ཧི་བོན་ཟིན་བྲིས།
རང་ཤར་རང་གྲོལ།
སྤྱི་བསྒྲགས།

    འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད། 

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    2627282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ས་མཐའི་གྲྭ་རྐྱང་གི་སྨྲེ་སྔགས།  | 2011/6/27 17:08:00

 

 

༄༅། ས་མཐའི་གྲྭ་རྐྱང་གི་སྨྲེ་སྔགས།

གཅིག་སྟོང་དགུ་བརྒྱ་དགུ་བཅུའི་ལོ་མཇུག་ལ།

རྒྱ་གར་ཡུལ་དུ་མཚན་ཉིད་སྤྱང་དྲན་ནས།

རང་ཡུལ་བཞག་ནས་མི་ཡུལ་ལུང་བར་འཁྱམས།

འོན་ཀྱང་དེ་དུས་ང་ཚོའི་ཁྱིམ་ཚང་ནང་།

རྒན་གོག་གཉིས་དང་ཕྲུག་གུ་འདྲ་མཉམ་དྲུག

ང་ཚོའི་བྱ་བ་ཟ་འཐུང་ཉལ་རྒྱུ་ལས།

དཀའ་བའི་ལས་ལ་སུ་ཡང་འཇུག་མི་ནུས།

ང་ཚོའི་ཉིན་རེའི་ལྟོ་ཆས་མི་འདང་བས།

དེ་འདྲའི་དཀའ་ངལ་ང་ཚོའི་ཁྱིམ་ལ་ཡོད།

ཨ་ཕའི་གདོང་ལ་སྐྱོ་བ་འཛད་མེད་ཅིག

ཨ་མའི་སེམས་ལ་དཀའ་ངལ་གཞལ་མེད་ཅིག

གང་ལྟར་བསམ་གཞིག་ཅི་ཙམ་བྱས་ན་ཡང་།

དེ་དུས་ང་ཚོའི་ནང་གི་དཀའ་ངལ་དེ།

བསམ་ན་ཡ་ངའི་གནས་ཚུལ་སྙིང་རྗེའི་གནས།།

རྒྱ་གར་མཚན་ཉིད་སྤྱང་བར་འགྲོ་བསམ་ནས།

ཨ་ཕར་གནས་ཚུལ་ཆ་ཚང་བཤད་པའི་སྐབས།

ཨ་ཕས་དངུལ་ཁུག་ཕྱི་ལ་བླང་ན་ཡང་།

རྒྱ་སྒོར་ལྔ་བརྒྱ་ལས་ལྷག་སྟེར་རྒྱུ་མེད།

ནང་ལ་རྒྱ་སྒོར་ལྔ་བརྒྱ་ཐམ་པ་ལས།

ཅི་ཡང་མེད་པས་ཕྱི་སྟོང་ནང་སྟོང་རེད།

དེ་དུས་ཨ་ཕའི་མིག་ནས་མཆི་མ་ཟགས།

བུ་ངའི་མིག་ནས་རྫོགས་མེད་མཆི་མ་འཐོར།

རྒྱ་སྒོར་ལྔ་བརྒྱས་ལྷ་སའི་ཡུལ་དུ་གཡུགས།།

དེ་ནས་བཟུང་སྟེ་ཨ་ཞང་དྲིན་ཅན་གྱིས།།

རྒྱ་གར་བར་དུ་འགྲོ་གྲོན་ཆ་ཚང་གནང་།

དེ་ནས་རང་ཡུལ་བྲལ་ནས་མི་ཡུལ་དུ།།

སླེབ་དུས་ངོ་ཤེས་ས་དང་གནམ་མ་གཏོག

གང་ཞིག་ཡོད་པ་གྲྭ་རྐྱང་ངས་མ་མཐོང་།

བལ་བོའི་ཚ་དང་མི་ཚའི་ཐ་སྙད་དག

མི་ཤེས་དེ་དང་དེ་འདྲའི་དཀའ་བསྔལ་མང་།

 

