ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཇིག་རྟེན་འདི་ནས་ཚེ་རིང་མཚོ་ཞེས་པའི་བུད་མེད་ཅིག་མཐོང་བའི་གནས་ཚུལ་སྙིང་བསྡུས། | 2012/7/29 21:18:00

འཇིག་རྟེན་འདི་ནས་ཚེ་རིང་མཚོ་ཞེས་པའི་བུད་མེད་ཅིག་མཐོང་བའི་གནས་ཚུལ་སྙིང་བསྡུས།

ཕྲན་གྱིས་མིང་ལ་མགྲིན་སྙན་ངག་གི་ཁུ་བྱུག་ཟེར་གྱི་ཡོད། ༡༩༩༩།ལོར་བོད་གངས་ཅན་ཞིང་ནས་རྒྱ་གར་ལ་སློབ་གཉེར་བྱེད་པར་ཡོང་བ་ཡིན། དེ་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ཆེན་མོ་དེའི་ནང་དུ་འཛུལ་ཞུགས་བྱས་ཏེ་མི་ལོ་འགའ་ཞིག་གི་རིང་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་པ་ཡིན། གུས་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་དུ་ཡོད་སྐབས་རྒྱུན་དུ་བོད་ནས་གསར་འབྱོར་མི་ཉུང་ཞིག་འབྱོར་བཞིན་ཡོད་པ་དང་། ༢༠༠༥། ལོའི་ཟླ་བ་༡༢།སླར་ཡང་བོད་ནས་གསར་འབྱོར་འགའ་ཞིག་སླེབ་སོང་། གསར་འབྱོར་འགའ་ཞིག་སླེབ་པའི་ཕྱི་ཉིན་ཞོགས་པ་རང་ཉིད་ཀྱི་ངོ་གདོང་འཁྲུ་བཞིན་པའི་སྐབས་དེར།  ངའི་གྲོགས་པོ་དོན་འགྲུབ་ཀྱིས་ཁ་སང་གསར་འབྱོར་འགའ་ཞིག་སླེབ་རྒྱུ་དེ་ཚོའི་ནང་བུད་མེད་མཛེས་མ་ཞིག་འདུག་ཞེས་ལབ་སོང་། ཡིན་ནའང་ཕྲན་དུས་རྒྱུན་དུ་བུད་མེད་ཀྱི་སྐོར་ལ་དོ་སྣང་ཆེན་པོ་དེ་ཙམ་མེད་ཅིང་།  ཁོས་དེ་ལབ་དུས་ཀྱང་དོ་སྣང་ཆེན་པོ་མ་བྱུང་། ཕྱི་ཉིན་ཞོགས་ཀ་གྲོགས་དོན་འགྲུབ་དང་ངེད་གཉིས་མཉམ་དུ་ཁ་ལག་ཟ་བར་སོང་ནས་ཚུལ་ཉར་ཁང་ནང་དུ་ཡོང་སྐབས་དེར་མི་ཆ་མེད་འགའ་ཞིག་སློབ་གྲྭའི་ར་བའི་ནང་ཡར་སྐྱོད་མར་སྐྱོད་བྱེད་བཞིན་འདུག ངའི་དོན་འགྲུབ་ལ་ཕར་ཕྱོགས་ཀྱི་མི་ངོ་མི་ཤེས་པ་དེ་ཚོ་སུ་རེད་ཅེས་དྲིས་པ་ཡིན། ཁོ་གད་མོ་ཞིག་ཤོར་བཞིན་ཁ་སང་བོད་ནས་གསར་འབྱོར་ཁ་ཤས་ཤིག་ཡོང་རྒྱུ་དེ་ཚོ་རེད།  ཁྱོས་ཀྱང་ཤེས་འདུག་ཅེས་བརྗོད་བྱུང་།  