ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གངས་ཐིག་ལས་ཆོས་འཁོར་ཚང་གི་གྱེར་འདོན་རྩོམ་ཡིག 
[ 2011/6/29 20:56:00 | By: ཁྲི་བསོད་བསྟན། ]
 

ཆོས་འཁོར་ཚང་ཉི་མ་འོད་ཟེར། 

དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས། 

བལ་ཡུལ་དོལ་པོ་བཀྲ་ཤིས་རྣམ་རྒྱལ་གླིང་གི་དགོན་བདག

༼བོན་སྒོ༽རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ།

 

མིང་དོན་མཚུངས་པའི་མཛད་འཕྲིན་ཨེ་མ་ཧོ།

 

རི་ཆེན་སྟོང་གི་ཕ་ཡུལ་ལམ་ཆུ་ཆེན་ཁྲི་ཡི་འགོ་ཁུངས་ཏེ་ཞང་ཞུང་ཕྱྭ་ཡི་གཡང་རར་གྲགས་པའི་གནའ་བོའི་ཡུལ་ཁམས་གང་གི་བླ་སྲོག་ཏུ་གྱུར་པའི་སྟོད་ཀྱི་གངས་དཀར་ཏི་སེ་ནི་བྱར་ཐོགས་བཅོ་བརྒྱད་སོགས་ཀྱིས་གཙོས་པའི་གནམ་བསྐོས་དག་གིས་མཆོད་གནས་སུ་བཀུར་དོན་ཡང་སྲིད་པའི་བླ་རི་དེ་ལ་ཁ་བའི་རང་མདངས་སུ་ཆགས་པའི་འགངས་གནད་ཅན་གྱི་གདོད་མའི་ཆོས་རིག་དེ་དག་ཁ་འབབ་ཆུ་བོའི་ཟོལ་དུ་བཞུར་ཞིང་ཕྱོགས་ཀྱི་ཡུལ་གྲུ་བརྒྱུད་ནས་ཉི་འོག་གི་རྒྱལ་ཁམས་ཀུན་ཏུ་ཁྱབ་པས་ཡིན།

དངོས་ཡོད་ཀྱི་བྱུང་བ་ལྟར་ན་སྟོད་ཀྱི་གངས་རྒྱལ་འདི་ཉིད་དྲུང་མུ་གྱེར་གྱི་གནས་དམིགས་སམ་འཁྲུངས་ཡུལ་ཉག་གཅིག་ཡིན་ཡང་། རྒྱ་བལ་ཧོར་སོག་རྒྱལ་ཕྲན་དང་བཅས་པའི་ཆོས་རིག་གསར་རྙིང་ཕལ་མོ་ཆེ་ལའང་གངས་རྒྱལ་འདི་དང་འབྲེལ་བའི་བྱུང་བ་རེ་བཤད་རྒྱུན་དུ་སྣང་། དེ་བས་སེང་གེ་གཙང་པོ་ཁད་ཀྱིས་འབབ་པའི་རྒྱུད་དུ་རིག་བྱེད་ཀུན་ལས་སྔ་བ་ངེས་བརྗོད་ཀྱི་བསྟན་བཅོས་ཀྱང་འཕགས་རིགས་སུ་འབོད་པའི་གནའ་བོའི་རུས་ཚོའི་ངག་སྐད་སཾསྐྲྀཏ་ལ་དྲངས་ཏེ་ཆུ་བོ་དེ་དང་ལྷན་དུ་ཧི་མ་ལ་ཡའི་གངས་སུལ་ནས་ལྷོ་ཡི་རྒྱ་གཤོངས་སུ་བབས། འཕགས་རིགས་ཀྱང་དེ་ཕྱོགས་སུ་འཕོས་པས་རྒྱ་ཐང་དེ་ཉིད་ཀྱང་འཕགས་ཡུལ་དུ་གྲགས་ཤིང་། སྐད་ཡིག་ལའང་ལྷ་སྐད་ཅེས་སུ་ཐོགས་པས་མ་ཚད། ཆོས་ཀྱི་བླ་དྭགས་ཀྱང་ཆུ་ཀླུང་དེའི་མིང་ལས་ལོགས་སུ་མེད་པར་གྱུར་པའང་གཏན་ཚིགས་ཡིན་ཡང་ཟེར།

གཞན་དུ་ན་བྱེ་མ་གཡུང་དྲུང་གི་ས་རྟགས་ལས་འགྲོས་བཟང་གྱི་ལིང་ཁ་འབབ་ཤར་དུ་ཕྱོགས་ཏེ་སྒང་པ་བོད་ཀྱིས་སོག་ཁར་འབོད་པའི་ཡར་ཀླུང་ཁོག་དེར་བཞུར། མི་ལོ་ཁྲི་ཕྲག་གི་སྔོན་མས་སུ་གཤེན་རབ་མི་བོ་ཆེ་དང་ཁོང་གི་རྒྱུ་བོན་རྣམས་ཆུ་ལམ་དེ་ཉིད་བརྒྱུད་པའི་ཤུལ་རྗེས་སུ་ཞང་བོད་ལོ་པཎ་དག་གིས་བསྒྱུར་ཞིང་འགྲེལ་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཁག་ཀྱང་ལམ་རྒྱུད་དེ་ནས་བོད་དང་སུམ་པ་དེ་བཞིན་འ་ཞས་གཙོས་པའི་རྒྱ་ཕྲན་ཀུན་ཏུ་འཕེལ། དེ་ལྟའི་བཞུར་རྒྱུན་རིང་བའི་རྟ་མཆོག་ཁ་འབབ་གང་ཉིད་ལྷ་སའི་སྐྱིད་ཆུར་འདྲེས་མཚམས་ཡར་ཀླུང་གཙང་པོར་གྲགས་ཏེ་སྙན་གཡེར་ཅན་དུ་གྱུར་ཀྱང་། འགོ་ཁུངས་གངས་རྒྱལ་ཏི་སེར་མ་འབྲེལ་ཚེ་ལྷོ་མཐའི་རྒྱལ་ཕྲན་དག་གིས་ཀྱང་གཙང་མ་མེས་པོའི་སྲས་མོར་བཀུར་ཞིང་མཆོད་པའང་སྲིད་མཐའ་ཙམ་དུ་ངེས་ཏེ། ཆུ་འགོ་གངས་དང་ཆོས་འགོ་བོན་དུ་གྲགས་པའི་གཏན་ཚིགས་ལའང་གནད་དོན་བདོག་པས་སོ། །

གང་ལྟར་སེང་གེ་གཙང་པོའི་ཤེས་རིག་དང་ཡར་ཀླུང་ཆུ་བོའི་ཆོས་རིག་གང་ལ་བལྟས་ཀྱང་སྟོད་ཀྱི་གངས་རི་རིན་པོ་ཆེ་ནི་ཆུ་རྒྱུད་དེ་དག་གི་འགྲམ་ངོར་འཁྲས་པའི་སྐྱེ་བོའི་སེམས་ངོགས་སུ་བསྐལ་པའི་མཐར་ཡང་འགྱིང་བར་འོས་པའི་གཟི་མདངས་འཚེར་བཞིན་གནས་ལ། ཟིལ་ཤུགས་དེ་ཉིད་ཀྱི་བརྗིད་རྔམ་ལས་ཆོས་རིག་དེ་དག་གི་རྒྱུད་རིམ་དང་འབྲེལ་བའི་གནད་དོན་ཡང་གསལ་བར་མངོན།

གོ་ཐོས་སུ་གནའ་དུས་ཤིག་ན་གསས་མཁར་དཀར་ནག་བཀྲ་གསལ་དུ་རྗེས་བཞག་བསྟན་པའི་བོན་རྣམས་མུ་ཆོས་གཙོས་པའི་སྡུད་འཁོར་དག་གིས་སྒོ་བཞི་མཛོད་ལྔར་ཕྱེས་ཤིང་། བཀའ་ཡི་བོན་དུ་འགྱུར་རོ་ཅོག་ལ་བརྟེན་ནས་དགོངས་སྙིང་བཀྲལ་ཏེ་ཕྱོགས་སུ་བསྒྱུར་ཞིང་བཤད་པར་གྲགས།  དེ་ནས་སྐབས་ཤིག་གཤེན་ཆེན་ཀླུ་དགས་གཙོས་པའི་གཏེར་སྟོན་བརྒྱ་རྩས་ཀྱང་གཡའ་རི་གངས་བྲག་གི་ཁྲི་མུན་དུ་ཚུད་པའི་བོན་སྡེ་ཇི་སྙེད་ཅིག་ཀྱང་གློད་འགྲོལ་གནང་། དེ་མཚམས་སླར་ཡང་བོན་རྣམས་དུས་འགྱུར་གྱི་ཁ་རུ་ཤོར་ནས་ཟད་ལ་ཐུག་སྐབས་སྨན་རིའི་མཁན་སློབ་ཟུང་གིས་གཙོས་པའི་སྐྱེས་ཆེན་རྣམས་ཀྱིས་ལྷོ་རོང་དོལ་པོའི་ཡུལ་གྱི་རིན་བྲལ་གསུང་རབ་གང་དག་འཕྲུལ་དུ་དཔར་ཏེ་ཤར་ནུབ་རྒྱལ་ཁབ་ཀུན་ཏུ་སྤེལ་བར་མཛད།

