ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རང་གི་ཕ་མྱེས་ཀྱི་ཆོས་ལུགས་རྒྱུད་འཛིན་བྱེད་དགོས | 2012/6/4 15:07:00

  

    རང་གི་ཕ་མྱེས་ཀྱི་ཆོས་ལུགས་རྒྱུད་འཛིན་བྱེད་དགོས།  

 

             ང་ཚོ་གངས་ཅན་པ་རྣམས་ཀྱིས།

             རང་གི་ཁྱད་ནོར་ངོ་ཤེས་ནས།

            ཆོས་ཀྱི་བསླབ་བྱ་མཐའ་ཡས་རྣམས།

            མི་ཉམས་རྒྱུན་འཛིན་དགོས་གལ་ཆེ།

                              

 

              ཕྱོགས་ཞེན་རྨོངས་དད་བྲལ་ཁུལ་གྱིས།

              ལོག་ལྟའི་ལམ་དུ་འཁྲིད་མཁན་དང་།        

              རྒྱུ་མཚན་མེད་པའི་གཡམ་རྒྱུག་མཁན།

              ལན་གཅིག་ཁོ་བོའི་གཏམ་ལ་གསོན། 

 

 

དེང་སང་བོད་ཕྱི་ནང་གང་སར་ཆོས་ལུགས་ལ་དགག་པ་བྱེད་མཁན་གྱི་མཁས་དབང་ཆེན་པོ་རྣམས་ཀྱི་མཚན་སྙན་ཕྱོགས་མེད་དུ་འཕྱོ་ཞིང་། མཁས་དབང་དེ་དག་གི་རྗེས་འཇུག་སློབ་གྲྭ་དང་མང་ཚོགས་ནང་དུ་ཉིན་རེ་བཞིན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་གོ་ཐོས་འདུག  ང་ཚོ་མགོ་ནག་བོད་མི་རྣམས་ཀྱི་ཆོས་པའི་བསམ་བློ་དོར་དེ་དུས་རབས་ཉེར་གཅིག་པའི་དངོས་གཙོ་སྨྲ་བའི་རྗེས་སུ་འབྲང་ཧ་ཅང་ཐལ་ན། ཆོས་ལུགས་དང་ཆོས་ལུགས་ཀྱི་ཕྱི་མོ་རིག་པའི་གཞུང་ལུགས་དག་ལས་བསྟན་པའི་ཕ་རོལ་ཕྱིན་པ་བཅུ་དང་སྟོང་ཉིད་དང་ལས་འབྲས་ཐར་འཁོར་གྱི་རྣམ་བཞག་སོགས་ཕྲ་མཐོང་ཆེ་ཤེལ་དང་།  དངོས་གཙོ་རྩོལ་སྒྲུབ་རིག་པའི་རིག་པའི་ངང་ལ་མེད་ན་མེད་པར་ཐལ་བ་སོགས་ཤིན་ཏུ་ལྐོག་གྱུར་གྱི་བོན་གྱི་རྣམ་གྲངས་མི་འདྲ་བ་མཐའ་ཡས་པ་ཡོད་པ་དག་མ་མཐོང་ཕྱིར་ན་མེད་པར་སྨྲ་དགོས་པར་འགྱུར་རོ།།   ཡ་མཚན་པ་ཞིག་ལ་ཆོས་ལུགས་ལ་དགག་པ་བྱེད་མཁན་གྱི་པཎྜི་ཏའི་བླ་དྭགས་འཆང་བ་རྣམས་ཀྱིས་འདི་དག་གི་དོན་ལ་གཏན་ནས་མི་གཞིགས་པར།  འགའ་ཞིག་གི་ཚིག་ཁོ་ན་ལྷུར་བླང་སྟེ་ཚིག་དེ་དག་དུས་རབས་གང་དུ་བྱུང་མ་བྱུང་སོགས་ལ་བརྟེན་ནས་དགག་པ་བྱེད་པ་དང་། འགའ་ཞིག་གི་ནང་དོན་ངོ་མ་ལ་མི་གཞིགས་པར་ཕྱོགས་གཅིག་ནས་དགག་པ་བྱེད་པ་དང་། འགའ་ཞིག་གི་རང་ཉིད་སྙན་གྲགས་ཅན་གྱི་ནུབ་ཕྱོགས་པའི་མཁས་དབང་གི་ལག་འཁྱེར་ཐོབ་པའི་ཆེད་སོགས་ལ་དམིགས་ནས་དགག་པ་བྱེད་པ་སོགས་མི་འདྲ་བ་མང་པོ་ཞིག་མཐོང་རྒྱུ་འདུག           