དེ་ནས་དོན་འགྲུབ་ཀྱིས་ང་ལ་མུ་མཐུད་ལྟོས་དང་བུད་མེད་མཛེས་མ་དེ་ཕར་ཕྱོགས་དེ་རེད་ལབ་སོང་། ངའི་མིག་ཟུང་གཉིས་ཀས་མོ་ལ་གཅིག་བལྟས་པ་ཡིན།  འོན་ཀྱང་བུད་མེད་དེའི་ངོ་གདོང་ཚང་མ་རས་ཤིག་གིས་བཏུམ་འདུག་པས་ངོ་གདོང་མཐོང་གི་མི་འདུག  ཡིན་ནའང་ལུས་ཀྱི་སྒེག་ཉམས་ཤིན་ཏུ་མཛེས་པོ་ཞིག་འདུག དེ་ནས་གྲོགས་དོན་འགྲུབ་དང་ངེད་གཉིས་ཕར་ཉར་ཁང་ནང་ལ་ཕྱིན་པ་ཡིན། ཉིན་འགའི་རྗེས་སུ་གྲོགས་དོན་འགྲུབ་དང་ངེད་གཉིས་ཀྱིས་ཕ་ཡུལ་གྱི་གནས་ཚུལ་གླེང་མོལ་བྱེད་བཞིན་ཁ་ལག་ཟ་བར་ཕྱིན་དུས་སློབ་ཕྲུག་རྣམས་འཚང་ཁ་ཤིག་ཤིག་ཁ་ལག་ལེན་རྒྱུར་གོ་རིམ་བསྒྲིགས་ནས་འདུག དོན་འགྲུབ་ཀྱིས་ང་ལ་ལྟོས་དང་ཁ་སང་སྔོན་མ་བོད་ནས་གསར་འབྱོར་བ་དེ་ཚོའི་ནང་གི་བུད་མེད་མཛེས་མ་དེ་ཕ་གིར་འདུག་ཅེས་ལབ་སོང་། ཁོ་བོའི་སླར་ཡང་མིག་ཟུང་གཉིས་ཀ་བུད་མེད་དེའི་ཕྱོགས་སུ་གཏད་པ་ཡིན། ཡིན་ནའང་མོ་རང་གིས་ཁ་ཕྱོགས་ཕར་འཁོར་བསྡད་ཡོད་པས་ངོ་གདོང་མཐོང་གི་མི་འདུག  འོན་ཀྱང་སེམས་ངོར་འཆར་བའི་ལུས་ཀྱི་སྒེག་ཉམས་ནི་རང་དབང་མེད་པར་སེམས་འགུག་པའི་ནུས་པ་ཐུན་མིན་ཞིག་འདུག དུས་རྒྱུན་དུ་བུད་མེད་ཀྱི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད་ཀྱང་དེའི་ཉིན་རང་དབང་མེད་པར་བུད་མེད་དེའི་ངོ་གདོང་མཐོང་ན་སྙམ་པའི་དྲན་པ་ཞིག་ཐོལ་གྱིས་སྐྱེས་བྱུང་། དེ་ནས་དོན་འགྲུབ་དང་ངེད་གཉིས་ཀྱིས་ཁ་ལག་བླང་ནས་ཉལ་ཁང་ནང་དུ་ཡོང་སྐབས། ད་གཟོད་བུད་མེད་དེའི་ཁ་ལག་བཟས་ཚར་ནས་ཁ་ལག་ལྷག་མ་གཙང་བཟོ་བྱེད་པར་ཡོང་བཞིན་འདུག མོ་རང་གི་ལུས་ཀྱི་སྒེག་ཉམས་ཤིན་ཏུ་མཛེས་པོ་ཡོད་པ་མ་ཟད། ཞལ་རས་ཉ་གང་ཟླ་བ་ནང་བཞིན་སྐྱོན་གྱི་དྲི་མ་རྡུལ་ཙམ་གྱིས་ཀྱང་མ་གོས་པར་ཆགས་ལྡན་སྐྱེ་བོ་སུ་ཞིག་གིས་མཐོང་ནའང་། སེམས་པ་མི་ཤོར་མི་སྲིད་བསམ་པ་ཞིག་འདུག