ཧི་བོན་ཟིན་བྲིས།
རང་ཤར་རང་གྲོལ།
སྤྱི་བསྒྲགས།

    འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད། 

ལི་ཐོ།
    <<  < 2021 - 12 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྨྱོ་གཏམ་ནང་གི་དྲང་གཏམ་གྱི་མདའ་མོ། | 2018/12/24 9:59:00



དངུལ་ལོ་འདི་ལས་དབང་ཤུགས་ཆེ་བ་ཟིག

སྲིད་གསུམ་བཙལ་ན་གང་དུ་མི་རྙེད་དེ།

དངུལ་ལོས་བསླད་མ་ཞུགས་པའི་ཆོས་པ་ཞིག

ག་ན་འདུག་གམ་གང་ནས་བཙལ་ན་རྙེད།


བླ་མ་ཞབས་རྟེན་ཕེབས་ན་སྐུ་ཡོན་བརྩི།

བླ་མས་ཕྱག་མོ་བཏབ་ན་འབུལ་བར་བལྟ།

བླ་མའི་སྐུ་གསུང་ཐུགས་ཀྱི་ཉམས་ལེན་དག

དངུལ་ལོའི་ཆེད་དུ་ཡོད་ཚད་འབུལ་བར་ལྟོས།


ཅིག་ཅིག་ཅིག་ལ་གསང་བའི་བཀའ་རྒྱ་ཡོད།

ཁྱོད་ལ་བསྟན་ན་སྡིག་པ་ཡོད་ཚུལ་གླེང་།

དངུལ་ལོ་མང་བའི་ཨ་ཇོ་ནམ་སླེབ་ན།

གསང་རྒྱ་རལ་དེ་ཡོད་ཚད་བཤད་ན་ཆོག 


བུ་མེད་ལྷ་ཁང་ནང་ལ་མ་ཡོང་ཟེར།

ཕྱི་སྒོར་ཡི་གེ་ཞིག་ཀྱང་བྲིས་ནས་བཞག

རྒྱ་མོ་སྒོར་མོ་ཅན་དེ་འབྱོར་བ་ན།

བོད་མོ་མི་ཆོག་རྒྱ་མོ་ཡོང་ཆོག་ཟེར། 


དངུལ་ལོ་ཡོད་ན་བླ་མ་ཁྲི་ནས་འབབ།

ཅི་དགོས་ཅི་དགའ་ཟེར་ནས་གདོང་ལ་བལྟ།

དངུལ་ལོ་ཡོད་ན་དགེ་བཤེས་ཡོན་ཏན་ཅན།

ཁྱི་བཞིན་རྔ་མ་གཡུག་ནས་འགྲོ་སྲོལ་ཆགས།


གནའ་བོའི་ཆོས་པ་གསེར་བཞིན་མ་བསླད་ཀྱང་།

དེང་གི་ཆོས་པ་གསེར་བོང་བསྲེས་པ་བཞིན།

མ་བསླད་དག་མ་ཁམས་གསུམ་ན་མེད་པས།
ཚང་མར་དངུལ་ལོར་དད་པས་ཅིའི་མ་བསླུས།


འཇིག་རྟེན་འཁོར་བ་ད་རུང་མ་བཏང་བས།

ཆོག་ཤེས་ངེས་འབྱུང་ཕ་རིའི་རྒྱབ་ན་ཡོད།

ཁ་ནས་བཤད་ཀྱང་ལག་ལེན་མི་ཡོང་ན།

བཤད་པ་དེ་ཡིས་ཁྱོད་ལ་ཅི་ཞིག་ཕན།


ལྟ་བ་མཐོ་བར་ཚང་མ་དགའ་ན་ཡང་།

འོག་མའི་ལྟ་བ་ཞིབ་ཕྲ་མི་ཤེས་པས། 

མཐོ་བ་ཤེས་པར་དགའ་མགུ་ཙམ་ཞིག་ལས། 

བོང་བུས་གསེར་གྱི་བཟང་ངན་མི་ཤེས་སོ། 


