ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/9 11:02:00 | By: ཁྲི་བསོད་བསྟན། ]
 

ཞུ་སྒྲིག་དང་འབྲེལ་བའི་གཏམ།

      དེ་ཡང་རྒྱ་གར་བ་ཕལ་ཆེར་གྱི་བློ་ངོར་བྲམ་ཟེའི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ཞིག་གི་འབྱུང་ཁུངས་ནི་གངས་ཏི་སེ་ལ་ངོས་བཟུང་སྟེ་གངས་སྐོར་དུ་བྱོན་པའི་ལུགས་སྐྱོང་བ་དེས་རྒྱ་གར་བྲམ་ཟེ་བ་དང་སངས་རྒྱས་གཡུང་དྲུང་བོན་གཉིས་ལ་དུས་སྔ་མོ་ནས་འབྲེལ་བ་དམ་ཟབ་ཡོད་པར་དཔོག་པས། ང་ཚོ་བོད་ཀྱི་རིག་གནས་ལོ་རྒྱུས་མཆེད་ཁུངས་ཀྱང་རྒྱ་གར་ཤཱཀྱ་པའི་རིག་གནས་འབའ་ཞིག་ལ་གཞི་བཅོལ་ཏེ་བསྡད་ན་ཁྱབ་ཆུང་བར་སོང་བ་མ་ཡིན་ནམ།
      མི་རིགས་དང་རྒྱལ་རབས་གང་གི་རྣམ་ཐར་ལོ་རྒྱུས་ནི་ད་བཞུགས་ཀྱི་མི་ཚང་མས་ཤེས་པ་གལ་ཆེ་ནའང་སྔོན་བྱུང་གི་འདས་དོན་བཀོད་པའི་ཡི་གེ་མང་པོ་ཞིག་ཤིན་ཏུ་ནས་ཐག་གཅོད་རྒྱུ་དཀའ་མོར་སོང་ཡོད། འོན་ཀྱང་། དེ་ནང་དུ་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་མེད་ཅེས་སུས་ཀྱང་བསྙོན་པར་མི་ནུས་པས་རིགས་སོ་སོའི་ལོ་རྒྱུས་ཀྱི་ཁུངས་བཤད་རྒྱུན་སྐྱོང་བ་ལ་ལོ་རྒྱུས་རིག་པའི་དཔེ་དཀོན་གྲངས་འབོར་མང་དུ་གཏོང་བར་རག་ལས་འདུག
      བློ་རབ་འབྲིང་ཐ་གསུམ་གྱིས་གཟིགས་ན་སྤྱན་འཛུམ་པ། བཟུང་ན་བློར་བདེ་བ། བཏོན་ན་ངག་འཇམ་པའི་ལོ་རྒྱུས་ཀྱི་བཞིན་རས་གསལ་རྗེན་དུ་འཇོག་ཐུབ་མིན་དེ་ཡང་དཀྱུས་མའམ་ངོ་ཆེན་གྱི་དབང་གིས་ཁུངས་ལྡན་པའི་ལོ་རྒྱུས་ལ་རྡོག་པ་འཇོག་པའི་གོ་ས་དང་གནས་སྐབས་བྱིན་མེད་པ་རང་ཡིན། དེ་ནི་རང་གཞན་དང་དགྲ་ཟིན་གྱི་འདུ་ཤེས་ཡོད་པའི་མིའི་རིགས་ལ་མཚོན་ཏེ་ཞུས་ན་ལྟོས་བཅས་ཀྱི་གཟུར་གནས་མ་གཏོགས། ལྟོས་མེད་ཀྱི་གཟུར་གནས་མཁས་པ་ཟེར་བ་མ་ཡིན་ནོ། །
      འདིར་དུས་རབས་ཉེར་གཅིག་གི་བོད་ལྕགས་འབྲུག་ལོ་སྟེ་འབྱུང་ལྡན་སུམ་བརྒྱ་བཅུ་མེད་གཅིག་གི་ཆར། ང་ཚོས་ལེགས་སྤེལ་ཞན་དོར་གྱིས་«སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ»ཞེས་བྱ་བ་གསར་དུ་ཞིབ་བསྡུར་དེབ་གཟུགས་སུ་སྒྲིག་པ་ནི། འཛམ་གླིང་དང་བྱེ་བྲག་ཏུ་བོད་རྒྱལ་རབས་ཀྱི་ལོ་རྒྱུས་ལ་བློས་རྟོན་བྱུང་བའི་གཅིག་གྱུར་གྱི་སྡོམ་ཚིག་ཐོན་པར་ཡིད་ཆེས་དང་རང་དམན་གཞན་བརྟེན་གྱི་བསམ་པའི་ཕྱོགས་ལྷུང་ཅན་དུ་འགྱུར་བའི་མི་རིགས་ཀྱི་རང་ཚུགས་ཉམས་སྐྱོབ་ཐུབ་པའི་སྙིང་ཞེན་ཤུགས་ཆེར་འདོན་རུང་བའི་དགེ་མཚན་བཅས། མི་རིགས་རང་ཉིད་ཀྱི་ཐོག་མའི་ལོ་རྒྱུས་རྒུད་རྐྱེན་གྱི་ངེས་ཟིན་ཐོག་ནས་རྫུན་སྤོང་བདེན་སྒྲུག་གི་དཔྱད་གཞིར་འོས་པའི་དགོས་དོན་ལ་བརྟེན་ཏེ་གསར་དུ་ཁུངས་བསྒྲིགས་བྱས་པ་ཡིན་ཕྱིར། སྔ་རབས་ལོ་རྒྱུས་ལ་ནོར་ཉེས་དང་ཡིག་སྐྱོན་འགའ་རེ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་དག་རྩྭ་ལྟར་དོར་ཞིང་གཞན་སྒྲོས་ཁོ་ནའི་རྗེས་སུ་མི་འབྲང་རྒྱུའི་རེ་འདུན་ནན་གྱིས་ཞུས་ཏེ། འདིའི་རྩ་དོན་དམིགས་ཡུལ་ནི་དཔྱོད་ལྡན་གཞོན་ནུ་རྣམས་ཀྱི་ཡང་དག་པའི་བློ་གྲོས་ཀྱི་སྒོ་མོ་འབྱེད་ཕྱིར་དང་། དེར་འཇུག་པའི་ལམ་སྣེ་དྲངས་ཏེ་ཆ་ཚང་བ། བསླུ་མེད་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གནའ་རབས་བོད་པའི་ལོ་རྒྱུས་ཀྱི་རྩིས་བྱང་གསལ་ཙམ་ཞིག་ཁ་སྐོང་ཐུབ་པའི་ཆེད་དུའང་ཡིན།
      ཞུ་སྒྲིག་གི་ཡིག་ཚང་གཙོ་བོ་ནི་བལ་ཡུལ་དོལ་པོའི་དཔེ་རྙིང་རྗིབ་བྲིས་མ་གཞིར་བཟུང་བ་དང་། སོག་སྤྲུལ་གྲུབ་དབང་བསྟན་པའི་ཉི་མའི་བརྟེན་འགྱུར་བྲིས་ཡིག་ཞན་པར་མ་ཟུར་རྒྱན་དུ་བཞག་ནས་ལོ་རྒྱུས་ཀློག་པ་པོའི་སྤྱན་སྔར་དག་བསྟར་བྱས་པ་ལགས་མོད། མ་ཡིག་སྔ་ཕྱིའི་ལོ་རྒྱུས་ཡིག་རྩིས་ཀྱི་ཐ་སྙད་སྐོར་ཅིག་གཤིབ་བསྡུར་འབད་འབུངས་བྱས་ཀྱང་བརྡར་ཤ་མ་ཆོད་པས་མིང་རེ་རེ་བ་རྣམས་གུག་རྟགས་[ ]སུ་དྲངས་ཏེ་དོགས་དཔྱོད་གདམས་གསེས་ཚུལ་དུ་བཀོད་ཡོད་པས་ལུགས་བཞིན་སྐྱོང་བར་ཐུགས་འཇགས་ཞུ་རྒྱུ་མཁྱེན་དགོངས་མཛོད།
      དཔེ་དཀོན་རྙིང་གྲས་སུ་གྲགས་པའི་ཁ་བྱང་འདི་བསྟན་པ་དར་ནུབ་ཀྱི་དུས་རྐྱེན་སྣ་ཚོགས་ཁྲོད་མ་ནུབ་པར་བཞུགས་པའང་སྔར་མེད་ཀྱི་རིན་ཆེན་རྩ་ཆེ་ཤས་སུ་སོང་བར་གདོན་མི་ཟ་བ་དང་། ལེའུ་བཅུ་གཉིས་ཀྱིས་བྱས་པའི་རྣམ་ཐར་ཆེན་མོ་ཡིས་གནའ་བོའི་རྒྱལ་རབས་ལོ་རྒྱུས་ཀྱི་མེ་ལོང་ནང་གི་བན་བོན་ཆེ་ཐབས་ལ་བདེན་རྫུན་ཟུང་གི་ཤན་འབྱེད་ཉེ་རིང་གི་རིས་འཛིན་གཙོ་བོས་བོད་ཁམས་སྤྱིའི་འཚོ་བའི་རིག་གནས་ལའང་ཕམ་ཉེས་ཀྱི་ཕྱོགས་བསྡོམས་སུ་སོང་བར་གདོན་མི་ཟ་ཞེས་ཞུ་སྒྲིག་ནོར་འཁྲུལ་ཅི་ཡོད་ལ་མཐོལ་བཤགས་དང་དགེ་མཚན་ཕན་བདེ་ཇི་སྙེད་འགྲོ་བའི་སྤྱི་དོན་དུ་སྨིན་པའི་ཐུགས་སྨོན་དང་བཅས་ཞང་བོད་ཤེས་རིག་ཞིབ་འཇུག་ཁང་དུ་སུག་བྲིས་སུའོ། །