དེ་དུས་ངའི་མོ་རང་གི་ཞལ་རས་ཐོག་མ་དང་པོ་མཐོང་སོང་ལ། ངའི་སེམས་པ་ཡང་ལུས་པོའི་ཕྱི་ལ་བུད་ནས་མོ་རང་དང་མཉམ་དུ་བཞུད་སོང་། དེ་ནས་དོན་འགྲུབ་དང་ངེད་གཉིས་ཕར་འགྲོ་བཞིན་ཡོད་པ་དང་མོ་རང་ཚུར་ཡོང་བཞིན་འདུག དོན་འགྲུབ་ཀྱིས་ཀུ་རེའི་ཚུལ་བྱས་ཏེ་དབྱིན་ཇིའི་སྐད་ཐོག་ནས་ཧི་ལོ་ཞེས་ལབ་སོང་། དེ་དུས་མོ་རང་གིས་ང་གཉིས་ལ་ཚུར་ལྟ་ཙམ་བྱེད་ཞོར་དུ་འཛུམ་མདང་གི་མེ་ཏོག་འཐོར་བཞིན་མགོ་སྒུར་སྒུར་བྱས་ཏེ་བཞུད་སོང་། དེ་ལ་བརྟེན་ནས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། ཉིན་དེ་ནས་བཟུང་སྟེ་སློབ་སྦྱོང་བྱེད་རྒྱུར་ནུས་པ་ཆུང་དུ་ཕྱིན་པ་དང་བུད་མེད་དེ་སེམས་ལ་འཆར་རྒྱུ་མང་རུ་མང་རུ་ཕྱིན་ནས་ཉིན་གྲངས་བཅུ་ལྷག་ཅིག་ཕྱིན་སོང་། དེ་རྗེས་ངའི་གྲོགས་པོ་དོན་འགྲུབ་ལས་དོན་གཅིག་གི་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིན་སོང་། དོན་འགྲུབ་ལྡི་ལིར་སོང་ནས་ཉིན་གཅིག་གི་རྗེས་སུ་ང་རང་གཅིག་བུ་ཁ་ལག་ཟ་བར་སོང་ཚར་ནས་སློབ་གྲྭའི་ལྡུམ་རའི་ནང་ལ་འཁྱམས་འཁྱམས་ཕྱིན་པ་ཡིན། བོད་ནས་གསར་དུ་འབྱོར་བའི་བུད་མེད་མོ་རང་སློབ་གྲྭའི་མེ་ཏོག་ལྡུམ་རའི་ནང་ལ་སློབ་དེབ་ཅིག་ལག་ཏུ་བཟུང་ནས་བསྡད་འདུག ངའི་བསམ་པར་མོ་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་པར་འདྲི་བསམ་ཀྱང་མོ་རང་མཐོང་དུས་སེམས་རླུང་གིས་གཡོས་པའི་བྱ་སྤུ་ནང་བཞིན་གང་སར་འཐོར་སོང་། དེ་ནས་མོ་རང་གིས་གཉོམ་ཆུང་ཆུང་བྱས་ཏེ། ཨ་མདོའི་སྐད་ཐོག་ནས། ཨ་རོ་ངའི་དབྱིན་ཡིག་འདི་ཆ་ག་མི་ཤེས་གི་ར། ང་ལ་གཅིག་རྩབ་རོགས་ཨུ་བ་ཟེར་གྱི་འདུག མོས་སྐད་ཆ་བཤད་པར་སྙན་གྱི་གསང་ལམ་བརྒྱུད་ནས་སེམས་ནང་དུ་སླེབ་དུས་ཚབ་བེ་ཚུབ་བེ་རླུང་འཚུབ་ནང་གི་མར་མེ་ནང་བཞིན་གྱུར་ནའང་། ཡིན་མདོག་མདོག་བྱས་ཏེ་གང་ཤེས་ཀྱི་མི་འདུག་ཅེས་དྲིས་པ་ཡིན། འདི་ཚོ་ཤེས་ཀྱི་མི་འདུག་ཅེས་བརྗོད་བྱུང་། དེ་དབྱིན་ཇིའི་གསལ་བྱེད་ཉེར་དྲུག་རེད་འདུག