རྣམ་པར་འབྱེད་པའི་ཤེས་རབ་མེད་པས། 

སྒོམ་ཡོད་ཟེར་ནས་བསྡད་ཀྱང་དོན་མེད་པས།

གཏི་མུག་གོང་འཕེལ་གཏོང་བའི་ཐབས་ལམ་ལས།

གཞན་པའི་ཤེས་རབ་འཕེལ་རྒྱུ་ཡིན་མི་སྲིད། 


དབྱར་གྱི་ཚ་བ་དགུན་གྱི་གྲང་ངར་སོགས།

ངལ་བ་དང་དུ་བླང་ནས་ལོ་མང་རིང་།

རྩོད་པ་བྱས་ཀྱང་སེམས་རྒྱུད་མ་ཐུལ་ན།

ཅི་ཞིག་བྱས་ན་དགའ་བའི་བསམ་བློ་ཐོངས།


སེམས་རྒྱུད་ཐུལ་བ་ཕྱི་ཚུལ་ཙམ་མིན་པས།
རང་གིས་རང་ལ་ལེགས་པར་བརྟགས་བྱས་ཏེ།

རང་རྒྱུད་གྱོང་པོ་ཐུལ་བའི་རྟགས་འདུག་གམ།

ཞེས་པའི་དྲི་བ་རང་གིས་རང་ལ་ཐོངས། 


ཕྲེང་བ་བཟུང་ནས་མིག་བཙུམ་ཐལ་སྦྱར་ཀྱང་།

ཁ་ནས་མ་ཏྲི་འདོན་བཞིན་མི་ཁོམ་རུང་།

བསམ་བློ་འཁོར་བའི་ཆགས་སྡང་ནང་ཡོད་ན།

ཆོས་གཟུགས་ཙམ་ལས་ཆོས་པ་རྣམ་དག་མིན།


སེམས་བསྐྱེད་བཤད་དུས་དམིགས་པ་ཆེ་ཚུལ་བཤད།

སྙིང་རྗེ་བཤད་དུས་གཞན་གྱིས་སྡུག་བསྔལ་བཤད།

རང་ཐོག་བབས་དུས་ཐམས་ཅད་སྒྲུང་ཡིན་ན།

དཀའ་ངལ་ཆུད་ཟོས་ཡིན་ལ་ཕྱག་ཅིག་འཚོལ།


གཞན་ལ་བཤད་དུས་མིག་དེ་གསལ་གསལ་ཞིག

རང་ལ་བལྟ་དུས་མིག་དེ་རབ་རུབ་ཅན།

རང་གཞན་རྒྱ་མར་ཚད་ཡང་མི་ཤེས་ན།

མཐོན་པོ་བཤད་ཀྱང་དམའ་མོའི་ཚད་གཞི་བྲལ།


རང་དགོན་རང་ཕྱོགས་མཐོ་རབ་ཡག་རབ་ཅིག།

གཞན་དགོན་གཞན་ཚོ་སྡུག་རབ་ངན་རབ་དེར།

ཁྱོད་ལས་གཞན་པ་སུས་ཀྱང་མི་བརྩི་བས།

ངལ་བ་དོན་མེད་དེ་ཚོ་འཕྲག་མ་ལེན།


གནའ་དུས་བཟང་ན་དེང་དུས་ངེས་པ་མེད། 

གནའ་དུས་ངན་ན་དེང་དུས་ངེས་པ་མེད། 

ཡོན་ཏན་གང་ན་ཡོད་ན་དེ་རང་ལས།

སྔོན་ལ་ཁྱོད་ཉིད་སུས་ཀྱང་འཇོག་མི་སྲིད། 


སྨྱོ་གཏམ་ལུང་གང་བཤད་པས་སྨྱོ་རྟགས་བསྟན།

སུ་དང་གང་ལ་གནོད་པའི་ཚིག་ཡོད་ཚེ།

ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཉིད་ལ།

མཐོལ་བཤགས་བཟོད་གསོལ་ལན་བརྒྱར་ཅིས་མི་ཞུ།

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.