ཧི་བོན་ཟིན་བྲིས།
རང་ཤར་རང་གྲོལ།
སྤྱི་བསྒྲགས།

    འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད། 

ལི་ཐོ།
    <<  < 2021 - 11 >  >>
    1234567
    891011121314
    15161718192021
    22232425262728
    2930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
མཚན་ལྡན་བླ་མའི་བཀའ་དྲིན་རྗེས་སུ་དྲན། | 2020/11/27 6:59:00


གཡས་ནས་བསྐོར་ཏེ་བརྒྱ་བཤད་བྱས་ཀྱང་ཆོག

གཡོན་ནས་བསྐོར་ཏེ་སྟོང་བཤད་བྱས་ཀྱང་ཆོག

སྟོང་པའི་བསམ་བློ་སུས་བཀག་མི་ཐུབ་ན།།

བཤད་ཚད་བདེན་པར་འཛིན་པར་རྨོངས་པའི་བློ།།


གོ་ཐོབ་སྙན་གྲགས་གང་གིས་མ་བསླུས་ཀྱང་།། 

བསྟན་དང་སྟོན་པ་འགྲོ་བ་ཁོ་ནའི་དོན།།

སྐུ་ཚེ་ཧྲིལ་བོའི་འབད་པ་དེ་བསམ་ན།།

བློ་ལྡན་སྐྱེ་བོ་སུ་ཡང་མིག་ཆུ་འཆོར།།


ཁ་ནས་ཆོས་བཤད་ཁོག་པ་སྒོར་གྱིས་བསླུས།།

བསོད་ཟད་བླ་འཛིན་འགའ་རེའི་བྱ་མཐོང་ཚེ།།

དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི།།

རྣམ་པར་དག་པའི་ཁྱེད་ཀྱི་མཛད་པ་དྲན།།


ཁྱེད་ལས་ལྷག་པའི་མཚན་ལྡན་བླ་མ་ཞིག

ས་སྟེང་བོན་པོ་ཚང་ལ་མི་འདུག་མོད།།

བོན་པོ་བསོད་ཟད་དེ་ཚོས་མི་ཤེས་པས།།

ང་དང་ཁྱོད་ཞེས་བོན་པོའི་མི་ཚེ་ཟད།།


བླ་མ་བཟང་ངན་བཞུགས་ཁྲི་མཐོ་དམན་མིན།།

བླ་མ་བཟང་ངན་མིང་གྲགས་ཡོད་མེད་མིན།།

བླ་མ་བཟང་ངན་ཉམས་ལེན་ཡོད་མེད་ཡིན།།

བླ་མ་བཟང་ངན་བསྟན་འགྲོར་གཟིགས་མིན་ཡིན།།


གཤེན་རབ་མྱི་བོའི་རྗེས་འབྲེང་ཞིག་ཡིན་ན།།

སྤྱི་གཙུག་ཉི་མ་ཁྱེད་ལས་ལྷག་ཅིག་སུ།།

མདོ་སྔགས་གཉིས་ཀྱི་བསྟན་པའི་བདག་པོ་སྟེ།།

ད་ལྟའི་སྟོན་པའི་མཚན་དེ་ཁྱེད་ལ་འཐད།།


མཚན་ལྡན་བླ་མ་ཁྱེད་ཀྱི་སྐུ་དྲིན་ལས།།

ཞང་ཞུང་སྙན་རྒྱུད་ཁྲིད་རྒྱུན་གསོན་པོ་རེད།།

གལ་ཏེ་ཁྱེད་ཉིད་གླིང་འདིར་ཕེབས་མེད་ན།།

སྙན་རྒྱུད་ཆེན་མོའི་ཁྲིད་རྒྱུན་སུ་ལ་ཡོད།


མཚན་ལྡན་བླ་མ་ཁྱེད་ཀྱི་སྐུ་དྲིན་ལས།།

མ་རྒྱུད་ཆེན་མོའི་ཁྲིད་རྒྱུན་གསོན་པོ་རེད།།

གལ་ཏེ་ཁྱེད་ཉིད་གླིང་འདིར་ཕེབས་མེད་ན།།

སུ་དང་གང་གིས་མ་རྒྱུད་ཁྲིད་ཤེས་སམ།།


སྔགས་རྫོགས་གཉིས་ཀྱི་ཁྲིད་རྒྱུན་ཕལ་མོ་ཆེ།།

མཚན་ལྡན་བླ་མ་ཁྱེད་ཀྱི་སྐུ་དྲིན་ལས།།

མ་ཤི་གསོན་པོར་འཇིག་རྟེན་ཁམས་འདིར་གནས།།

བཀའ་དྲིན་བསམ་ན་ནམ་མཁར་ག་ལ་ཤོང་།།



འགའ་རེས་བླ་མའི་བཀའ་དྲིན་རྒྱབ་དོར་ཏེ།།

སྙན་རྒྱུན་ཁྲིད་ཤེས་ཚིག་ཤེས་ཟེར་མཁན་འགའ།།

ཁྲིད་རྒྱུན་ཉམས་ལེན་གཉིས་ཀ་མཉམ་མེད་ན།།

སྙན་རྒྱུད་ཤེས་པའི་དུས་ཤིག་ག་ལ་ཤར།།


སྔགས་རྫོགས་གཉིས་ལ་ཁྲིད་རྒྱུན་གལ་ཆེན་རེད།།

ཁྲིད་རྒྱུན་མེད་ན་འོལ་ཚོད་མི་ཡོང་བས།།

དེས་ཕྱིར་མདོ་སྔགས་གཉིས་ལ་ཁྱད་ཡོད་དེ།།

དེ་དག་བསམ་ན་ཁྱེད་ལ་དད་པ་འཕེལ།།


སྐུ་ཚེ་མི་བཤིག་གཡུང་དྲུང་ཁམས་སུ་བརྟན།།

མཛད་པའི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ།།

རྗེས་སུ་ཞུགས་པའི་བསོད་དམན་ང་ཅག་ལ།།

ཐུགས་རྗེས་གཟིགས་པ་དུས་ཀུན་མ་ཆུང་ཞིག


མཚན་ལྡན་བླ་མ་ཁྱེད་ཀྱི་སྐྱབས་འོག་པ་དགེ་བཤེས་བསྟན་དར་རྒྱས་ཀྱིས་ནུབ་ཕྱོགས་ཧྥ་རན་སུ་གདན་ས་གཤེན་བསྟན་དར་རྒྱས་གླིང་ནས་བྲིས། ༢༥།༡༡།༢༠༢༠། ཉིན། 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.