ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་ཀྱི་ཡིན། | 2016/1/16 13:58:00


གནའ་སྔ་མོ་ཡིན་ན་ནང་ཆོས་ཉམས་ལེན་བྱེད་མཁན་དེ་ཚོས། རང་རང་གི་ཆོས་ལུགས་ནང་ཡོད་པའི་ལྟ་སྒོམ་སྤྱོད་པ་དེ་དག་ཉམས་ལེན་ཚུལ་བཞིན་བྱས་ཏེ་བྲག་ཕུག་ལ་ཚེ་གཅིག་བཞུགས་པའི་ལག་རྗེས་ལ་སྐུ་འཇའ་ལུས་འོད་ཀྱི་སྐུ་རུ་མངོན་སུམ་དུ་བཞེངས་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་པ་མ་ཟད། མཐའ་ཡས་སེམས་ཅན་དག་གི་སྐྱབས་གནས་བླ་ན་མེད་པ་ཞིག་ཅིའི་ཕྱིར་མིན་ཏེ་ཡིན་ངེས་སོ།  དེ་བཞིན་དབེན་གནས་ལ་བཞུགས་ཏེ་སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བཟང་བསྒྲུབས་ནས་སྐུ་ཚེའི་འཕེན་པ་རྫོགས་མཁན་དག་ཀྱང་ངོ་མཚར་སྟོང་དང་ལྡན་པ་ཞིག་དང་། སྐྱེ་བོ་ཁྲི་ཕྲག་མང་པོའི་སྐྱབས་གནས་དམ་པ་ཞིག་སློབ་སྟོན་པ་ཞིག་ཡིན་པར་གདོན་མི་ཟའོ། དེ་ལྟར་མིན་ནའང་རྣམ་དག་འདུལ་བའི་ཚུལ་ཁྲིམས་རྩ་བ་དང་ཡན་ལག་གཅིག་ཀྱང་ཉམས་པ་མེད་པར་སྐུ་ཚེའི་འདུ་བྱེད་གཏོང་མཁན་དག་ཀྱང་། སྐྱེ་བོ་སྟོང་ཕྲག་མང་པོས་བཀུར་བར་འོས་པའི་གཡུང་དྲུང་སེམས་དཔའི་རིགས་སུ་གཏོགས་པ་ཞིག་རེད། འོན་ཀྱང་དེང་དུས་དེ་འདྲ་བྱེད་མཁན་ནི་ཉིན་སྐར་ཙམ་དུ་འགྱུར་འགྲོ་བའི་དུས་རབས་འདིར། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མཐོང་གི་འདུག དེང་སང་གི་དུས་ཚོད་དང་བསྟུན་ན་དེང་དུས་ཀྱི་ནང་པ་ཞིག་འགྱུར་རྒྱུ་ནི་མདུན་བསྐྱོད་ཀྱི་གོམ་པ་ཞིག་ཀྱང་བརྩི་བཞིན་ཡོད་པ་ཀུན་གྱིས་མཐོང་ཐོས་སུ་གྱུར་པ་དེ་རེད། དེང་དུས་ཀྱི་ནང་པ་རྣམས་ཀྱིས་ཐབས་ལམ་འདྲ་མིན་ལ་བརྟེན་ནས་རང་རང་གི་ཆོས་རྒྱུད་འཛིན་སྐྱོང་བྱེད་མ་ཐུབ་ཚེ། གནའ་བོའི་རྣལ་འབྱོར་བ་ནང་བཞིན་བློ་གཅིག་སེམས་གཅིག་གིས་ཉམས་ལེན་བྱེད་མཁན་ཆེས་དཀོན་པར་གྱུར་དང་འགྱུར་བཞིན་པ་ཞིག་རེད། རིག་གཞུང་དང་ཆོས་