སྐྱབས་མཆོག་ཆུ་གཏེར་དབང་པོ་ལ།
སྒོ་གསུམ་གུས་འདུད་མེ་ཏོག་འཐོར།
རྒྱལ་གསུང་སྙིང་པོ་བཤད་སྒྲུབ་ཀྱི།
བསྟན་པ་ཕྱོགས་བཅུར་རྒྱས་པ་དང་།
མི་ནུབ་སྲིད་མཐར་གནས་ཕྱིར་དུ།
དགའ་སྟོན་གཡང་འབོད་ཚིག་འདི་བརྗོད།
བསྐལ་བཟང་སྲིད་ཞིའི་རྒྱན་གཅིག་རིན་པོ་ཆེ།
བླ་མ་སངས་རྒྱས་བོན་དང་སེམས་དཔའི་ཚོགས།
བསླུ་མེད་སྐྱབས་མཆོག་ཕྱི་ནང་གསང་བ་ཡིས།
སྙིགས་དུས་བསྟན་ལ་བརྩེ་གཟིགས་དགོངས་སུ་གསོལ།
སྤངས་རྟོགས་མཐར་ཕྱིན་གཤེན་ཞལ་གཙང་མའི་བཀའ།
སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བོན་སྒོ་ཡིས།
དོན་གཉེར་སྐྱེས་བུའི་དགའ་སྟོན་ཡོངས་སུ་སྨིན།
མཁའ་ཁྱབ་རིས་མེད་དར་བའིདགེ་གཡང་རྩོལ།
ས་གསུམ་འགྲན་བྲལ་མཉམ་མེད་བླ་མ་ཡི།
རྨད་བྱུང་ལེགས་བཤད་བརྒྱུད་འཛིན་མཆོག་རྣམས་ཀྱི།
མདོ་རྒྱུད་ཀུན་གྱི་སྙིང་པོ་བཤད་སྒྲུབ་བསྟན།
ནུབ་མེད་སྲིད་མཐར་གནས་པའི་དོན་གཡང་སྩོལ།
གངས་རིའི་མུ་ཁྱུད་ཟླུམ་པོ་འཁྱིལ་བའི་ལྗོངས།
བཤད་སྒྲུབ་གཞུང་ལུགས་ཆུ་ཀླུང་འབུམ་འཁྱིལ་བར།
མཁས་གྲུབ་གདེངས་ཅན་ཚོགས་ཀྱིས་རྟགས་རོལ་བའི།
ལེགས་བཤད་བདུད་རྩིའི་བཅུད་བསྡུས་ཕྱ་གཡང་སྩོལ།
སྨིན་གྲོལ་དགོན་སྡེའི་པད་ཚལ་བཞད་པ་ལ།
མཁས་བཙུན་བཟང་པོའི་བཅུད་སྨིན་དྲི་བསུང་འཐུལ།
བསྐལ་ལྡན་སྦྲང་ཚོགས་ཡིད་དབང་ལས་འགུག་པས།
སེམས་དབའ་སྟོང་ཕྲག་གྲངས་མེད་འཕེལ་གཡང་སྩོལ།
ཚངས་སྤྱོད་ཚུལ་ལྡན་ངུར་སྨྲིག་རྒྱན་སྤྲས་པས།
དཔོན་སློབ་ཡོངས་ཀྱི་ཐུགས་མཐུན་ཁྲིམས་གཙང་ཞིང་།
དགེ་སྤྱོར་མཐར་ཕྱིན་སྙན་གྲགས་སྟོང་ཁམས་ཁྱབ།
ཞབས་པད་བསྐལ་བརྒྱར་བརྟན་པའི་ཚེ་གཡང་སྩོལ།
ལེགས་བཤད་འདོམ་ལ་གཞལ་བ་གདོང་ལྔའི་དབང་།
ལུང་རིག་སྒྲུབ་དང་སུན་འབྱིན་སྐད་གསང་དབྱངས།
ཆེར་སྒྲོག་ཕས་རྒོལ་གཉིས་འཐུང་ཚོགས་གཞོམ་པའི།
ཤེས་རབ་རྩལ་རྫོགས་གྲངས་མང་མཁས་གཡང་སྩོལ།