 

ཉིས་སྟོང་བརྒྱད་ལོའི་ཟླ་བ་གསུམ་པ་དང་།

སྤྱི་ཚེས་བཅུ་དགུ་ཉིན་གྱི་དགོངས་མོ་དེར།

ཕ་ཡུལ་ནང་ནས་ཁ་པར་གཏོང་ཤོག་ཟེར།

ཅི་ཡིན་མ་ཤེས་སེམས་ལ་འཕྱང་མོ་ཉུག

དེ་ནས་དགོངས་མོའི་འཆད་ར་གྲོལ་ཚར་ནས།

ཨ་ཕའི་ལག་ཐོག་ཁ་པར་ཨང་གྲངས་ཏེ།

ཐེངས་མ་མང་པོར་མནན་ཀྱང་སྒོ་རྒྱབ་འདུག

དེ་ནས་སེམས་ལ་དོགས་པ་ཞིག་དང་མཉམ།

ཨ་མའི་ལག་ཐོག་ཁ་པར་ཨང་གྲངས་མནན།

དེ་ནས་དས་ཟེར་སྒྲ་དེ་ཐེངས་གཉིས་གྲགས།

བཀྱག་མ་ཐག་ཏུ་ཨ་མའི་ངུ་སྐད་གྲགས།

ག་རེ་བྱས་སོང་ཟེར་ནས་ཨ་མར་དྲིས།

ཨ་ཕ་འཇིག་རྟེན་གཞན་དུ་ཕྱིན་སོང་ཟེར།

གོ་མ་ཐག་ཏུ་དྲན་མེད་ཚོར་མེད་གྱུར།

དེ་ནས་དུས་ཡུན་ཅུང་ཙམ་འགོར་བའི་རྗེས།

ཨ་མ་ང་གཉིས་ངུ་བཞིན་ཅུང་ཙམ་ལུས།

བསམ་བློ་རྣར་དུ་ཕབ་ནས་བསམ་གཞིག་བྱས།

བློ་བུར་ནད་ཀྱིས་མནར་ནས་ཕྱིན་པ་ལ།

སུས་ཀྱང་བྱ་རུ་མེད་པ་དངོས་པོའི་གཤིས།

བྲུ་ཡི་ཨ་ཁྲིད་ཆེན་མོའི་ནང་དུ་ཡང་།

དུས་ལ་བབ་ཚེ་གང་གི་མི་སྡོངས་ན།

གསུངས་པ་སོགས་ལ་བསམ་གཞིག་བྱེད་པ་ལས།

ཅི་ཡང་བྱ་རུ་མེད་པ་སྟོང་པའི་གཟུགས།

དེ་ནས་ཕར་ཆེར་མི་ལོ་གཅིག་གི་རྗེས།

ཨ་ཕ་ཡིད་ལ་འཆར་རྒྱུ་ཉིན་རེར་མང་།

མཚན་མོ་རྨི་ལམ་ནང་ལ་རྟག་ཏུ་འཆར།

བུ་ཆུང་ང་རང་ས་མཐའི་ཡུལ་ན་འཁྱམས།

དྲིན་ཅན་ཨ་ཕ་འཇིག་རྟེན་གཞན་དུ་ཕྱིན།

འོན་ཀྱང་ཆོས་ལྡན་ས་མཐའི་ཡུལ་གྲུ་ནས།

མཇལ་བར་དཀའ་བ་གཡུང་དྲུང་བོན་དང་མཇལ།

འཕྲད་པར་དཀའ་བ་མཁན་སློབ་རྣམ་གཉིས་མཇལ།

སྦྱང་བར་དཀའ་བ་མདོ་སྔགས་རྫོགས་གསུམ་སྦྱངས་།

འདི་ཡི་མཐུ་ཡིས་དྲིན་ཅན་ཕ་ལོ་གཙོས།

མ་གྱུར་འགྲོ་རྣམས་རྫོགས་བྱང་རྒྱུ་རུ་བསྔོ།

འདི་ལ་སྙན་ངག་མཁན་པོའི་ཚིག་གི་བསླད་པ་མེད།

མཁས་པ་མ་ཡིན་ཡིན་མདོག་བྱས་ནས་རྩོམ་པ་མིན།