ལུགས་སོགས་གང་ཐད་ནས་དེང་རབ་ཅན་ཞིག་ལ་བསྒྱུར་མ་ཐུབ་ན། ཡུན་རིང་མི་འགོར་བར་ནང་པའི་རིག་གཞུང་གི་སྙིང་པོ་དེ་དག་ཤོག་ཐོག་གམ་ཡང་ན་བྲག་ཆ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བལྟས་པ་ཙམ་གྱིས་མཐོང་ཐུབ། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་ནའང་ཆོག གནའ་དེང་ཟུང་འབྲེལ་ཞེས་སྨྲོས་ནའང་ཆོག གང་ལྟར་གནའ་བོའི་ཤེས་རིག་གི་ཉིང་ཁུ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་ནང་གཞུང་གི་སྙིང་པོ་ཏིག་ཏིག་ཏེ་རྟོགས་པར་བྱས་ཏེ། དུས་རབས་ཉེར་གཅིག་ནང་མཁོ་བའི་ཤེས་ཡོན་དེ་དག་སློབ་སྦྱོང་ཚུལ་བཞིན་བྱས་རྗེས་དེང་དུས་ལ་མཁོ་བའི་ཤེས་ཡོན་རང་རྒྱུད་ལ་ལྡན་ན་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་ན་ཆོག་སྙམ།

དེའི་ཕྱིར་ངས་ཅི་ནས་ཀྱང་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པས་ན་འདི་ནས་མར་དུས་རབས་ཉེར་པའི་ནང་པ་ལ་ཚང་དགོས་པའི་དོན་ཚན་འགའ་ཞིག་བརྗོད་འདོད་བྱུང་། དང་པོ་ནང་པའི་གཞུང་ལུགས་ནང་བཤད་པའི་དད་པའི་སྐོར་ཡིན། ཆོས་ལུགས་ཡོད་དོ་ཅོག་གི་ལུགས་ལ་དད་པ་ཞེས པ་འདི་ཆེས་གལ་ཆེན་ཞིག་རེད། དད་པ་མེད་ན་ཕྱི་ནས་ཚུལ་ཇི་ལྟར་བསྟན་ཀྱང་ཆོས་སྒོར་ཞུགས་མེད་ཅེས་བཤད་ནའང་ཆོག ཆོས་ལུགས་ཕལ་མོ་ཆེ་དང་དེའི་ནང་ནས་སངས་རྒྱས་པའི་ལུགས་ལ་དད་པ་འདི་རང་རྒྱུད་ཀྱི་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ཞིག་ལ་བརྩི་གི་ཡོད། དེའི་ཕྱིར་དད་པའི་སྐོར་ལས་འཕྲོས་ཏེ་ཅུང་ཙམ་གླེང་ན། སྤྱིར་དད་པ་ཞེས་པ་དེ་ཡུལ་གང་ཞིག་ལ་སྤྲོ་བའི་བློ་ཞིག་རེད། དཀོན་མཆོག་གསུམ་དང་ཡུལ་མཆོག་གནས་བཞི་སོགས་ལ་སྤྲོ་བའི་བློ་ཞིག་ལ་དད་པ་ཞེས་བརྗོད་པ་དང་། ཤ་དང་ཆང་ལ་སྤྲོ་བའི་བློ་དེ་ལ་དགའ་བ་ཞེས་འབརྗོད་ཀྱི་ཡོད་ཀྱང་དད་ཡུལ་བཟང་ངན་ཡོད་པ་ཙམ་ལས་གཉིས་