ད་ཡང་ཀུན་ཀྱང་རང་དོན་སྒྲུབ་གླགས་མེད་པའི་དུས་མཐའ་འདིར་བོད་ཀྱི་ཆོས་རིག་སྤྱི་ལ་ཤ་ཞེན་གྱི་ཐུགས་སྣང་རབ་ཏུ་དཀར་བའི་དཔལ་གཤེན་བསྟན་རྩེ་ཞིག་དགོན་གྱིས་ལྷ་ང་བཙན་པོའི་ཡིག་མཛོད་དུ་ལྷག་ཅིང་། ཤིང་དཔར་དང་བྲིས་མའི་རབས་མཐར་ཐུག་པའི་དཔེ་དཀོན་གྱི་གསུང་རབ་རྣམས་མྱུར་སྐྱོབ་ཀྱི་ལས་ལ་གཞོལ་བར་དགོངས་བཞེས་ཀྱིསགངས་ཏི་སེ་བོན་གཞུང་རིག་མཛོདདུ་དཔེ་ཚོགས་བརྒྱ་ཕྲག་ལྷག་ཅིག་ལེགས་བསྒྲིགས་ངང་འཕྲུལ་དུ་དཔར་ནས་དགོས་མཁོར་རེ་བའི་བོན་འབངས་སྤྱི་དང་རྒྱལ་སྤྱིའི་དོན་གཉེར་ཅན་གྱི་སྤྱན་ལམ་དུ་དངོས་སུ་བསྟར་བ་འདི་ཡང་གངས་དཀར་ཏི་སེའི་ཆོས་རིག་དངོས་ལ་སྲི་ཞུ་བླ་ལྷག་ཏུ་གྱུར་ར་ལྟ་ཅི་སྨོས། བོད་བརྒྱུད་ནང་བསྟན་ཆོས་རིག་གི་སྲོག་རྩའང་སྟོད་ཀྱི་བླ་རི་ཏི་སེའི་ཤེས་རིག་གི་ངོ་བོར་གནས་གཤིས་ཁ་བའི་ལྗོངས་ཀྱི་ཆོས་རིག་བྱིངས་ལའང་ཕན་རླབས་བསྐྲུན་པས་ཡི་རངས་འཆོར།

འདི་ནི་རླབས་ཆེན་གྱི་བྱ་བཞག་གང་ལ་བཅོས་མའི་ཁ་གཡང་འཐེན་པ་ཙམ་ཞིག་མིན་པར་ལས་དོན་འདི་ཉིད་ཀྱི་རྒྱུད་རིམ་ཁྲོད་ཆེས་དཔེ་དཀོན་དུ་གྱུར་འི་མ་ཕྱི་མཁོ་འདོན་དང་ཡིག་བསྟར་དག་ཞུས་བགྱིས་པ་ཁག་ཀྱང་ངོ་ཐོག་གི་རྒྱབ་སྐྱོར་དུ་འབུལ་བའི་ཆོས་འཁོར་ཚང་ཉི་མ་འོད་ཟེར་པསབོནསྒོརྩོམ་སྒྲིག་ཁང་གི་ངོ་མཚོན་ཞུས་ཏེ་མཛད་འཕྲིན་འདི་ཉིད་ལ་ཞུགས་མཁན་འགན་ཡོད་གཙོ་ཕལ་ཀུན་ལ་ཞེ་ཐག་པས་བཀའ་དྲིན་ལེགས་གསོལ་གྱི་དོད་དུ་བཏེགས་པའོ 

 
 
Re:གངས་ཐིག་ལས་ཆོས་འཁོར་ཚང་གི་གྱེར་འདོན་རྩོམ་ཡིག
[ 2013/5/15 20:44:23 | By: zhongsong ]
 
zhongsongནམ་ཡང་གཏན་ཚིགས་སུ་ཆེ་ཞིང་། ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་འདྲ་བའི་གྱེར་འདོན་རྩོམ་ཡིག་འདི་ནི། གངས་ཏི་སེ་ལས་བཞུར་བའི་ཆུ་རྒྱུན་ངོ་མ་མ་ཡིན་ནམ།
 
 
Re:གངས་ཐིག་ལས་ཆོས་འཁོར་ཚང་གི་གྱེར་འདོན་རྩོམ་ཡིག
[ 2013/5/15 13:41:54 | By: nyinchung(སྐུ་མགྲོན) ]
 
nyinchung(སྐུ་མགྲོན)བཀའ་དྲིན་ཆེ།
 
 
Re:གངས་ཐིག་ལས་ཆོས་འཁོར་ཚང་གི་གྱེར་འདོན་རྩོམ་ཡིག
[ 2011/7/27 7:50:50 | By: nyimaw ]
 
nyimawབརྒྱུད་བཀོད་གནང་བར་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.