རེ་འགས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་སོགས་མིང་མཛེས་པོ་བཏགས་ཤིང་རང་ཉིད་ཀྱི་རྟོག་འཆར་གང་བྱུང་དེང་དུས་སྣག་ཤོག་རྫོགས་རྒྱུ་མེད་བཞིན་འཆར་གཏམ་སྣ་ཚོགས་སྤེལ་བ་དང་། གཞན་ལ་སྒྲོག་པ་སོགས་ཀྱི་ལས་ཀ་མང་པོ་བྱེད་བཞིན་པ་དང་། ད་དུང་ཆེས་ཉེན་ཁ་ཅན་ཞིག་ལ་ཆོས་ལུགས་འདིས་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ནང་ལ་ཉེན་ཁ་ཚབ་ཆེན་བཟོས་པ་དང་མ་འོངས་པར་བོད་མི་རིགས་ཀྱི་མདུན་ལམ་ཤར་བསྐྱོད་བྱེད་པའི་ལམ་བུའི་བཀག་རྡོ་ཞིག་ཡིན་པར་བརྗོད་བཞིན་འདུག  དེས་ཀྱང་མི་ཚད་བོད་མི་རིགས་རྗེས་ལུས་ཡིན་པ་དང་ཚན་རིག་དང་དཔལ་འབྱོར་དར་ཁྱབ་མེད་པ་སོགས་ཀྱི་ཉེས་པ་ཚང་མ་ཆོས་ལུགས་ཀྱིས་བྱས་པ་ལྟ་བུ་ཞིག་བཤད་ཀྱིན་འདུག་ཀྱང་།  དོན་དུ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཕྱི་དངོས་པོ་ལ་མགོ་བོ་གདུགས་བཞིན་མ་འཁོར་ནས་ཕྱི་དངོས་པོ་རྣམས་བརྟག་དཔྱད་བཏང་མཐར་དངོས་པོ་ཐམས་ཅད་ཀྱི་ཕུགས་སེམས་ལ་གཏུག  སེམས་ཀྱི་ཕུགས་སྟོང་པ་ལ་གཏུག་ཅིང་མཐར་ཐུག་གི་དོན་ནི་སྟོང་པ་ཉིད་ཁོ་ན་ལ་གཏུགས་སྟེ་དེ་དོན་སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་བྱས་མཐར་རང་ཉིད་དངོས་པོ་གཞན་ལ་བརྟེན་མི་དགོས་པར་ལུས་སེམས་གར་འགྲོ་རང་དབང་ཐོབ་སྟེ།  གནམ་ལ་བྱ་འཕུར་ཆུ་ལ་ཉ་འཕྱོ་འཕྱོ་ལྟ་བུའི་འབྱུང་བ་ལྔ་ཡིས་འཇིག་པ་བྲལ་བའི་གསང་གྲུབ་རིག་འཛིན་མང་པོ་བྱུང་ཡོད་པ་ནི་རྗེས་ལུས་བག་འཁུམ་ཀྱི་རིག་གནས་ལ་བརྟེན་ནས་བྱུང་བ་ཡིན་ནམ། དེང་དུས་འབྱུང་བའི་འཇིག་པ་བྲལ་རྒྱུ་ཕར་ཞོག་ནམ་མཁའ་ནང་ཙམ་ལ་འགྲོ་དུས་གནམ་གྲུ་སོགས་དངོས་པོ་ལ་མ་བརྟེན་ནས་མི་རང་ཉིད་རང་སྟོབས་ཀྱིས་མཁའ་ལ་བགྲོད་མི་ཐུབ་པ་འདི་ཡར་རྒྱས་ཆེན་པོ་ཞིག་ཡིན་ནམ།  ཕྱོགས་གཅིག་ནས་བསམ་བློ་ཕྱེད་ཙམ་ཞིག་བཏང་པ་མ་ཡིན་པར་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ཚེ།  