོ་འོག་མ།ས་མཐའི་གྲྭ་རྐྱང་གི་སྨྲེ་སྔགས།