དཔེ་སྒྲིག་པས།

 

 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/24 18:50:14 | By: སྐུ་མགྲོན་vAQd72(སྐུ་མགྲོན) ]
 
སྐུ་མགྲོན་vAQd72(སྐུ་མགྲོན)གྲོགས་པོ་ལགས་རབ་ཏུ་ལེགས་པོ་ཞིག་སྒྲུབས་འདུག། དགའ་བསུ་ཞུ།
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/17 23:01:32 | By: yongzhou ]
 
yongzhouགཏེར་ལས་བཞེས་པར་གྲགས་པའི་སྲོལ་རྒྱུན་དཔེ་རྙིང་འདིས་ལྷག་ཆད་སོང་བའི་བོད་པའི་དེབ་ཐེར་དག་ལ་དབུ་འཁྱུད་གསར་པ་ཞིག་གི་གཞོགས་སུ་འདེགས་པ་ཤོག
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/16 23:56:11 | By: snowyouth ]
 
snowyouthའདིར་ཕེབས་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱུང་སྨོན་ལམ་ལགས། དཔེ་དེབ་འདི་ལྕགས་འབྲུག་ལོའི་ལོ་མཇུག་ལ་ཞུ་སྒྲིག་དཔེ་བསྡུར་གྱི་ལས་ཀ་ཡོངས་སུ་གྲུབ་ཟིན་པ་དང་སྒྲིག་པ་པོའི་གཏམ་ཡང་དེ་དུས་བྲིས་ཏེ་དཔེ་སྐྲུན་ཁང་ལ་སྤྲད་པ་ཡིན་སྟབས། ཉེ་ཆར་པར་བསྐྲུན་བགྱི་སྐབས་ལོ་ཚིགས་དེ་ཡང་མ་བཅོས་པར་རང་སོར་བཞག་པ་ཡིན།
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/16 10:57:43 | By: monlam ]
 
monlamགཡུང་དྲུང་སྤུན་གྲོགས་ལགས་ཀྱིས་འདི་ལྟར་ཕྱག་རྗེས་བཞག་པར་ཡི་རངས་དང་བསྔགས་བརྗོད་ཚད་མེད་ཞུ།
གོང་དུ་ “འདིར་དུས་རབས་ཉེར་གཅིག་གི་བོད་ལྕགས་འབྲུག་ལོ་སྟེ་འབྱུང་ལྡན་སུམ་བརྒྱ་བཅུ་མེད་གཅིག་གི་ཆར།” ཞེས་པའི་ལྕགས་འབྲུག་དང་ལྕགས་ཡོས་ནོར་བ་མ་རེད་དམ།
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/15 21:49:35 | By: monlam ]
 
monlamཁྱེད་ཀྱིས་ཕྱག་ལས་དཔེ་ཡག་པོ་གནང་འདུག རྗེས་སུ་ཡི་རངས་གྲངས་མེད་ཞུ།
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/11 10:34:14 | By: སྐུ་མགྲོན་vAQd7H(སྐུ་མགྲོན) ]
 
སྐུ་མགྲོན་vAQd7H(སྐུ་མགྲོན)ཁྲི་བསོད་བསྟན་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མུ་མཐུད་འདི་འདྲ་སྒྲུབ་པའི་རེ་བ་ཆེན་པོ་ཡོད།
 
 
Re:བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས་སྲིད་པ་རྒྱུད་ཀྱི་ཁ་བྱང་།
[ 2011/7/9 17:40:12 | By: danzengyixi ]
 
danzengyixi

མགྱོགས་མྱུར་དུ་མཇལ་བའི་རེ་སྒུག་བྱེད་བཞིན་ཡོད།
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.