ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐེག་ཆེན་མཐོང་ལམ་སྐོར་ལ་ཅུང་ཙམ་དཔྱད་པ།།  | 2013/4/17 17:39:00

བོན་བསྟན་མེ་རོ་སླར་ཡང་སྤར་མཛད་དེ།།

བོན་གྱི་བསྟན་པ་འཛམ་གླིང་ཀུན་ཏུ་སྤེལ།།

བོན་གྱི་སྙིང་བཅུད་ཐུགས་ལ་དགོངས་མཛད་པའི།།

བོན་གྱི་རྒྱལ་མཚན་ཡོངས་འཛིན་སྨྲ་བའི་བསྟོད།།

 

 

མཆོད་ཚིག་གིས་མདུན་བསུས་ཏེ། སྐབས་འདིར་གླེང་བར་བྱ་བ་ནི་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་མཐོང་ལམ་སྐོར་ཡིན། དེ་ཡང་གཞན་སྡེའི་ལུགས་ཀྱི་ཐེག་ཆེན་མཐོང་ལམ་སོགས་ཀྱི་རྣམ་བཞག་རྣམས་གསལ་བར་མ་མཐོང་ཀྱང་གཞན་སྡེའི་ལུགས་ལ་ཐེག་ཆེན་མཐོང་ལམ་སྐོར་གྱི་རྣམ་བཤད་མི་མཐུན་པ་མང་དག་ཅིག་ཡོད་སྐད་འདུག། འོན་ཀྱང་རང་ལུགས་ལ་རྨེའུ་མཁས་པ་དཔལ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་ཁམས་འགྲེལ་དང་རྗེ་ཡི་ས་ལམ་འཕྲུལ་སྒྲོན་དེ་བཞིན་ཤེར་ཕྱིན་གྱི་རྣམ་བཤད་དག་གི་དགོངས་པ་དང་བསྟུན་ན། ཐེག་ཆེན་མཐོང་ལམ་སྐོར་མི་མཐུན་པ་མང་པོ་མེད་པར་སྙམ། རང་ལུགས་ལ་ཐེག་ཆེན་མཐོང་ལམ་སྐད་ཅིག་གཅིག་ཁོ་ན་ཡིན་པ་དང་དེ་ཡང་མཉམ་བཞག་ཁོ་ན་ལས་གཞན་མེད་པ་དེ་ཡིན། འགའ་རེས་སྐད་ཅིག་གཅིག་ཁོ་ན་འདོད་ན་མི་འཐད་པས་སྐད་ཅིག་དུ་མ་ཡོད་དགོས་པར་བཤད་མཁན་འདུག དེའི་རྒྱུ་མཚན་གང་ཡིན་ཞེ་ན། ཐེག་ཆེན་མཐོང་ལམ་ལ་སྐད་ཅིག་དུ་མ་ཡོད་དགོས་ཏེ།  སེན་གོལ་གཅིག་གི་ཡུན་ཚད་ཙམ་གྱི་ནང་ལ་སྐྱེས་པའི་ཐེག་ཆེན་མཐོང་ལམ་སྐད་ཅིག་གཉིས་པ་ནས། སྟོང་པ་ཉིད་ལ་འདྲིས་མི་སྲིད་ཅེས་བཤད་མཁན་འདུག། དེ་དག་གི་བསམ་བློའི་འཁོར་ཕྱོགས་ལ་བརྟགས་ན། ཤིན་ཏུ་ཁྱད་མཚར་བ་ཞིག་འདུག་སྟེ། ཐེག་ཆེན་གྱི་བློ་ཡི་ནུས་པ་དང་ཐེག་དམན་གྱི་བློི་ཡི་ནུས་པ་གཉིས་གོ་བསྡུར་བྱས་ཏེ། ཐེག་དམན་ལ་དེ་ལྟར་ཡོང་མི་སྲིད་པ་རྒྱུ་མཚན་བྱས་ནས། ཐེག་ཆེན་ལ་ཡོང་མི་སྲིད་ཅེས་པ་ལྟ་བུར་བརྗོད་འདུག