ཀ་སྤྲོ་བའི་བློ་ཞིག་ཡིན་པར་ཁྱད་པར་ཅུང་ཟད་ཅིང་མེད། དེས་ན་དད་པ་ཙམ་ལས་འཕྲོས་ན། དཔྱད་པས་དྲངས་བའི་དད་པ། སྲོལ་རྒྱུན་གྱི་དད་པ་གཉིས་ཡོད་པར་སྙམ། དཔྱད་པས་དྲངས་བའི་དད་པ་འདི་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། དཔྱད་པ་ཕྲ་མོའི་ལག་རྗེས་ལ་རྒྱུ་མཚན་འདུག་ན་དེ་ལ་དགའ་བའི་བློ་འམ་སྤྲོ་བའི་བློ་དེ་ལ་དཔྱད་པས་དྲངས་བའི་དད་པ་ཟེར། དད་པ་འདིས་བླ་མ་ཡིན་ཁུལ་བྱེད་མཁན་ཡོངས་རྫོགས་ལ་དད་པ་མི་འཇོག་ལ། སྔོན་མ་ཅིག་ཅིག་ཟིག་གིས་གསུངས་འདུག་ཟེར་ནས་དེ་བས་ཀྱང་དད་པ་མི་འཇོག་པས། དད་པ་འདིས་ང་ཚོའི་མི་ལུས་རིན་པོ་ཆེ་ནམ་ཡང་འཕུང་བར་མི་བྱེད་དོ།

གཉིས་པ་སྲོལ་རྒྱུན་གྱི་དད་པ་ཟེར་བ་འདི་རེད། འདི་བོད་མིའི་སྤྱི་ཚོགས་ཧྲིལ་བོ་དང་དེ་ལས་གཞན་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་མིའི་སྤྱི་ཚོགས་ནང་སྲོལ་རྒྱུན་དད་པ་ཤུགས་ཆེན་པོ་འདུག དད་པ་འདི་སྤྱི་ཚོགས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཕྱིན་ཡོད་པས་དད་པ་འདི་ལའང་དགེ་མཚན་ཡང་ད་ལྟ་བར་དུ་བྱུང་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་གནའ་སྔ་མོ་ནས་ད་ལྟར་མ་ཐུག་བར་དུ་བོད་གངས་ཅན་པ་རྣམས་གཙོའི་པའི་ལུང་པ་ཕལ་མོ་ཆེའི་ནང་སྲོལ་རྒྱུན་གྱི་དད་པའི་སྟོབས་ཤུགས་ལ་བརྟེན་ནས་ནང་བསྟན་གནས་ཐུབ་པ་བྱུང་ཡོད། སྤྱིར་བཏང་ག་རེ་ཡིན་ཀྱང་ཟུར་གཅིག་ནས་དགེ་མཚན་མེད་ས་གཅིག་ཀྱང་མེད། ནང་གི་ཉོན་མོངས་དུག་ལྔ་ལའང་ཕྱོགས་གཞན་ཞིག་ནས་བལྟས་ན་དགེ་མཚན་ཡོད། བདུད་རྒན་ཁྱབ་པ་པའང་ཟུར་གཞན་ཞིག་ནས་བསམ་ན་དགེ་མཚན་ལོས་ཡོད། སྟོན་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་དག་སེམས་ཅན་སྣང་ངོར་གསལ་ཝ་ལེར་སྟོན་པའི་ཕྱིར། དགེ་མཚན་གཅིག་ཡོད་པ་རྒྱུ་མཚན་བྱས་ཏེ་ཤི་འཐམ་རོ་འཐམ་བྱེད་མི་ཉན། འོན་ཀྱང་འཛམ་གླིང་ཧྲིལ་བོར་འགྱུར་བ་ཤུགས་ཆེན་གྱི་རྦ་རླབས་ཞིག་འཕྱུར་ཡོང་བའི་སྐབས་འདིར། སྲོན་རྒྱུན་གྱི་དད་པའི་ནུས་པ་ཉམས་ཏེ་དཔྱད་པ་ཕྲ་མོས་དྲངས་བའི་ཤེས་རབ་ཀྱི་དད་པ་ཞིག་འགོ་འཛུགས་བཞིན་པ་རེད་སྙམ། དེའི་ཕྱིར་ང་ཚོ་བོད་གངས་ཅན་པ་རྣམས་ཀྱིས་ཀྱང་སྲོལ་རྒྱུན་གྱི་དད་པ་མཚམས་བཞག་སྟེ། དཔྱད་སྟོབས་ཀྱིས་དྲང་བའི་དད་པ་དེས་བོད་ཀྱི་སྤྱི་ཚོགས་ཧྲིལ་བོར་ཁྱབ་ཐུབ་ན་བྱམས་སྙིང་རྗེ་ཅན་གྱི་བསྟན་པ་ས་སྟེང་འདིར་གནས་རྒྱུ་ལའང་ཕན་ཐོག་ཆེན་པོ་ཡོད་པར་མཐོང་གི་འདུག རྒྱུ་མཚན་དེ་ལ་བརྟེན་ཏེ་རང་ཉིད་ནས་དེ་རིང་ནས་བཟུང་སྟེ། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུ་ཡིན་པ་ལས་སྲོལ་རྒྱུན་གྱི་དད་པ་ཙམ་གྱིས་མགོ་བཏུམ་ལུས་བཏུམ་བྱས་ནས་མི་འདུག་ཅེས་སྨྲས་པ་ཡིན། སྲོལ་རྒྱུན་གྱི་དད་པའི་དབང་དུ་བྱས་ན་བླ་མ་ཡིན་ཁུལ་བྱེད་མཁན་ཡོད་ཚད་ལ་མགོ་སྒུར། གནའ་སྔ་མོ་ཅིག་ཅིག་ཟིག་གསུངས་འདུག་སྐྱབས་སུ་མཆི་ཟེར། དཔྱད་པས་དྲངས་བའི་དད་པ་འདིས་བླ་མ་ཡིན་ཟེར་ཚང་མར་མགོ་མིསྒུར། རང་གིས་དཔྱད་པའི་ལམ་ནས་ངེས་པ་ཞིག་མ་རྙེད་བར་དུ་མི་འཇིག་གདོང་ལྔའི་བཏེགས་པའི་ཁྲི་ཐོག་ལ་འགྱིངས་བའི་བླ་མ་ཞིག་གིས་གསུངས་ཀྱང་མགོ་མི་སྒུར། གཞུང་ལུགས་རྒྱ་མཚོ་ལྟ་བུའི་དོན་རྣམས་སྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་རང་རྒྱུད་ལ་མེད་ཅིང་ཐོས་བསམ་ཕྲ་མོའི་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་གི་འའགྲེལ་བཤད་རྒྱག་དགོས་ན་ངས་མི་ཤེས་ཀྱང་ང་ཅིག་ཅིག་ཡིན་ཟེར་ནས་གོས་ཆེན་དགུ་བརྩེགས་གྱོན་པའི་བླ་མ་དག་གིས་རྐང་མགོར་ཐོད་པ་མི་གཏུགས། དེ་བཞིན་གསུང་རབ་ཡིན་ཀྱང་རང་གིས་དཔྱད་པ་བྱས་ཏེ་ངེས་པ་རྙེད་དེ། གསུང་རབ་འདི་ཚེ་འདི་ཕྱི་གཉིས་ཀར་ཕན་ཐོག་ཅན་ཞིག་ཡིན་ན་སྤྱི་བོའི་གཙུག་ཏུ་བཀུར་བ་ལས། འདི་བླ་མ་རྩ་ཆེན་ཞིག་གིས་གསུང་པ་རེད་ཟེར་ནས་དུས་ནམ་ཡང་གཡམ་རྒྱུགས་ཀྱི་རིགས་མི་བྱེད། རང་ལ་དགོས་པའི་དད་པ་ནི་རང་གིས་དཔྱད་པ་བྱས་ཏེ་བླ་མ་དང་གསུང་རབ་གང་ཞིག་ཡིན་རུང་། རང་གི་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་ཐོག་ཡོད་མེད་དཔྱད་པ་ཕྲ་རག་གཉིས་བར་བཙུར་ཡོང་བའི་དད་པ་ཞིག་ཡིན། དེ་ལྟ་བུའི་དད་པ་ཞིག་ལ་དུས་རབས་ཉེར་གཅིག་པའི་ནང་མཁོ་བའི་དད་པ་ཟེར་ན་ཆོག་སྙམ། དེ་ལ་དད་པ་གཙང་མ་ཞེས་སྨྲོས་ནའང་ཆོག གཞུང་ལུགས་ནང་དྭངས་བའི་དད་པ་ཞེས་བརྗོད་པ་བཞིན། ང་ཚོར་མཁོ་བའི་དད་པའམ་དུས་རབས་ཉེར་གཅིག་པའི་ནང་པ་ཚོར་མཁོ་བའི་དད་པ་ཞེས་བརྗོད་ཆོག བསམ་གྱིས་མི་ཁྱབ་པའི་སྔོན་བྱོན་རིག་འཛིན་མཁས་གྲུབ་ཀྱིས་དད་པ་འཇོག་སྟངས་འདི་ལྟར་སྣང་།

དེ་ནས་རབས་ཉེར་གཅིག་པའི་ཤེས་ཡོན་གྱི་སྐོརནས་ཅུང་ཙམ་བཤད་ན།

དེ་ནས་དེང་སང་ཁྲི་མཐོ་པོའི་ཐོག་ནས་འགྱིངས་ཏེ་སློབ་ཕྲུག་སྟོང་ཕྲག་ལ་གདམ་ངག་གནང་མཁན་གྱི་བླ་མ་རྣམས་དང་། རྒྱལ་ཁབ་དབང་བསྒྱུར་བྱེད་མཁན་གྱི་ཁ་ཁོག་མི་མཚུངས་བའི་ཆབ་སྲིད་པ་རྣམས་སོགས་མདོར་ན་དེང་དུས་འཛམ་གླིང་གི་སྤྱི་ཚོགས་ཧྲིལ་བོའི་ཆེས་མི་རུང་བའི་ཁ་པར་འདི། དེ་བཞིན་དེང་སང་སྤྱི་ཚོགས་ནང་མེད་དུ་མི་རུང་བའི་ཀློག་ཀླད་ཀྱི་ཤེས་བྱ་དེ་དག་གཙོའི་པའི་དུས་རབ་འདིར་ཆེས་མཁོ་བའི་ཤེས་བྱའི་རྣམ་གྲངས་བསམ་གྱི་མི་ཁྱབ་པ་དག། ལྷག་པར་ཚན་རིག་གི་ཤེས་བྱ་ཞིག་སྦྱང་འགོ་འཛུགས་བཞིན་པ་འདི་དག་སྦྱང་སྟེ། གང་ལྟར་འཛམ་གླིང་ཤར་བསྐྱོད་ཀྱི་ལམ་ཆེན་ནང་ནས་རང་ཉིད་རྗེས་ལུས་མ་གྱུར་བ་གཅིག་བྱེད་ཐུབ་ན་རང་གི་མི་ཚེ་ལ་གྲུབ་འབྲས་མི་དམན་པ་ཞིག་ཡོད་ཅེས་བཤད་ན་འགྲིག རང་གི་མི་ཚེ་རང་མི་རིགས་ལའང་ཞབས་འདེབས་ཆེན་པོ་སྒྲུབ་ཀི་ཡོད། ང་ཆོས་པ་ཡིན་ཞེས་དེ་དག་མི་དགོས་ཞེས་རུས་མེད་ཀྱི་ལྕེའི་ནང་ནས་ཐེངས་ཅི་ཙམ་སྨྲས་ཀྱང་རུང་ཁ་པར་བེད་སྦྱོང་མི་གཏང་མཁན་ཞིག་ཤིན་ཏུ་དཀོན་པས། ཁ་པར་ནང་གི་ཤེས་དགོས་པའི་ངོ་མཚར་ཅན་དེ་དག་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་འདུག