དེ་ནས་ངའི་མོ་རང་ལ་གསལ་བྱེད་ཉེར་དྲུག་རེ་རེ་ནས་བསླབ་པ་ཡིན། བཀའ་དྲིན་ཆེ་ཟེར་བཞིན་གདོང་ལ་འཛུམ་མདངས་ཤིག་འཚེར་བཞིན་འགྲོ་གྲབ་བྱས་སོང་། སེམས་ཀྱི་དངས་སྐྲག་བཟོད་པར་བྱས་ཏེ་ཁྱེད་རང་གི་མྱིང་ལ་ཅི་ཟེར་གྱི་ཡོད་ཅེས་དྲིས་པར། ངའི་མིང་ལ་ཚེ་རིང་མཚོ་ཟེར་གྱི་ཡོད། ཁྱོས་མྱིང་ལ་ཆུ་རྫིས་ལེ་རེད་ཅེས་དྲིས་སོང་། ངའི་མྱིང་ལ་མགྲིན་སྙན་ངག་གི་ཁུ་བྱུག་ཟེར་གྱི་ཡོད་ཅེས་ལབ་ཡིན། དེ་ནས་ཁྱོད་རང་གི་ཕ་ཡུལ་གང་ནས་ཡིན་ཞེས་དྲིས་པ་ཡིན། མོས་ང་ཨ་མདོ་རྔ་བ་ནས་ཡིན་ད་ལྟ་ཁོམ་གྱི་མི་འདུག་ང་འགྲོ་རན་སོང་རྗེས་མར་བཤད་དགོས་བརྗོད་བཞིན་གཉོམ་ཆུང་ཆུང་འདྲ་བྱས་ཏེ་བཞུད་སོང་། ངའི་སེམས་ལ་ད་དུང་ཅུང་ཙམ་ངེད་གཉིས་མཉམ་དུ་འདུག་རྒྱུ་བྱུང་ན་ཅི་མ་རུང་བསམ་བྱུང་། ཡིན་ནའང་མོ་རང་སློབ་སྦྱོང་བྱེད་རྒྱུར་དགའ་མོས་ཆེན་པོ་ཡོད་སྟབས།  རྣམ་གཡེང་བྱེད་ནས་བསྡད་ཁོམ་མེད་པས་འགྲོ་རན་སོང་། འགྲོ་ཁར་ཡ་ད་བདེ་མོ་བྱོས་ཨ་ལབ་སོང་། མོ་རང་རྣམ་གཡེང་བྱེད་ཁོམ་མེད་ནའང་། ང་ནི་ཅི་ཡིན་འདི་ཡིན་མེད་པར་མོ་རང་ལ་སེམས་འཁོར་ནས་སློབ་གྲྭ་ཆེན་མོ་དེའི་འཁོར་ཡུག་ནང་དུ་ལུས་ནས་ཆུ་ཚོད་ཕྱེད་ཙམ་རིང་བསྡད་པ་ཡིན། དེ་ནས་སེམས་ལ་ཚེ་རིང་མཚོ་ཞེས་པའི་བུད་མེད་དེ་ཉིན་རེར་ཐེངས་རེ་མི་འཆར་མི་སྲིད་ཅིང་། ངའི་སེམས་ཀྱི་ཡོད་ཚད་མོ་རང་གི་དབང་དུ་ཤོར་སོང་། དེ་ནས་རིམ་གྱི་ལོ་ཟླ་འགའ་ཞིག་འདས་རྗེས་མོ་དང་ངེད་གཉིས་བར་ཐག་ཅུང་ཙམ་ཉེ་བར་ཆགས་ཀྱང་མོ་རང་གཞན་དང་མི་འདྲ་བས་རང་བཞིན་གྱིས་གཤིས་ཀ་འཇམ་ལ་སྦྱང་བརྩོན་ཆེ་བའི་བུད་མེད་ཁྱད་དུ་འཕགས་པ་ཤིག་ཡིན་པས་མོ་ལ་བརྩེ་བ་སྤྲད་མཁན་གྱི་རྒྱུ་ཅན་དཔོན་ཆེན་འདྲ་མིན་འདུག