ངའི་བསམ་པར་དེ་ནི་ཐེག་དམན་ལ་དེ་ལྟར་མི་སྲིད་ཀྱང་ཐེག་ཆེན་ལ་དེ་ལྟར་མི་སྲིད་པའི་རྒྱུ་མཚན་ཅུང་ཟད་ཅིང་མེད་པ་མ་ཟད། ཐེག་ཆེན་གྱི་བསམ་གྱི་མི་ཁྱབ་པའི་བློ་ཡི་ནུས་ཚད་ལ་བསམ་ན། དེ་ལྟར་སྲིད་པའི་ལུང་རིག་གཉིས་ཡོད་དེ། དང་པོ་ལུང་ནི། ཁམས་འགྲེལ་ལས། བོན་ཉིད་མངོན་སུམ་དུ་གསལ་ཝལ་གྱིས་མཐོང་དེ་ཁོ་ན་མཐོང་ལམ་ཡིན་ལ་དེ་ལས་གཞན་པའི་ལམ་ཐམས་ཅད་སྒོམ་པའི་ལམ་ཡིན་ཞེས་དང་། ས་ལམ་ལས་ཅིང་རྒྱུ་བོན་མཆོག་ཆེན་པོའི་དེ་མ་ཐག་རྐྱེན་ལས་སྐྱེས་པའི་མངོན་སུམ་ཚད་མ་ཡིན་པའི་ཕྱིར་སོགས་ལུང་ཡོད་དོ་ཅོག་འདིར་འདྲེན་དགོས་ན་ཤིན་ཏུ་མང་ངོ་། རིག་པའི་བརྟགས་ན་ཐེག་ཆེན་གྱི་བློ་ཡི་ནུས་ཚད་ནི་དུས་མཐའི་སྐད་ཅིག་མ་གཅིག་གི་ནང་འདྲིས་ཐུབ་སྟེ། དཔེར་ན། བློ་སྟོབས་ལྡན་པའི་མི་གཅིག་དང་བློ་ཡི་ནུས་པ་ཤིན་དུ་ཞན་པའི་མི་གཉིས་ཀྱིས་མཉམ་དུ་ཤེས་བྱའི་གནས་ལ་སྦྱང་བརྩོན་བྱས་ཚེ་མགྱོགས་དལ་གྱི་ཁྱད་པར་ཆེན་པོ་ཡོད་པ་མངོན་གྱིས་གྲུབ་པ་བཞིན། ཐེག་ཆེན་གྱི་བློ་ཡི་ནུས་པ་དང་ཐེག་དམན་གྱིས་བློ་ཡི་ནུས་པ་གཉིས་བསྡུར་ན། དེ་གཉིས་ལ་ཁྱད་པར་གནམ་ས་ཞིག་ཡོད་པ་དེ་ནི་ཐོས་བསམ་པ་ཞིག་གི་ངོས་ནས་བསམ་ན་རྟོགས་དགོས་པའི་གནད་ཅིག་ཡིན་པར་སྙམ། དེར་བརྟེན་ཤེར་ཕྱིན་ལས་རྟེན་མཐོང་ལམ་པ་དང་ལམ་སྒོམ་ལམ་ཞེས་པ་དེ་ནི་ཤིན་ཏུ་ལེགས་པའི་གདམས་པ་ཞིག་སྣང་སྟེ། ལམ་གྱི་དབང་དུ་བྱས་ན་སྦྱོར་ལམ་བོན་མཆོག་ཆེན་པོའི་རྟོགས་པ་རྫོགས་ནས་དུས་མཐའི་སྐད་ཅིག་མ་གཅིག་གི་མཇུག་ཐོག་ཏུ་སྒོམ་ལམ་གྲུབ་ཚར་ཞིང་། ས་ཡི་དབང་དུ་བྱས་ན་ས་དང་པོ་སྟེ། མཐོང་བའི་ལམ་གྱི་བསམ་གྱི་མི་ཁྱབ་པའི་ཡོན་ཏན་རྣམས་འབྱེད་བཞིན་པའི་སྐབས་ཡིན་པ་འམ། ཡང་ན་ས་དང་པོའི་ཡོན་ཏན་རྣམས་འབྱེད་བཞིན་པའི་སྐབས་ཡིན་པའི་ཕྱིར། ཤེར་ཕྱིན་ལས། རང་ལུགས་ལ་བདེན་བཞིའི་བོན་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པས་ཐེག་ཆེན་མཐོང་ལམ་སྐད་ཅིག་གཅིག་ཁོ་ནའོ། ཞེས་གསུངས་སོ། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ཐེག་ཆེན་མཐོང་ལམ་སྐད་ཅིག་གཅིག་ཁོ་ན་འདོད་ན་ལུང་རིག་གཉིས་ཀྱིས་སྐྱོན