འཛམ་གླིང་གི་ཁ་པར་གོང་ཚད་ཆེ་ཤོས་ཤིག་ཉོས་ཏེ། ཁ་པར་ནང་ནས་བརྒྱ་ཆ་གཅིག་ཀྱང་བེད་སྤྱོད་གཏང་མ་ཤེས་ན་ངོ་ཚ་བོ་རེད། དེ་ལས་ཀྱང་གལ་ཆེ་བ་གཅིག་ལ་འཛམ་གླིང་སྤྱི་འགྲོས་ཀྱི་སྐད་ཡིག་སྦྱང་དགོས་པའང་གལ་ཆེན་ཞིག་རེད། གྲོང་ཁྱེར་ནང་ལ་སླེབ་དུས་དུད་འགྲོ་ནང་བཞིན་གར་འགྲོ་འདི་འགྲོ་མེད་མཁན་ཞིག་དང་ཐ་ན་ཕོ་སྤྱོད་གཉིས་ཀྱང་དབྱེ་བ་མི་ཤེས་མཁན་ཞིག་གྱུར་ཏེ། འཛམ་གླིང་ན་སྙན་གྲགས་ཡོད་པའི་ཀུ་ཤུ་རྟགས་ཅན་ཅན་གྱི་ཁ་པར་ཞིག་ལག་བཟུང་སྟེ་ཕོ་སྤྱོད་མོ་སྤྱོད་གང་དབྱེ་བ་མི་ཤེས་པ་དང་། ནང་ལ་འཛུལ་ས་རེད་དམ་ཕྱིར་ཐོན་ས་ཡིན་མིན་ཤེས་པར། ངས་ནང་ཆོས་ཤེས་ཀྱི་ཡོད་ང་ཉམས་ལེན་པ་ཡིན་ཞེས་ཅི་ལྟར་བཤད་ཀྱང་ཁྱོད་རྗེས་ལུས་རེད། གལ་ཏེ་མི་ཚེ་གང་བོར་ནང་ཆོས་ཀྱི་ཉམས་ལེན་མཛད་དེ་བྲག་ཕུག་ལ་བཞུགས་བསམ་འཆར་མེད་ཀྱང་། ནང་ཆོས་སྦྱང་བཞིན་གྲོང་ཁྱེར་ལ་འགྲོ་དགོས་མཁན་ཞིག་ཡིན་ཚེ་འཛམ་གླིང་གི་སྐད་ཡིག་དེ་དག་ངེས་པར་སྦྱང་དགོས་པ་ཞིག་རེད། སྐད་ཡིག་མི་ཤེས་ན་ཅི་ཙམ་བཤད་ཀྱང་། འཛམ་གླིང་ཤར་བསྐྱོད་ཀྱི་ལམ་ཆེན་གྱི་ཕྱི་ལ་ཡོད་པ་ལས་ཁྱོད་ལམ་ཆེན་དེའི་ནང་མེད་པ་ངོ་འཕྲོད་དགོས།  དཔྱད་པ་ཕྲ་མོའི་ལམ་ནས་སངས་རྒྱས་པའི་གཞུང་ལུགས་ཀྱི་དོན་རྟོགས་ཏེ། དེང་དུས་མཁོ་བའི་སྐད་ཡིག་དང་ཀློག་ཀླད་གཙོའི་ཤེས་བྱ་དག་གི་དོན་རྟོགས་ཡོད་མཁན་ཞིག་ཡིན་ཚེ། དུས་རབས་ཉེར་གཅིག་པའི་ནང་པ་ཡིན་པ་མ་ཟད་གནའ་དེང་ཟུང་འབྲེལ་གྱི་མི་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག

 བློ་དམན་བདག་གི་བསམ་ཚུལ་ཙམ་ཞིག་བྲིས། སྤྱི་ལོ། ༢༠༡༦།༡།༡༦། ཉིན།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.