བོད་གངས་ཅན་ཞིང་ནས་དར་བའི་ཆོས་ལུགས་འདི་དེང་དུས་འཛམ་གླིང་སྤྱི་ཡི་ཆོས་ལུགས་ཞིག་དང་། ཡང་ན་སྡུག་བསྔལ་མི་འདོད་པ་དང་བདེ་བ་ཁོ་ན་འདོད་པའི་འགྲོ་བ་རྣམས་ལ་ཞབས་ཞུ་བླ་ན་མེད་པ་ཞུ་མཁན་གྱི་ཡིད་བཞིན་གྱི་ནོར་བུ་ཞིག་མ་རེད་དམ།  ནུབ་ཕྱོགས་པའི་མཁས་པ་དང་ཚན་རིག་པ་དེ་བཞིན་སྨན་པ་སོགས་མང་པོ་ཞིག་གིས་གཞི་ནས་བོད་ཀྱི་ཆོས་ལུགས་འདི་ཆོས་ལུགས་གཞན་དང་མི་འདྲ་བར་རིག་པའི་ལམ་ནས་འགྲོ་དགོས་པ་ཞིག་མཐོང་བཞིན་པ་དང་།  ད་དུང་གནས་ཚུལ་གཞན་ཞིག་ནི་དེང་དུས་དཔལ་འབྱོར་གྱིས་ཕྱུགས་པའི་ནུབ་ཕྱོགས་པ་མང་དག་ཅིག་ཕྱི་དངོས་པོའི་དཔལ་འབྱོར་གྱིས་ལུས་བདེ་བར་འཚོ་ཡང་།  ནང་རྣམ་རྟོག་འདྲ་མིན་གྱི་རྐྱེན་པས་སེམས་སྐྱིད་པའི་གོ་སྐབས་མེད་པ་སོགས་མང་དག་ཅིག་ནང་པ་སངས་རྒྱས་པའི་གཞུང་ལས་གསུང་པའི་བྱམས་དང་སྙིང་རྗེ་དང་རང་རྒྱུད་ཀྱི་སྡུག་བསྔལ་མྱོང་དང་མྱོང་བཞིན་པ་དེ་དག་མི་རྟག་པའི་རང་བཞིན་དང་སྟོང་པའི་རང་བཞིན་ཡིན་པ་སོགས་བསམ་བློ་ཡང་ཡང་བཏང་རྗེས་སེམས་ཀྱི་ན་ཚ་གསེང་དྲག་ཕྱིན་སོང་ཟེར་མཁན་འབྱུང་དང་འབྱུང་བཞིན་པ་འདི་ལ་སྙོན་འདིང་རྒྱུ་ཡིན་ནམ། མྱོང་བ་མངོན་སུམ་ཚད་མས་གྲུབ་པ་ལ་ཕུ་འདེབས་རྒྱུ་ཡིན་ནམ།  ང་ཚོའི་གཞུང་ལུགས་དག་ལས་གསུངས་བཞིན་ཡར་སངས་རྒྱས་ལ་རེ་ནས་སངས་རྒྱས་ཐོབ་རྒྱུ་མེད་པ་དང་།  མར་ངན་སོང་ལ་དོགས་ནས་མཐར་ངན་སོང་ལ་ལྟུང་རྒྱུ་མེད་པར།  རང་གི་རྣམ་དཔྱོད་རིག་པའི་ལམ་ནས་བསྒྲུབ་དགོས་པ་ཞིག་ཡིན་པ་གསུངས་ཡོད། ལྷག་པར་དུ་ཚན་རིག་མ་བྱུང་བའི་སྔོན་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་མཛད་པའི་གསུང་རབ་དག་ལས་ཕྱི་ཚན་རིག་ལས་ཀྱང་ཟབ་པའི་ཕྱི་ཡུལ་དང་ནང་སེམས་ཀྱི་གནས་སྟངས་ཞིབ་ཅིང་ཕྲ་བ་གསུང་ཡོད་པ་ཀུན་གྱིས་མཐོང་ཡུལ་དུ་གྱུར་པས་དེང་དུས་ཚན་རིག་མཁས་ཅན་མང་པོས་ཡིད་ཆེས་དང་མོས་པ་ཡིད་རངས་བྱེད་དང་བྱེད་བཞིན་པའི་གནས་ཡིན་པ་ཤེས་རྟོགས་མ་བྱུང་ངམ། ཕྱི་ཡུལ་གྱི་གནས་ཚུལ་ཇི་བཞིན་གཏན་ལ་འབེབ་པར་བྱེད་པ་མཛོད་ཀྱི་གཞུང་དང་དེ་བཞིན་ནང་སེམས་ཀྱི་གནས་ཚུལ་གཏན་ལ་འབེབས་པ་མ་རྒྱུད་སངས་རྒྱུད་གསུམ་ལྟ་བུའི་གཞུང་འདི་དག  