་མེད་ཅིང་ཤིན་ཏུ་ལེགས་པར་སེམས་སོ། གཞན་ཡང་རང་ལུགས་ཀྱི་ལུང་ཕར་མོ་ཆེ་ལས་ཐེག་ཆེན་མཐོང་ལམ་སྐད་ཅིག་གཅིག་ལས་སྐྱེ་བ་ཡིན་གསུངས་པ་རྣམས་ཀྱི་གནད་ཅིང་མཐོང་སྤང་རིམ་པའི་སྤང་མི་དགོས་པར་དུས་ཅིག་ཆར་དུ་སྤང་བས་ནུས་པ་ལྡན་པ་དང་། མཐོང་ལམ་གྱི་ངོ་བོ་གནས་ཚད་ཀྱི་དབང་དུ་བྱས་ཅིང་སྐད་ཅིག་གཅིག་ཁོ་ན་ལས་མེད་པར་གཉིས་རང་ལུགས་ཀྱི་ལུང་ཕར་མོ་ཆེའི་དགོངས་དོན་སྐྱོན་མེད་ཡིན་པར་སྙམ་མོ། ཡང་འགའ་རེས་ཤེར་ཕྱིན་ལས། ཐེག་ཆེན་མཐོང་ལམ་དང་། ས་དང་པོའི་མཉམ་བཞག་ཡེ་ཤེས་དོན་གཅིག་གསུངས་པ་མི་འཐད་དེ། དེ་ཡིན་ན་མཉམ་རྗེས་ཅིག་ཆར་བའི་རྗེས་ཐོབ་མཉམ་བཞག་ཡིན་པར་ཐལ་བའི་སྐྱོན་འདུག་ཅེས་བཤད་མཁན་ཡོད་ཀྱང། ཕྲན་གྱིས་བསམ་ཚུལ་ལ་ཤེར་ཕྱིན་ལས་གསུངས་པ་རྣམས་ཤིན་དུ་འཐད་དེ། མཉམ་རྗེས་ཅིག་ཆར་བའི་གང་ཟག་གི་རྒྱུད་ཀྱི་མཉམ་བཞག་དང་རྗེས་ཐོབ་གཉིས་མཉམ་བཞག་རང་ཡིན་པ་རྗེ་རིན་པོ་ཆེའི་ས་ལ་ཞིབ་ཕྲ་བརྟགས་ན་ངེས་ཤེས་སྐྱེ་ངེས་སོ། གཞན་ཡང་མཉམ་བཞག་མངོན་དུ་ལྡང་བའི་གནས་སྐབས་སུ་མཉམ་བཞག་རང་མ་གཏོགས་གཉིས་སྣང་ཅན་གྱི་བློ་ཞིག་མངོན་དུ་གྱུར་བ་ཡོད་མི་སྲིད་ཅིང་། གལ་ཏེ་དེ་འདྲ་ཞིག་ཡོད་ན་འགྲོ་ལ་ཤེས་རྒྱུད་གཉིས་འཆང་བར་འགྱུར་རོ། འོ་ན་མཉམ་རྗེས་ཅིག་ཆར་བ་ཞེས་པའི་གོ་དོན་གང་ཡིན་ཟེར་ན། དེའི་གོ་དོན་ཡོད་དེ་མཉམ་བཞག་རང་གི་སྣང་ངོར་སྣང་བ་ཙམ་བཀག་མི་དགོས་པར་ཡོད་པ་འམ་རྗེས་ཐོབ་ཀྱི་བྱེད་ལས་མཉམ་བཞག་རང་གི་བྱེད་ཐུབ་པའི་ཆ་ནས་མཉམ་རྗེས་ཅིག་ཆར་བ་ཞེས་པའི་གོ་དོན་འཇོག་ལ། མཉམ་བཞག་དང་རྗེས་ཐོབ་གཉིས་བློ་མི་འདྲ་བ་གཉིས་ཡོད་པའི་དོན་མིན་ནོ། འདི་ཡི་སྐོར་ལ་དཔྱད་པ་མང་པོ་བྱེད་དགོས་ཡོད་ཀྱང་དུས་ཚོད་ཀྱི་དབང་གི་གནས་སྐབས་དེ་ཙམ་མོ། རྗེས་མར་མུ་མཐུད་ནས་དོ་སྣང་བྱ་ནས་འབྲི་ངེས་ཡིན། ཐུགས་རྗེ་ཆེ། དཔལ་ལྡན་ཁྲི་བརྟན་ནོར་རྩེའི་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་བསྟན་པ་དར་རྒྱས་ནས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.