ཡིན་ནའང་ངའི་བསམ་པར་སེམས་གཏིང་ནས་བརྩེ་བ་སྤྲད་མཁན་ང་ལས་མི་འདུག་བསམ་བྱུང་། ཉིན་ཞིག་ངའི་བསམ་པར་མོ་ལ་སྐད་ཆ་གཅིག་བཤད་དགོས་བསམ་ནས་ཆེད་དུ་གཉེར་ནས་མོ་རང་བསྡད་སར་ཕྱིན་པ་ཡིན། མོ་རང་གི་བསྡད་ཁང་དང་ཅུང་ཐག་ཉེ་བར་སླེབ་སྐབས་རང་བཞིན་གྱིས་སེམས་ལ་དངང་སྐྲག་ཆེ་བ་དང་སེམས་པ་མེ་ཏོག་གི་འདབས་མ་ནང་བཞིན་འཐོར་ནས་ཅི་ཡང་བསམ་དུ་མེད་པའི་ངོ་བོར་གྱུར་སོང་བས། ཁ་ཕྱི་ལ་འཁོར་ནས་ཚུལ་སླེབ་པ་ཡིན། མཚན་མོར་མལ་ཁྲིའི་སྟེང་ལ་ཉལ་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏངས་སྟེ། སེམས་ཐག་བཅད་ནས་སང་ཉིན་མོ་རང་ལ་སེམས་གཏིང་གི་སྐད་ཆ་ཁ་ཤས་ཤིག་བཤད་དགོས་བསམ་བཞིན་གཉིད་ཁུག་པ་ཡིན། དེ་ནས་སང་ཉིན་ཞོགས་ཀ་ཡར་ལང་དུས་སློབ་བྱེད་རྒྱུར་སེམས་ལ་མི་འཆར་ཞིང་མོ་རང་གི་རྣམ་འགྱུར་དང་དེ་བཞིན་མོ་རང་གི་འཛུམ་མདང་སོགས་ཡིད་ལ་ལྷང་ལྷང་འཆར་བཞིན་འདུག དེ་ནས་སེམས་པ་དཔང་དུ་བཙུག་ནས་མོ་རང་ལ་གནས་ཚུལ་ཞིག་བཤད་དགོས་བསམ་བཞིན་མོ་རང་འདུག་སའི་ཁང་མིག་གྲུ་བཞིིའི་དེའི་ཕྱོགས་སུ་བསྐྱོད་པ་ཡིན། སེམས་པ་འདར་བཞིན་ཡོད་ནའང་མི་འདར་བའི་ཚུལ་བྱས་ཏེ་སྒོ་ཡར་ཕྱེ་ནས་ནང་ལ་སོང་དུས། མོ་རང་མཐོང་སར་མི་འདུག མོ་རང་གི་གྲོགས་མོ་བསོད་ནམས་ལྷ་མོ་དེར་འདུག ངའི་མོ་རང་ལ་ཚེ་རིང་མཚོ་གང་དུ་ཕྱིན་སོང་ཅེས་དྲིས་པ་ཡིན། མོ་རང་ཕྱི་ལོགས་ལ་ཕོར་པ་བཀྲུ་བར་ཕྱིན་སོང་། དོན་དག་ཡོད་ན་ངའི་མོ་ལ་སྐད་གཏོང་དགོས། གཅིག་བྱས་ན་མགྱོགས་པོར་སླེབ་ཡོང་གྱི་རེད་ལབ་སོང་། ངའི་མོ་རང་ལ་ཡ་ཡ་སྐད་དམིགས་བསལ་གཏོང་མི་དགོས། ངའི་འདི་ནས་ཅུང་ཙམ་སྒུག་འདུག་གི་ཡིན་དོན་གནད་གལ་ཆེན་མེད་ཅེས་བཤད་པ་ཡིན། དེ་ནས་ཅུང་ཙམ་འགོར་རྗེས་འཛུམ་མདངས་ཀྱི་མེ་ཏོག་འཐོར་བཞིན་ལག་པས་ཕོར་པ་ཞིག་བཟུང་ནས་སླེབ་སོང་། ང་ཕར་ཅུང་ཙམ་མོ་རང་གི་གམ་དུ་སོང་སྟེ། ཁྱོད་བདེ་མོ་ཨེ་ཡིན་ཞེས་དྲིས་པ་ཡིན། མོ་རང་གིས་བདེ་མོ་ཡིན་ཁྱོད་བདེ་མོ་ཨེ་ཡིན་ཞེས་ངར་དྲིས་སོང་། ངས་ང་བདེ་མོ་ཡིན་ངར་ཁྱོད་ལ་སྐད་ཆ་ཁ་ཤས་ཤིག་བཤད་རྒྱུ་འདུག་བཤད་ན་འགྲིག་གི་རེད་པས་ཞེས་ལབ་པ་ཡིན། མོ་རང་འགྲིག་གི་རེད་ཤོད་དང་། ཞེས་ལབ་སོང་དེ་ནས་ངས་སེམས་གཏིང་གི་སྐད་ཆ་རྣམས་གཅིག་ནས་གཉིས་སུ་བགྲངས་ཏེ་ཆ་ཚང་མོ་རང་ལ་བཤད་པ་ཡིན། ངས་སྐད་ཆ་དེ་དག་བཤད་ཚར་བའི་རྗེས་སུ་མོ་རང་གི་ཅུང་ཙམ་འགུལ་ཏེ་མ་འཐད་པའི་ཚུལ་ཞིག་བསྟན་ཏེ། མོས་ང་ལ་ཁྱོད་རང་བཤད་པའི་སྐད་ཆ་དེ་ཡོང་རྒྱུར་མེད་པའི་སྐད་ཆ་རེད། ང་དེ་དག་ལ་རྩ་བ་ནས་མོས་མཐུན་མེད་ལབ་སོང་། མོ་རང་གི་ངག་ནས་དེ་འདྲ་བཤད་དུས་ངའི་སེམས་ལ་ཆུ་འཁྱགས་བླུག་པ་ནང་བཞིན་སེམས་གཏིང་ནས་མི་བདེ་བར་ཆགས་སོང་། དེ་ནས་རིམ་པའི་ལོ་དང་ཟླ་བ་མང་པོ་ཕྱིན་ཀྱང་ངེད་གཉིས་ཀྱི་བར་ཐག་ཇེ་རིང་དུ་ཕྱིན་སོང་། རྒྱུ་མཚན་གང་ཡིན་ཞེ་ན། ཡིད་དུ་འོང་བའི་ཚེ་རིང་མཚོ་མོ་རང་རྣམ་འགྱུར་དང་སློབ་སྦྱོང་གང་ཐད་ནས་ཡག་པོ་ཡོད་པས་མོ་ལ་བརྩེ་བ་བྱེད་མཁན་རྣམས་རྒྱུ་ཆེན་དཔོན་ཆེན་ཡིན་པས་ང་འཁོར་ས་རག་གི་མི་འདུག སློབ་སྦྱོང་བྱེད་དྲན་ཀྱང་སེམས་མོ་རང་ཕྱོགས་ལ་འཁོར་བའི་རྐྱེན་གྱིས་སློབ་སྦྱོང་སྤུས་དག་ཅིག་གཏན་ནས་ཡོང་གི་མི་འདུག ཉིན་ཞིག་ངའི་སེམས་འདི་མོ་རང་གི་མིག་གིས་མཐོང་སར་ཇི་འདྲ་བྱེད་ནས་བསྟན་དགོས་བསམ་གྱི་འདུག གལ་ཏེ་མོ་རང་གིས་ངའི་སེམས་མཐོང་རྒྱུ་ཡིན་ན་མོ་རང་ང་ལ་སེམས་གཏིང་ནས་སྙིང་རྗེ་བཅོས་མིན་ཞིག་མི་སྐྱེ་མི་སྲིད་བསམ་པའི་བློ་ཞིག་ཀྱང་སྐྱེས་སོང་། འོན་ཀྱང་མོ་རང་དཔལ་འབྱོར་ལ་དགའ་བ་ལས་རིན་ཐང་གཞལ་དུ་མེད་པས་མི་ཡི་བརྩེ་དུང་སྣང་མེད་བྱེད་མཁན་གྱི་བུད་མེད་ཅིག་འདུག དེ་ནས་ང་རང་གི་བསམ་བློ་རྣལ་མ་ཞིག་བཏང་སྟེ་མོ་རང་དང་འབྲེལ་བ་མི་བྱེད་རྒྱུར་སེམས་ཐག་བཅད་ནས་རྡ་སྟེང་བོད་ཁྱིམ་བོད་གྲྭ་ནས་ཕྱིར་འབུད་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་གཞིས་ཆགས་ཡོད་སར་སློབ་གྲྭར་ཕྱིན་པ་ཡིན། དེ་ནས་ལོ་འགའི་རྗེས་སུ་མོ་རང་ནོམ་ཅན་གྱི་ཕོ་སར་ཞིག་དང་མཉམ་དུ་གཉེན་སྟོན་བྱས་འདུག་ཞེས་པ་ཞིག་གོ་སོང་།