ང་ཚོ་གངས་ཅན་པ་ཞིག་ལ་མཚོན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སྤྱི་བོའི་གཙུག་ཏུ་བཀུར་འོས་པ་དང་།  འཛམ་གླིང་གཞན་ལ་ཡང་ངོམ་ན་ངོམ་རིན་ཆོག་པ་ཞིག་ཡིན་པ་དང་།  འཛམ་གླིང་གི་མི་རྣམས་དོ་སྣང་གསར་པ་ཞིག་ཡོང་བཞིན་པའི་སྐབས་དེར། བོད་མའི་བླ་དྭགས་སྐམ་པོ་འཛིན་པ་འགའ་ཞིག་གིས་ང་ཚོ་ལ་ཆོས་མི་དགོས།  བོད་ཀྱི་ཆོས་ལུགས་ཀྱིས་མ་འོངས་པའི་བོད་མའི་མདུན་ལམ་ལ་གནོད་ཀྱི་འདུག་ཞེས་པ་སོགས་ཀྱི་བླུན་གཏམ་དེས་རང་གཞན་ཚང་མ་ལ་ཕན་རྒྱུ་ཕར་བཞག  རང་གཞན་གཉིས་ཀ་ཕུང་བའི་གཏམ་ངན་དེ་དག་སྨྲ་བའི་བདུད་ཁ་དང་།  དཀྲོག་གཏམ་དེ་དག་འབྲི་བའི་སྡུག་ལག་ཤོག་ཐོག་ལ་མ་གཡུག་རོགས་མགོ་ནག་བོད་མི་འདི་དག་ལམ་ལོག་པར་མ་འཁྲིད་རོགས་ཞེས་གསོལ་བ་ལན་བརྒྱར་འདེབས་ཏེ་ཞུ་བ་འབུལ་བ་ཡིན།  མདོར་ན་ལྟ་ངན་ལམ་ངན་དེ་དག་རིང་དུ་དོར་ནས་དུས་རབས་ཉེར་གཅིག་པའི་ཆོས་པ་རྣམ་དག་གཅིག་དང་།  འཛམ་གླིང་གི་མི་རྣམས་ལ་ཡང་དག་ཆོས་ཀྱི་ལམ་ནས་ཅི་ནུས་གང་ནུས་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་འབྱུང་ཁམས་ཀྱི་ཞི་བདེ་དང་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་མཁན་གྱི་མི་ཞིག་འགྱུར་ཐུབ་པའི་བྱ་བ་དང་སྨོན་ལམ་འདེབས་རོགས། ཆོས་ལུགས་འདིས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལ་གནོད་པར་གླེང་འདུག་ཀྱང་། དཔེར་ན་རྒྱ་གར་ལ་མཚོན་ན་ཆོས་ལུགས་འདྲ་མིན་ཡོད་པ་དང་། དེ་ཡང་ང་ཚོ་བོད་པ་ལྟ་བུའི་འགྱུར་ཆོག་ཆོག་ཅིག་མིན་པར་ཧ་ཅང་རང་ལྟ་མཁྲེགས་འཛིན་ཆེ་ན་ཡང་། རྒྱ་གར་ནི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆགས་ལ་ཉེ་བ་ཞིག་རེད། རྒྱ་གར་གྱི་ཆོས་ལུགས་དག་གིས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལ་གནོད་ཀྱི་མེད་ན།  བོད་ཀྱི་ཆོས་ལུགས་འདིས་ག་ལ་གནོད། ཨ་རི་དང་ཡོ་རོབ་གཙོས་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་ཡང་བོད་གངས་ཅན་གྱི་ཆོས་ལུགས་འདྲ་བ་བླ་ན་མེད་པ་ཞིག་མེད་ན་ཡང་།  