ཧི་བོན་ཟིན་བྲིས།
རང་ཤར་རང་གྲོལ།
སྤྱི་བསྒྲགས།

    འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད། 

ལི་ཐོ།
    <<  < 2021 - 11 >  >>
    123
    45678910
    11121314151617
    18192021222324
    252627282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཚད་མའི་རིག་སྒྲ། | 2018/11/18 1:13:00

 

གཤེན་རབ་བསྟན་པའི་སྲོག་རྩ་ཆད་རན་དུས། 

གཤེན་རབ་བསྟན་པ་ཐུགས་ཀྱི་དཀྱིལ་བཞག་སྟེ།

ཕྱོགས་བཅུ་ཀུན་ན་མཛད་པའི་ཕྲིན་ལས་ཅན།

སྨྲ་སེང་ཡོངས་འཛིན་རྟག་ཏུ་རྒྱལ་གྱུར་ཅིག

 

བསྟན་པར་སྨན་པའི་མཛད་བཟང་གསེར་འཁོར་ཅན།

ས་གནམ་མ་གཏོགས་ཤེས་མཁན་མེད་གནས་དེར།

གཤེན་བསྟན་གདུག་དཀར་དགུང་ལ་ཕྱར་མཛད་མཁན།

ཁྱེད་མིན་གཞན་ཞིག་བོན་ལ་ཡོད་དམ་ཅི།

 

གྲྭ་ས་གོང་མའི་ལམ་ལུགས་མི་ཉམས་ཆེད།

ཚད་མ་རིག་སྒྲ་འདི་ཕྱོགས་གསར་བཙུགས་ཏེ།

ཚད་མའི་འཆད་ཉན་གནམ་སར་ཁེང་བའི་རྟགས།

ད་ལྟའི་ཚད་མའི་རིག་སྒྲ་འདི་ལ་ལྟོས།

 

 

 

ཚིག་གི་ལོ་མ་ཅི་ཙམ་བྲིས་ཀྱང་རུང་།

གླེང་བར་འདོད་པ་དངོས་ནི་གཉིས་རང་སྟེ།

འཕྲུལ་སྒྲོན་ཡིག་ཆར་བཟུང་བའི་དགེ་ཕན་དང་།
འཕྲུལ་སྒྲོན་ཉིད་ཀྱི་ཁྱད་བོན་གླེང་བར་སྤྲོ།

 

གདན་ས་ཁྲི་བརྟན་ནོར་བུའི་ཡང་རྩེ་ན།

ཚད་མ་འཕྲུལ་སྒྲོན་གཞི་རུ་འཛིན་དགོས་ཞེས།

ཡོངས་འཛིན་བླ་མས་ཡང་ནས་ཡང་གསུངས་པས།

རྒྱུ་མཚན་མི་འདུག་ཟེར་ན་གཏིང་བགད་འཆོར།

 

གོ་བར་དཀའ་ལ་རིག་ལམ་དེ་མེད་པས།

ཚད་མ་ཡིག་ཆ་བཟུང་ན་རིག་ལམ་སྟོར།

ཚིག་མཐའ་ལྷུང་བའི་ཚད་མ་གཙིགས་བཟུང་ན།

དོན་མེད་ཡིན་པས་གསུང་པ་ཅི་ལ་མིན།

 

རང་གཞུང་རྣལ་མའི་སྙིང་བཅུད་ཀུན་བཏུས་ཤིང་།

གཞན་གཞུང་དག་ནི་འུབས་སུ་ཆུབ་འགྲོ་བས།།

ཚད་མ་འཕྲུལ་སྒྲོན་ཡིག་ཆར་འཛིན་དགོས་ཞེས།

ཡོངས་འཛིན་བླ་མའི་བཞེད་དོན་མིན་ན་ཅི།

བློ་གསར་རྣམས་ནི་མགོ་འཐོམ་མི་དགོས་ཤིང་། 

གོམ་འདྲིས་ཅན་གྱིས་དཔྱད་ན་མཐའ་མེད་པས། 

རྣམ་འབྱེད་འཕྲུལ་སྒྲོན་ལས་ལྷག་ཚད་མ་ཞིག

གང་ནས་བཙལ་ཀྱང་རྙེད་པར་མི་འགྱུར་རོ།

 

འཇུག་སྟབས་བདེ་ཞིང་དོན་སྙིང་ཆེ་བ་དང་།

རང་གཞུང་གོང་མའི་དགོངས་པ་དང་མཐུན་ལ།

རྣམ་དཔྱོད་ཅི་ཙམ་བྱས་ན་གཏིང་ཟབ་པས།

ཚད་མའི་རིག་སྒྲའི་སྐབས་སུ་ཡིག་ཆར་བཞག

 

འཕྲུལ་སྒྲོན་རྣམ་ལྔའི་གཞུང་ཆེན་ལ་གཞིག་ན།

དཔྱོད་ལྡན་མཁས་པ་སུ་ཡང་ངོ་མཚར་སྐྱེ།

གབ་འགྲེལ་ཚད་འགྲེལ་ལྟ་བུའི་གཞུང་ཆེན་གཉིས། 

མཁས་བླུན་སུ་ཡང་འགྲན་ཟླ་བྲལ་བས་སོ། 

 

མཇུག་སྡོམ་བྱེད་དུས་དཔྱད་གཞི་འཇོག་པ་ནི།

གཞན་གྱི་འདོད་པར་གུས་ཞབས་ཡོད་པའི་རྟགས།

རང་རློམ་རང་ལ་ཡེ་ནས་མེད་པས་རྟགས། 

སློབ་མའི་སེམས་རྒྱུད་རྩེ་གཉིས་བར་ལ་བཅུགས།

རང་གཞན་གསུང་རབ་ཀུན་ལ་འཇུག་བདེའི་ཕྱིར།

རྣམ་འབྱེད་གསལ་བའི་འཕྲུལ་གྱི་སྒྲོན་མེ་བཤད།

རང་ལྟར་མི་ཆགས་གཞན་ལྟར་མི་སྡང་བར།

གྲུབ་མཐའ་འཆད་པ་ཤེས་རབ་འཕེལ་བྱེད་གསུངས།

 

རིག་ལམ་གསར་དུ་སློབ་པའི་སྐྱེས་བུ་ཚོས།

མཉམ་མེད་ཚད་མར་སློབ་ལ་གཞོལ་ཐུབ་ན། 

རྒྱལ་བ་གོང་མའི་ལུགས་དང་མི་འགལ་ཞིང་། 

ཚིག་དོན་ཟུང་འབྲེལ་བྱེད་པར་མཁས་པར་འགྱུར། 

 

༡༧་༡༡་༢༠༡༨། ལོའི་ཚད་མའི་རིག་སྒྲའི་དམ་བཅའ་གྲོལ་རྗེས་སེམས་ངོར་འཆར་ཚུལ་ཙམ་ཞིག་བྲིས་པའོ།

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.