རྣམ་མང་ཟབ་སྟོན་ཤར་རིའི་ཕྲག་གོང་ལས།
ཐོན་པའི་བཅུད་ཕྲག་རིག་པའི་འོད་དཀར་གྱིས།
མོས་ལྡན་བློ་གསལ་ཤེས་བྱ་ཀུན་དྷ་ཡི།
ཚལ་ཆེན་ཡོངས་སུ་རྒྱས་པའི་གྲོལ་གཡང་སྩོལ།
སྡེ་སྣོད་འཛིན་པའི་སྐྱེས་མཆོག་ཙན་དན་ལྗོན།
འཆད་རྩོད་རྩོམ་པའི་དྲི་ཞིམ་ཡལ་འདབས་རྒྱས།
ཐོས་བསམ་སྒོམ་རྟོགས་མཆོག་གི་ལོ་འབྲས་སྨིན།
གྱེར་བསྟན་ཕྱོགས་བཅུར་འཛིན་སྐྱོང་སྤེལ་གཡང་སྩོལ།
བོད་ཉིད་ངོ་བོ་བརྡ་ཡི་ཤེས་རབ་མཚོན།
འགྲོ་ཀུན་བཟོད་དཀའི་སྡུག་ལ་སྤྱོར་བས།
ཀུན་བཏགས་ལྷན་སྐྱེས་སྙིང་ལ་བསྣུན་པ་ཡིས།
ཉོན་མོངས་གཡུལ་ལས་རྒྱལ་བའི་མཐུ་གཡང་སྩོལ།
བསྟན་སྲིད་ཕུན་སུམ་ཚོགས་པའི་རྐང་འཐུང་རྩེར།
དགེ་ལེགས་གསེར་གྱི་སྙེ་མ་གཡུར་ཟ་བས།
བསོད་ལྡན་སེམས་དཔའི་བཀྲེས་པ་རབ་སེལ་ནས།
ས་ལམ་མ་ལུས་བགྲོད་པའི་གཡང་ཁུག་ཅིག
སྲིད་ལ་རྒྱབ་ཕྱོགས་འཁོར་མཚོ་ལས་བསྒྲལ་ཕྱིར།
རྒྱལ་སྲས་སྤྱོད་པ་ཟབ་མོའི་གྲུ་ལ་ཞོན།
ཤེས་རབ་དད་བརྩོན་ཟུང་འབྲེལ་རྒྱག་བཅས་ནས།
ཐེག་མཆོག་ཡིད་བཞིན་ནོར་ལོན་དངོས་གྲུབ་སྩོལ།
སྐྱབས་ཡུལ་ཐུགས་རྗེས་སྨོན་ལམ་མཐུ་གྲུབ་སྟེ།
འགྲོ་ཀུན་བདེ་སྐྱིད་འདོད་དགུའི་གཏེར་ལ་དབང་།
སྲིད་ཞིའི་དཔལ་ཡོན་ལེགས་ཚོགས་གོང་འཕེལ་ནས།
བཤད་སྒྲུབ་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག
དེ་ལྟར་དད་མོས་རྩེ་གཅིག་གི
དག་སྣང་བློ་ཡིས་རབ་བསྐུལ་ནས།
བཤད་སྒུབ་བསྟན་པ་རྒྱས་ཕྱིར་དུ།
སྣང་བཙུན་ནམ་བློའི་མིང་གིས་བྲིས།
ཉེས་ཚོགས་བཤགས་ལ་དགེ་འབྲས་ཀྱིས།
གྱེར་བསྟན་དར་རྒྱས་ཡུན་གནས་ཤོག
དགེའོ། བཀྲ་ཤིས་སོ།
ཁམས་གསུམ་འགྲོ་བའི་བླ་མ་སྣང་ཞིག་ནམ་མཁའ་བློ་གྲོས་དེ་ཉིད་ཀྱིས་མཛད་པའོ།
- ཟིན་ཐོ་གོང་མ།དོགས་སློང་།
- ཟིན་ཐོ་འོག་མ།བྱིང་རྒོད་གཉིས་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པ།