ཆོས་ལུགས་དར་ཁྱབ་ཆེན་པོ་ཡོད་སྐད་འདུག  གལ་ཏེ་ཁྱེད་ཅག་གི་བཤད་པ་བཞིན་བོད་ཀྱི་ཆོས་ལུགས་འདི་མེད་པར་བཟོས་ཏེ་དཔལ་འབྱོར་དང་དེ་བཞིན་ཚན་རིག་སོགས་ལ་འབད་ཁུལ་བྱས་ཚེ། འཛམ་གླིང་རིལ་རིལ་འདིའི་ཐོག་ལ་གངས་ཅན་པ་ཞེས་པའི་མིང་ཙམ་ཞིག་མ་གཏོགས་སྟོར་བར་འགྱུར་ཏེ།  ཆོས་མེད་ཀླ་ཀློ་བདུད་ཀྱི་ཞིང་ཁམས་ཞིག་ཏུ་འགྱུར་ཀྱི་ཡོད་པར་ཚོད་དཔག་བྱེད་མ་མྱོང་ངམ། སྙིང་ལྟ་བུའི་མི་རིགས་ཤིག་ཤི་གསོན་ཆ་མི་འཚལ་བའི་ཉེན་ཚབ་ཅན་གྱི་དུས་སྐབས་འདིར་། གངས་ཅན་པ་རྣམས་འཛམ་གླིང་རིལ་རིལ་འདིའི་ཐོག་ཏུ་རང་སྐྱ་ཐུབ་པ་ཞིག་གནས་དང་མི་གནས་དེ་མཐར་གཏུག་ན་བོད་ཀྱི་རིག་གཞུང་ལ་ཐུག་ཡོད་པ་དང་།  ཆོས་དང་རིག་གཞུང་ཞེས་པ་རྣམས་ཀྱང་མཐར་གཏུག་ན་མི་རིགས་ཀྱི་བསམ་བློའིོ་ཆ་ཤས་གལ་ཆེན་ཞིག་ལ་ཐུག་ཡོད་པར་མངོན། ཆོས་ཀྱི་གངས་ཅན་པ་རྣམས་ཀྱི་མདུན་ལམ་ཤར་བསྐྱོད་བྱེད་པར་གཏན་ནས་མི་གནོད་ལ་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ལུས་སེམས་ཀྱི་འཕྲོད་བསྟེན་ཡང་ཆོས་ལུགས་ལ་བརྟེན་ནས་ཡོང་གི་ཡོད་པ་ལས་སྨན་པ་དང་ཚན་རིག་ཅི་ཙམ་མཁས་ཀྱང་སེམས་ནད་ལ་བཟོ་བཅོས་བྱེད་ཐུབ་ཀྱི་མེད།  ལྷག་པར་དུ་སྔགས་དང་རྫོགས་ཆེན་གྱི་གཞུང་ལུགས་འདི་དག་ཐམས་ཅད་རིག་པའི་ལམ་ནས་གཏན་ལ་འབེབ་དགོས་པ་ལས་རྒྱུ་མཚན་ཅི་ཡང་མེད་པར་སྒྲུང་གཏམ་ནང་བཞིན་ཞིག་གཏན་ནས་མིན་པ་མངོན་སུམ་ཚད་གྲུབ་ཅིག་རེད། དེས་ན་དུས་རབས་ཉེར་གཅིག་པའི་ནང་པ་བ་ཞེས་པ་འདི་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ལྡན་པ་གང་ཞིག་ལ།  གནའ་བོའི་བོད་ཀྱི་རིག་གཞུང་གི་ཤེས་ཚད་ལྡན་པ་ཞིག་དགོས་ཀྱི་ཡོད།  དེ་འདྲ་ཞིག་བྱུང་ཚེ་ང་ཚོ་བོད་པ་རྣམས་རྗེས་ལུས་མི་འགྱུར་ཞིང་ཆོས་མེད་པའི་མཐའ་འཁོབ་ཅིག་དེ་བས་ཀྱང་མི་འགྱུར་བ་འདི་ནི་ཕུལ་དུ་བྱུང་བའི་རིག་གཞུང་འདི་ཡི་ཁྱད་བོན་ཡིན་པ་ཚང་མས་ཤེས་ཤིང་རྟོགས་པར་བྱེད་དགོས་པ་ནི་གལ་གནད་ནང་གི་གལ་གནད་ཆེ་ཤོས་ཤིག་ཡིན་པར་མཐོང་གི་འདུག་ལ་མཐོང་འོས་པ་ཡིན་ནོ།།

བསྟན་པ་དར་རྒྱས་ནས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.