རིན་ཐང་གཞལ་དུ་མེད་པའི་བརྩེ་དུང་ལས།།

རྒྱུ་དངུལ་གཙོ་བོར་འཛིན་མཁན་ཚེ་རིང་མཚོར།།

སེམས་ཀྱི་ཡོད་ཚད་གཏིང་ནས་ཕུལ་ན་ཡང་།།

ཐོབ་རྒྱུ་ཅི་ཡང་མེད་པར་ཧད་དེ་ལུས།།

ཚེ་རིང་མཚོ་ཞེས་བུད་མེད་མཛེས་མ་དེ།།

སེམས་ལ་དྲན་པས་སེམས་པ་སྡུག་ལ་སྦྱར།།

སྔོན་གྱི་བག་ཆགས་མཐུག་པོའི་སྟོབས་ཤུགས་ཀྱིས།།

ལུས་སེམས་གཉིས་ཀ་དྲ་བའི་ནང་དུ་ཚུད།།

གང་ལྟར་ཚིག་གིས་ཇི་ཙམ་བཤད་ན་ཡང་།།

འཇིག་རྟེན་ཧྲིལ་པོའི་སྨིི་ལམ་འདིའི་ནང་ནས།།

ཚེ་རིང་མཚོ་ལ་རང་སེམས་ཤོར་བ་ལས།།

སྲོག་ལྡན་སུ་ལ་སེམས་པ་ཤོར་མྱོང་མེད།།

ཚེ་རིང་མཚོ་དང་བར་ཐག་རིང་ན་ཡང་།།

ཉིན་རེ་བཞིན་དུ་མོ་རང་ཐེངས་མང་དྲན།།

 

Re:འཇིག་རྟེན་འདི་ནས་ཚེ་རིང་མཚོ་ཞེས་པའི་བུད་མེད་ཅིག་མཐོང་བའི་གནས་ཚུལ་སྙིང་བསྡུས། | 2012/7/30 13:43:26
སྐུ་མགྲོན་017Hy4(སྐུ་མགྲོན)ཉོག་གཏམ།
རྩོམ་པ་པོ།:སྐུ་མགྲོན་017Hy4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.