ཚན་རིག་གློག་གི་འཕྲུལ་ལ་བརྟེན་ནས་གྲུབ་པ་མིན།

སེམས་ལ་བྱུང་བའི་གནས་ཚུལ་ཅི་བཞིན་བྲིས་པ་ཡིན།

 

 

 

 

 

 

 

 

 

Re:ས་མཐའི་གྲྭ་རྐྱང་གི་སྨྲེ་སྔགས། | 2011/7/3 14:14:37
danile202ཁག་མི་འདུག
ང་ཚོ་སུའང་དེར་བརྒྱུད་དགོས་པ་ཞིག་རེད་ཨང་།
Re:ས་མཐའི་གྲྭ་རྐྱང་གི་སྨྲེ་སྔགས། | 2011/7/16 21:56:35
danzengyixi

མཐོང་སོང་མཐོང་སོང་ས་མཐའི་གྲྭ་རྐྱང་གི །
ཐོག་ཏུ་བབས་པའི་གནས་ཚུལ་གསལ་པོ་དེ ། །
ལྷ་གཡག་དར་མས་ཞིབ་ཕྲ་བཀླགས་ནས་ཡོད། །
རྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ཡང་། །
ཤིན་ཏུ་ལེགས་པོ་འདུག་བསམ་ལེགས་འདེམ་བྱས། །
ཁྱེད་དང་གཏན་བྲལ་བྱུང་བའི་དྲིན་ཆེན་ཕ། །
སླར་ཡང་ཁ་བ་ཅན་གྱི་ཞིང་ཁམས་འདིར། །
མགྱོགས་མྱུར་སྐྱེ་བའི་བསྔོ་སྨོན་ལན་མང་བྱས། །
ཁྱེད་ཀྱིས་མུ་མཐུད་འབད་པ་བརྒྱ་ཕྲག་གིས། །
བཅུ་རིག་གནས་ཀྱི་བག་མར་བསུ་བར་རེམས། །
མི་རིང་དགེ་བའི་བཤེས་ཀྱི་མཚན་རྟགས་ཤིག །
བཞེས་ནས་གཡུང་དྲུང་བོན་གྱི་བསྟན་པ་ལ། །
འཛིན་སྐྱོན་སྤེལ་བའི་སྐྱེས་བུ་དམ་པ་ཞིག །
འགྱུར་བའི་རེ་སྒུག་བྱེད་དང་བྱེད་བཞིན་ཡོད། །
ལྷ་གཡག་དར་མས།

གཤམ་དུ་tendhargye་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་ལགས་བཀྲ་དྲིན་ཆེ་ཁྱེད་ཀྱིས་སྨོན་འདུན་བྱས་པ། ང་རང་གི་བྲིས་པའི་གནས་ཚུལ་དེ་རྗོད་བྱ་དང་བརྗོད་བྱེད་གང་ནས་ཐད་ཤིན་ཏུ་ཞན་པ་ཡིན། འོན་ཀྱང་གནས་ཚུལ་དེ་ངོ་ནས་ཡིན། ངས་ཁྱེད་རང་གང་ནས་ཡིན་པ་དང་ཁྱེད་རང་གི་གནས་ཚུལ་གཏད་ནས་ཤེས་ཀྱི་མེད། ཁྱེད་རང་གིས་ང་ལ་ཁྱེད་ཀྱི་གནས་ཚུལ་ཞིག་གསུང་རོགས་གནང་དང་། ཐུགས་རྗེས་གཟིགས།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.